མཚོ་སྔོན་ཞིང་ཆེན་ནོར་སྲིད་མ་དངུལ་གྱིས་དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བྱས་པའི་གནས་ཚུལ།
2020.09.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

 ཡང་བསྐྱར་ལོ་ལེགས་སྨིན་པའི་དུས་སུ་སླེབས་བྱུང་། སྟོན་རླུང་བསིལ་བུར་ལྡང་བའི་དུས་སུ། ང་ཚོ་གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་ནས། རྩྭ་ཐང་གི་འབྲོག་ཁྱིམ་དུ་བསྐྱོད་པ་ན། ཡུལ་གྲུ་ཀུན་ཏུ་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཁྲོད་བཏོན་པའི་འདེགས་སྐྱོར་ནུས་པའི་སྟོབས་ཤུགས་ཚོར་ཐུབ་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགའ་སྤྲོ་ཟབ་མོ་ཡང་ཚོར་ཐུབ།

དབུལ་ཐར་མཁྲེགས་གཏོར་གྱི་དམག་བརྡ་བཏང་བ་ནས་བཟུང་། ནོར་སྲིད་མ་དངུལ་མང་པོ་འཕྲོ་རིམ་འཕྲོར་དངོས་འབེབས་བྱས་པ་དེ་ནི། ཡངས་པའི་ས་གཞིར་སྦྲང་ཆར་བསིལ་མའི་དངོས་གྲུབ་བསྩལ་བ་ཇི་བཞིན་ཡོད་ཚད་ལ་གསོན་ཤུགས་གསར་བ་རྒྱས་ཡོད།

ཧོང་ཡོན་རྫོང་ཉི་ཟླ་ཡུལ་ཚོའི་པུན་ཁང་སྡེ་བའི་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་ཧྲིན་ཧྲེང་ཧྥུའུ་ཡིས་སེམས་འགུལ་ཐེབས་པའི་ངང་གསར་འགོད་པར་བཤད་རྒྱུར། “2017ལོར། ངས་གཞུང་ལམ་ལམ་རྒྱུད་དུ་རླངས་འཁོར་འཁོར་ལོ་ཞིག་གསོ་བྱེད་ས་ཞིག་གཉེར་བ་ཡིན་ལ། ཚོང་བྲིན་དུས་ལོ་གཅིག་ལ་སྒོར་ཁྲི་བཞི་ལྷག་གི་ཡོང་འབབ་བཙལ་ཐུབ་པ་དང་། 2018ལོར།‘530’གི་དངུལ་བུན་དང་ཁྱིམ་ཚང་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་གྱིས་ཡང་བསྐྱར་འབྲི་གཡག60ལྷག་ཉོས་ཏེ། ཡོང་འབབ་འཕར་བའི་ཐབས་ལམ་གསར་བ་ཞིག་རྙེད། ན་ནིང་ལོར། ངས་སྡེ་བའི་ནང་དུ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་སྐབས་དང་བསྟུན་ནས‘ཞིང་པའི་སྤྲོ་སྐྱིད་ཁང’ཞིག་གཉེར་བ་དང་། ཡོང་འབབ་ཀྱང་སྒོར་ཁྲི2འཕར།”ཟེར།

“ས་ཕྱོགས་གཅིག་གི་ས་ཆུས་དེ་གའི་མི་རྣམས་གསོ་མི་ཐུབ”པའི་གནད་དོན་དོན་དངོས་སྟེང་ཐག་གཅོད་བྱེད་ཆེད་དང་།“རི་མགོའི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་པའི”དབུལ་སྐྱོར་ཐབས་ལམ་ལྟར།   2016ལོར། པུན་ཁང་སྡེ་བའི་ཁྱིམ་ཚང107ལྷག་ལ་ཡུལ་གཞན་དུ་གནས་སྤོ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ།  སྡེ་སྡོད་ལས་བྱེད་རུ་ཁག་གི་ཁྲིད་སྟོན་འོག གནས་སྤར་བའི་པུན་ཁང་སྡེ་གསར་གྱིས་འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། ‘ཞིང་པའི་ས་ཚིགས’བསྐྲུན་པ་དང་། ནོར་ལུག་གསོ་སྤེལ་དང་ཞོར་ལས་ལ་འགྲོ་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། སྡེ་མི་ཁག་ཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས། རྒྱུས་ལོན་བྱས་པ་ལྟར་ན། ན་ནིང་ལོར་པུན་ཁང་སྡེ་བའི་ཁྱིམ་ཚང་དགུ་ཡིས་ནོར་ལུག་འཚོ་གསོ་དེ་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཁྲོད་བཞག་ནས། ལོ་རེར་སྡོམ་པས་སྒོར་འབུམ་གཅིག་ཁྲི་བཞི་ལྷག་གི་ཡོང་འབབ་ཡོད་པ་དང་། ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་ཡོང་འབབ་སྒོར་ཁྲི་གཅིག་སྟོང་ལྔ་འཕར་སྣོན་བྱུང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང25ཡིས‘ཡུལ་སྐོར་གྱི་ཡོང་འབབ་རག་ཐུབ་པ་བྱུང་ཏེ། ཁྱིམ་ཚང་རེར་ལོ་རེར་ཡོང་འབབ་སྒོར4000འཕར་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་མི་རིགས་སྲོལ་རྒྱུན་མཁོ་ཆས་གསར་སྤེལ་ཚད་ཡོད་ཀུང་སི་གསར་འཛུགས་བྱེད་མཁན་བསམ་འགྲུབ་བཀྲ་ཤིས་ནི། ལུག་རྫི་ཆུང་ཆུང་ཞིག་ནས་ནར་སོན་ཏེ་ཀུང་ཟིའི་བདག་གཉེར་པ་ཞིག་ཏུ་གྱུར་བ་དང་། རང་ཉིད་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས། བསམ་འགྲུབ་བཀྲ་ཤིས་ཀྱིས་ཚོར་སྣང་ཟབ་མོས་བཤད་རྒྱུར། “སྲིད་གཞུང་གི་ཡུལ་གཞན་དུ་གནས་སྤོ་བའི་སྲིད་ཇུས་ཀྱིས་ངའི་ལས་དབང་བསྒྱུར་བ་ཡིན”ཟེར།

སྔོན་ཆད་ངས་ལུག་འཚོས་ནས་འཚོ་བ་རོལ་གྱིན་ཡོད་པས།  ས་ཕྱོགས་གང་དུའང་བསྐྱོད་མྱོང་མེད་སྟབས། མི་རིགས་སྲོལ་རྒྱུན་མཁོ་ཆས་གསར་སྤེལ་བྱེད་རྒྱུ་དེ་ཆ་མེད་རྒྱུས་མེད་ཀྱི་བྱ་བ་ཞིག་ཡིན། ཡུལ་གཞན་དུ་གནས་སྤར་རྗེས། ང་རང་རྫོང་གིས་རྩ་འཛུགས་བྱས་པའི་མི་རིགས་མཁོ་ཆས་གསར་སྤེལ་གསོ་སྦྱོང་འཛིན་གྲྭར་ཞུགས་པར་མ་ཟད། རྩེ་ཁོག་རྫོང་མི་རིགས་མཁོ་ཆས་གསར་སྤེལ་ཚད་ཡོད་ཀུང་ཟི་གསར་འཛུགས་བྱས་པ་ཡིན་ལ། ན་ནིང་ལོར་ཐོན་རྫས་རིན་ཐང་སྒོར་ས་ཡ་གཅིག་འབུམ་གསུམ་ལྷག་ལ་བསླེབས་པར་མ་ཟད། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང35ལ་ལོ་རེར་དབུལ་སྐྱོར་མ་དངུལ་སྒོར500རེ་བྱིན་པ་ཡིན་ཞེས་བསམ་འགྲུབ་བཀྲ་ཤིས་ཀྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ཧྲན་མེན་གྱིས་བཤད་རྒྱུར། “2016ལོའི་ཚུན་དུ། ཞིང་ཆེན་ནོར་སྲིད་ཀྱིས་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་རེ་དྲུག་བཏང་ནས་རྫོང38དང་ཞིང་གྲོང266། སྡེ་བ1249དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་གཅིག་སྟོང་དགུ་བཅས་ཀྱི་གནས་སྤོས་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས། དེ་དང་ཆབས་ཅིག་བརྟན་པོར་གནས་ཐུབ་པ་དང་འཕེལ་རྒྱས་འབྱུང་ཐུབ་པ།  དབུལ་ཕོངས་སྡེ་བའི་རང་བྱུང་མི་ཆོས་ཐོན་ཁུངས་གཞིར་བཟུང་ཏེ། མ་དངུལ་སྒོར་དུང་ཕྱིར་ལྔ་བྱེ་བ་བདུན་ས་ཡ་གསུམ་བཏང་ནས། ཡུལ་སྐོར་ཐོན་ཁུངས་ཡོད་པའི་སྡེ་བ208ལ། སྡེ་བ་རེར་སྒོར་ས་ཡ་གསུམ་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལྟར། ཞིང་སྡེའི་ཡུལ་སྐོར་གྱི་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཏ་ཐུང་སྤེན་མ་ལུང་དང་ཧོང་ཀྲུའུ་ཁ་དབྱང་། ཧུའུ་ཀྲུའུ་ཡིག་ཙོས་བན། ལོ་ཏུའུ་མའོ་ཀྲེ།  ཕེན་ཨན་ཡོན་ཅ་སྡེ་བ་སོགས་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་སྡེ་བ་སྐོར་ཞིག་བསྐྲུན་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང3111ལྷག་འཕེལ་རྒྱས་སུ་བཏང་བས། རོང་འབྲོག་མང་ཚོགས་འབུམ་གཅིག་ཁྲི་གཉིས་ལྷག་གིས‘ཡུལ་སྐོར་གྱི་ཁེ་སྤོགས་རག་ཐུབ་པ་བྱུང་བ་དང་། དབུལ་ཕོངས་མི་གྲངས་ཁྲི་གཉིས་ལྷག་ཡུལ་སྐོར་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་ཡོད་ཟེར།

རྨ་ཆུའི་འགྲམ་རྒྱུད་ཀྱི་བདེ་སྐྱིད་སྡེ་གསར་དུ་ཡུལ་སྐོར་བས་ཁེངས་ཡོད། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་མཚོ་སྔོན་འབྲུ་ལྔའི་རི་མོ་གསར་སྤེལ་ཚད་ཡོད་ཀུང་ཟིར་བསྐྱོད་པ་ན། དབང་པོ་སྐྱོན་ཅན་ལྷ་མཚོ་སྐྱིད་དང་ཤ་བོ་རྒྱ་མཚོ། རྣམ་རྒྱལ་སྒྲོལ་མ་བཅས་ཀྱིས་རི་མོ་བཟོ་བཞིན་པ་མཐོང་། མཚོ་སྔོན་འབྲུ་ལྔའི་རི་མོ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་བསོད་ནམས་འབུམ་གྱིས་བཤད་རྒྱུར།“ང་ཚོའི་ཀུང་ཟི་ནི་མཚོ་སྔོན་གྱི་འབྲུ་ལྔའི་རི་མོ་ཞིབ་འཇུག་གསར་སྤེལ་དང་ལས་བཟོ་བྱེད་པའི་ཁེ་ལས་གཅིག་པུ་ཡིན་ལ། རྨ་ལྷོ་ཁུལ་དབང་པོ་སྐྱོན་ཅན་དབུལ་སྐྱོར་ལས་ཞུགས་ཀྱི་རྟེན་གཞི་ཡང་ཡིན། ཀུང་ཟིས་ཐོན་ལས་དང་དབུལ་སྐྱོར་གྱི་འཕེལ་རྒྱས་རྣམ་པས་དབང་པོ་སྐྱོན་ཅན11དང་དབུལ་ཕོངས་ཁྱིམ་ཚང18ལ་ལས་གནས་འདོན་སྤྲོད་བྱས་པར་མ་ཟད། ཁོ་ཚོ་ལག་ཤེས་ཐོན་རྫས་ལས་སྣོན་ལས་རིགས་ལ་ཞུགས་པར་སྐུལ་ཁྲིད་དང་། དཀའ་ཁག་ཆེ་བའི་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་བྱེད་དུ་བཅུག  འདིའི་རིང་ལ། སྲིད་གཞུང་མ་དངུལ་གྱི་རྒྱབ་སྐྱོར་གྱིས་ང་ཚོའི་ཀུང་ཟི་འཕེལ་རྒྱས་འགྲོ་བར་རོགས་རམ་ཆེན་པོ་བྱས་ཡོད”ཟེར།

གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་ཧའེ་དབྱང་གིས་རྫོང་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཐད་བླངས་བའི་གྲུབ་འབྲས་སྐོར་གླེང་སྐབས་བཤད་རྒྱུར།“2016ལོའི་ཚུན་ལ། ནོར་སྲིད་ཀྱིས་སྡོམ་པས་མ་དངུལ་སྒོར་བྱེ་བ་བརྒྱད་ས་ཡ་བདུན་འབུམ་གསུམ་ཁྲི་གཅིག་ལྷག་བདེ་སྐྱིད་སྡེ་བ་འཛུགས་སྐྲུན་བྱེད་པར་བཏང་ཞིང་།  རྫོང་ཁོངས་ཀྱི་ཆ་རྐྱེན་ཞན་པའི་རི་མ་ས་ཁུལ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཚབས་ཆེན་ཡིན་པའི་ཞིང་གྲོང7དང་སྡེ་བ30ཡི་ཁྱིམ་ཚང2551དང་མི946ཡི་དབུལ་ཕོངས་མང་ཚོགས་བཀོད་སྒྲིག་བྱས། མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་བརྒྱད་བཏང་ཏེ། ཤུགས་ཆེན་པོས་དབུལ་སྐྱོར་ཐོན་ལས་གླིང་འཕེལ་རྒྱས་སུ་བཏང་བ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་དབུལ་སྐྱོར་ཐོན་ལས་གླིང་ལག་བསྟར་བྱས། དེའི་ཁྲོད། དུས་སྐབས་དང་པོའི་དབུལ་སྐྱོར་ཐོན་ལས་གླིང་ནི2017ལོའི་ལོ་མཇུག་ཏུ་འཁོར་སྐྱོད་ཚོང་གཉེར་བྱས་ལ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་ལས་གནས་བཀོད་སྒྲིག་སོགས་ཀྱི་རྣམ་པ་བརྒྱུད་ནས། ཁམས་ར་གྲོང་རྡལ་སོགས་ཤིན་ཏུ་དབུལ་བའི་ཞང་གྲོང་6གི་ཁྱིམ་ཚང་343དང་མི1164ཡི་ཆེས་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང200གདན་ཞུས་བཀོལ་སྤྱོད་བྱས། མི་རེའི་ཆ་སྙོམས་ཡོང་འབབ་སྒོར2500འཕར་ལ། དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་བརྟན་འཇགས་ངང་འཕར་བ་མངོན་འགྱུར་བྱུང་། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ཏེ། དབུལ་སྐྱོར་སྡེ་བ34ལ་འོད་ཤུགས་དབུལ་སྐྱོར་ ལས་གཞི་ལག་བསྟར་བྱས་བ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཁོར་ཡུག་སྲུང་སྐྱོབ་སོ་ཕག་བཟོ་གྲྭ་ཐོག་མ་བཙུགས། མ་རྐང་བཞག་ནས་ཁེ་སྤོགས་བགོ་བ་དང་ལས་ཞུགས།  ཞིང་པའི་སྤྲོ་སྐྱིད་ཁང་སོགས་ཀྱི་རྣམ་པ་བརྒྱུད་ནས། ཐོན་ལས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་ནས་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་བ་མ་ཟད།  རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོངས་སུ་མངོན་འགྱུར་བྱུང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ86གི་ཁྱིམ་ཚང2379ཡི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་9103གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལས་གཞིར་རོགས་སྐྱོར་བྱས་པས། རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་སྒོར850ལ་བསླེབས་ཡོད་ཟེར།

མི་འདང་བ་ཁ་གསབ་ནས་འདང་བ་གསར་འཛུགས་བྱེད་དགོས་ལ་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་དགོས། ཐོན་ལས་དབུལ་སྐྱོར་ནི་དབུལ་ཐར་ཕྱུག་འགྱུར་གྱི་ཐབས་ལམ་ཉག་གཅིག་ཡིན་ལ་ཕུགས་ཀྱི་ཐབས་ཇུས་ཡིན་པར་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ངང་འཕར་བའི་ཐབས་ལམ་ཉག་གཅིག་ཀྱང་ཡིན།

ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ཧྲན་མེན་གྱིས་བཤད་རྒྱུར། “དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་འབྲི་གཡག་དང་ནས་ཀྱི་ཐོན་ལས་ལ་སྐུལ་འདེད་བྱས་ཏེ། ཞིང་ལས་དངུལ་ཁང་དང་དངུལ་བུན་སྒོར་དུང་ཕྱུར10ཡི་གྲོས་མཐུན་བཀོད་པ་མ་ཟད། ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུའི་ཡར་སྐུལ་ལྷན་ཚོགས་དང་མཉམ་འབྲེལ་སྒོས་འབྲི་གཡག་ས་ཡ་གཅིག་གི་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ལས་གཞི་ལག་བསྟར་བྱས། དབུལ་སྐྱོར་ལེགས་སྐྱེས་ཆེན་མོ་བྱེ་བ་གཅིག་གིས་ཕྱིར་འཚོང་གྲོས་མཐུན་ཁྱབ་སྤེལ་གྱི་གྲོས་མཐུན་བཀོད། མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོག་པའི་མཚོ་སྔོན་འབྲི་གཡག་སྤྱི་སྤྱོད་ཚོང་རྟགས་ཆེན་མོའི་ཡོངས་བསྒྲགས་ཚོགས་འདུའི་སྟེང་། འབྲི་གཡག་དང་ནས་ཀྱི་ཐོན་ལས་ཀྱིས་དབུལ་ཐར་འབབ་འཕར་གྱི་རིམ་གྲས་གསར་བ་བསྐྲུན་པར་འབད་བརྩོན་བྱས། འོད་ཤུགས་དབུལ་སྐྱོར་གྱི་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་སྤེལ་ཏན་ཏིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་སྡོམ་པས་འོད་ཤུགས་དབུལ་སྐྱོར་གྱི་དམིགས་ཚད་ཀྲའོ་ཝ721.6དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་། “ས་ཁོངས་གསུམ་དང་ཁུལ་གསུམ”གྱི་ཡུལ་སྐོར་ལམ་ཐིག་ཆེ་གྲས་འོས་སྦྱོར་ཟུང་སྦྲེལ་བྱས་ཏེ། ལག་བསྟར་བྱས་པའི་སྡེ་བ208གྱི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ལས་གཞིའི་རིམ་པ་ཇེ་མཐོར་བཏང་ཞིང་། དབུལ་ཕོངས་ཁྱིམ་ཚང་ཁྲི་གཅིག་སྟོང་དྲུག་སུམ་བརྒྱ་དང་མི་གྲངས་ཁྲི་ལྔ་སྟོང་ལྔ་བཞི་བརྒྱར་སྐུལ་ཁྲིད་བྱས། ནུས་ཤུགས་ཡོད་རྒུས་འཚེམ་དྲུབ་དང་ཐང་ག  བོད་ཀྱི་ས་གདན། དངུལ་དང་ཟངས་ཆས་སོགས་གཙོ་བྱས་པའི་མཐོ་སྒང་གི་ཚོང་རྟགས་སྟེ་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་གྲགས་ཅན་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཁྲི8ཙམ་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས2358ཡོད་པའི་སྲིད་འཛིན་སྡེ་བ་རེར་སྒོར་ས་ཡ་གཅིག་བཏང་ཏེ།  སྡེ་བའི་ཐུན་མོང་གི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས།  ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ4146ཁྲོད། 91.3%གྱི་སྡེ་བས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོངས་སུ་མངོན་འགྱུར་བྱས་ཡོད།

ཉེ་བའི་ལོ་འགའི་རིང་། རྩེ་ཁོག་རྫོང་གིས་ཤིན་ཏུ་དབུལ་བའི་གནས་ཚུལ་ལྟར། ཞིང་ཆེན་རིམ་པའི་གནད་འཕིགས་དབུལ་སྐྱོར་ཐོན་ལས་གླིང་དང་རྫོང་རིམ་པའི་ཐོན་ལས་དབུལ་སྐྱོར་འཁོར་ཁང་བཙུགས་ཏེ། ངལ་རྩོལ་པ་དབུལ་པོའི་ལས་ཞུགས་ལས་གནས270ཐག་བཅད་ལ། མི་རེའི་ཆ་སྙོམས་གླ་ཕོགས2000ཡིན། “ཁེ་ལས་དང་མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང”གི་ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་པ་བཙུགས་ཏེ། ཁེ་ལས་ཆེ་གྲས་གསུམ་ཚུར་བཀུག་པ་དང་ས་གནས་ཁེ་ལས་གཉིས་འཛུགས་སྐྱོང་བྱས། དབུལ་ཕོངས་མང་ཚོགས་ལ་ལག་རྩལ་མེད་པ་དང་ཐོན་ལས་ལ་ཚོང་ར་དང་ཚོང་ལམ་མེད་པ་སོགས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། རྩེ་ཁོག་གི་ཚོང་རྟགས་ཕྱིར་སྤེལ་བར་སྐུལ་འདེད་དང་རྩེ་ཁོག་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་པར་སྐུལ་མ་བཏང་།

རྩེ་ཁོག་རྫོང་ནོར་སྲིད་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཞེ་ཨན་པང་གིས་བཤད་རྒྱུར། རྩེ་ཁོག་རྫོང་གི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ཆུང་བ་དང་རྩྭ་ཕྱུགས་འཕེལ་རྒྱས་དོ་མཉམ་མིན་པས། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་དབུལ་ཕོངས་ཀྱི་ཚད་ཟབ་པ། ཡང་བསྐྱར་དབུལ་པོར་འགྱུར་བའི་སྣང་ཚུལ་ཚབས་ཆེ་བ་སོགས་ཀྱི་རྣམ་པ་མངོན་ཡོད། དབུལ་སྐྱོར་བྱེད་པར་དབུལ་ཐར་བྱེད་རོགས་བྱེད་པ་གཙོ་ཡིན་ལ། དབུལ་ཐར་གྱི་ཐབས་ལམ་ཁྲིད་སྟོན་བྱེད་པ་དེ་ལས་ཀྱང་གཙོ་བོ་རེད། རྫོང་གིས་མཁར་གྲོང་ཅན་གྱི་འཕེལ་རྒྱས་དང་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས། ངལ་རྩོལ་ནུས་རྩལ་གསོ་སྦྱོང་། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཞུགས་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། སློབ་གསོ་དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་དང་མ་དངུལ་ལེགས་སྒྲིག་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གནས་སྤོས་རྗེས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གནད་དོན་ཐག་བཅད། འདི་ལྟར། གནས་སྤོའི་ཁྱིམ་ཚང་གིས་བདེ་ལེགས་ངང་ཐོན་སྐྱེད་བསྒྱུར་བར་ཐབས་ལམ་ཡག་པོ་རྙེད་པས། འབྲོག་པའི་ལས་བརྩོན་བདེ་སྡོད་ལ་སེམས་ཁྲལ་བྱེད་མི་དགོས་པ་རེད་ཟེར།

ཉིན་ཞིག་ཡུལ་ཚོ་སྦྲ་དཀར་སྡེ་བ་ནི་སྔོན་ཆད་རྩེ་ཁོག་རྫོང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཞན་པའི་སྡེ་བ་ཞིག་ཡིན་ལ། 2010ལོའི་ལོ་མཇུག་ཏུ་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ནི་སྒོར་3449ལས་མེད་པས། དཔེ་མཚོན་གྱི་ཤིན་ཏུ་དབུལ་བའི་སྡེ་བ་ཡིན། རྩེ་ཁོག་རྫོང་དབུལ་སྐྱོར་ཅུའུ་ཡི་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར།“2011ལོའི་ལོ་འགོར། ང་ཚོས་ཚང་མར་མཉམ་ལས་ཁང་འཛུགས་པའི་གྲོས་གཞི་བཏོན་པ་ཡིན། འབྲོག་ཁྱིམ་ཚོས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་ཁྲོད་བཞག་ལ། མ་རྐང་རེར་སྒོར500ཡིན། ཚང་མས་རྩྭ་སའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་འབུམ་གཉིས་ཁྲི་བདུན་སྟོང་བཞི་བདུན་བརྒྱ་ལྷག་མཉམ་ལས་ཁང་ལ་བསྐྱིས་ཏེ། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་འཁོར་རྒྱུག་ཐད་བཀོལ་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་།  འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་།”ད་ལྟའི་སྦྲ་དཀར་སྡེ་བས་སྒྲིག་བཀོད་ཕྱུགས་སྐྱོང་དང་ཚན་རིག་ཕྱུགས་སྐྱོང་། རྩྭ་ཕྱུགས་དོ་མཉམ། མཐུན་སྦྱོར་འཕེལ་རྒྱས་སོགས་ནང་དོན་གཙོ་བོ་ཡིན་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་བཙུགས་པར་མ་ཟད། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་ཡོང་འབབ་འཕར་སྣོན་གྱི་བར་སྟོང་རྒྱ་སྐྱེད་ལ། བསྟུད་མར་ལོ་བརྒྱད་རིང་ཁེ་འབབ་བགོས། སྡེ་བ་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མགྱོགས་པོར་འཕར། 2018ལོར་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་ལ། མི་རེའི་ཆ་སྙོམས་ཡོང་འབབ་ནི་སྒོར་15530ཡིན། 2012ལོ་ནས་2019ལོའི་བར། མཉམ་ལས་ཁང་གིས་སྡོམ་པས་ཁེ་འབབ་སྒོར་བྱེ་བ་གཉིས་ས་ཡ་གསུམ་འབུམ་དྲུག་ཁྲི་དགུ་ལྷག་བགོས་ཏེ།“ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་རྒྱུ་ནོར་མ་དངུལ་དུ་འགྱུར་བ། མ་དངུལ་རྐང་དངུལ་དུ་འགྱུར་བ། འབྲོག་པ་རྐང་བདག་ཏུ་འགྱུར་བ། ཧྲེ་ཡོན་ལས་མིར་འགྱུར་བ།”བཅས་འགྱུར་བ་དྲུག་གི་གཉེར་སྐྱོང་འདུ་ཤེས་མངོན་འགྱུར་བྱུང་བས། ཞིང་སྡེ་དར་རྒྱས་གཏོང་བའི་མ་དཔེར་གྱུར་ཡོད་ཟེར།

མིག་སྔའི་བདེ་སྐྱིད་ཀྱི་འཚོ་བ་གླེང་སྐབས། དབུལ་ཐར་པ་ཁྲོ་རྒྱལ་འབུམ་གྱིས་མཐེ་བོང་བསྒྲེངས་ནས་བཤད་རྒྱུར།“གུང་ཁྲན་ཏང་ལ་བཀའ་དྲིན་ཆེ། ད་སྐབས་ང་ཚོའི་འཚོ་བ་དངོས་གནས་སྐྱིད”ཟེར།

དགེ་ལོ་ནི་སྦྲ་དཀར་སྡེ་བའི་མཉམ་ལས་ཁང་གི་ཕྱུགས་རྫི་ཡིན་ལ། ལུག350འཚོ་བཞིན་ཡོད། དབྱར་ཐོན་རྗེས། ལས་ལ་བརྩོན་པའི་དགེ་ལོ་ཉིན་རེར་དུས་ཚོད་ལྔའི་སྟེང་མལ་ལས་ལངས་ཏེ། ལུག་ར་གཙང་སྦྲ་བྱེད་པ་དང་དེ་ནས་རྩྭ་ཐང་དུ་སོང་ཏེ་ལུག་འཚོ་བ་རེད། དགེ་ལོས་བཤད་རྒྱུར།“མཉམ་ལས་ཁང་དུ་མ་ཞུགས་སྔོན་ལ། ཁྱིམ་དུ་མི་མང་ལ། རྩྭ་ས་ཆུང་བ། བྱིས་པ་ལོ་ན་ཆུང་བ། ང་དང་བཟའ་ཟླ་གཉིས་ལ་ན་རྒྱུ་མང་སྟེ་ངལ་རྩོལ་ནུས་ཤུགས་མེད་པ་སོགས་ཀྱི་རྐྱེན་གྱིས། འཚོ་བ་ཧ་ཅང་དབུལ། ད་སྐབས་ངེད་བཟའ་ཟླ་གཉིས་ཀྱིས་མཉམ་ལས་ཁང་དུ་ཕྱུགས་འཚོ་བཞིན་ཡོད་པས། ལོ་རེར་ཡོང་འབབ་སྒོར་ཁྲི་དྲུག་བདུན་རེ་ཡོད་པ་མ་ཟད། ཐོན་སྐྱེད་དམིགས་ཚད་ཡོངས་འགྲུབ་བྱུང་ན་དགའ་རྟགས་ཀྱང་ཡོད། ངེད་གཉིས་ཀྱི་ནད་ཀྱང་བཅོས་ཐུབ་པ་བྱུང་བས། ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་སྙིང་སྟོབས་ཀྱང་ཇེ་ཆེར་སོང་།”ཟེར།

“དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་961བཙུགས་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་མང་ཚོགས་ཁྲི་དྲུག་སྟོང་ལྔ་ལྷག་གིས་ཐོན་ཁུངས་རྐང་དབང་དུ་འགྱུར་བ་དང་མ་དངུལ་རྐང་དངུལ་དུ་འགྱུར་བ། འབྲོག་པ་རྐང་བདག་ཏུ་འགྱུར་བ་སོགས་མངོན་འགྱུར་བྱུང་། ནགས་བཟོའི་(རྩྭ་འདེབས་པ)ཆེད་ལས་མཉམ་ལས་ཁང་380གསོ་སྐྱོང་དང་རོགས་སྐྱོར་བྱས། ལོ་ཧྲིལ་པོར། ནགས་བཟོ་ལས་གཞིའི་ལས་གཉེར་པས་རོང་འབྲོག་མང་ཚོགས་ཁྲི་བརྒྱད་སྟོང་གཉིས་ལྷག་སྐུལ་ཁྲིད་བྱས། ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དྲུག་ལྷག་བཏང་ཏེ། སྐྱེ་ཁམས་ལྟ་སྲུང་ལས་གནས་ཁྲི་གཉིས་སྟོང་དགུ་ལྷག་གསར་འཛུགས་བྱས། དེ་དང་ལྷན་དུ། སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ཁག་དོན་ཏུ་འཁྱོལ་བ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམག་འཐབ་ལས་རྒྱལ་ཏེ། དབུལ་ཕོངས་མང་ཚོགས་མང་པོར་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཁེ་ཕན་ཐོབ་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་གཉིས་ཕན་ཚུན་ལ་སྐུལ་རེས་བཟང་པོ་ཐེབས་པ་མངོན་འགྱུར་བྱས་ཡོད་ཟེར།

རྒྱུས་ལོན་བྱས་པ་ལྟར་ན། 2016ལོའི་ཚུན་ལ། ཞིང་ཆེན་ནོར་སྲིད་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། སྡོམ་པས་མ་དངུལ་སྒོར་དུང་ཕྱུར840བཏང་བ་དང་། ལོ་རེར་ཆ་སྙོམས་ཀྱིས་སྒོར་དུང་ཕྱུར210བཏང་བ་དེས།  མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི12.8%ལྷག་ཟིན་ཡོད།  ཁྱོན་ཡོངས་ནས་དབུལ་ཕོངས་རྫོང་གི་སློབ་གསོ་དང་སྨན་བཅོས། ལས་ཞུགས། སྡོད་ཁང་། ཐོན་ལས་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་ཚིས་འགན་སྲུང་ལ་རྒྱབ་སྐྱོར་བྱས་ཏེ།  གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཐབས་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་བྱས། ད་ལྟའི་བར་དུ། ཞིང་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622དང་དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གཉིས་ལྷག་དབུལ་ཕོངས་ལས་ཐར།  དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་རྨང་གཞིའི་འགན་སྲུང་དང་སྤྱི་པའི་ཞབས་ཞུ། ནང་གནས་སྒུལ་ཤུགས་སོགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལོ་ལྔའི་རིང་། ཞིང་ཆེན་ནོར་སྲིད་ཀྱིས་མཐའ་གཅིག་ཏུ་གཏན་འཇགས་འབབ་འཕར་དང་རྒྱུན་མཐུད་འཕེལ་རྒྱས་བྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་གྱི་རྩ་བ་རུ་བཞག་སྟེ།  དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་ཀྱི་སྲིད་ཇུས་མ་ལག་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཆེན་རིམ་པའི་ཆེད་དོན་དབུལ་སྐྱོར་མ་དངུལ་ལོ་རེར20%ཡན་བཏོན་པའི་མ་འཇོག་འགན་སྲུང་རྐྱེན་སྲོལ་བཙུགས། ཞིང་ཆེན་ནོར་སྲིད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐིན་ཀྲང་ཧོའུ་པིས་པོ་ཡིས་བཤད་རྒྱུར། 2020ལོར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་ནི་ཀྲུང་དབྱང་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་བསྡུར་ཚད་ཀྱི་30%ལས་མི་དམའ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། ཞིང་ཆེན་རིམ་པའི་ཆེད་དོན་དབུལ་སྐྱོར་མ་དངུལ་ལོ་ལྟར20%ཡན་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཏེ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་གཏོང་ཆ་མུ་མཐུད་དུ་ཆེ་རུ་བཏང་། ད་ལོར། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་ཉེར་གཅིག་ལྷག་བཀོད་སྒྲིག་བྱས་ཡོད་ལ། 2019ལོ་དང་བསྡུར་ན་སྒོར་དུང་ཕྱུར18ལྷག་གིས་ཇེ་མང་དང་20%འཕར་ཡོད། ང་ཚོས་མུ་མཐུད་དུ་ཐོན་ལས་དབུལ་སྐྱོར་ནི་ནོར་སྲིད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་རྒྱབ་སྐྱོར་ཁ་ཕྱོགས་སུ་བཟུང་ཏེ།  མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས་ཟེར།

ལོ་ཙཱ།དངོས་སྦྱོང་སློབ་མ་བདེ་སྐྱིད་སྒྲོལ་མ།