སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། གངས་ལྗོངས་ས་མཐོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་བོད་ལྗོངས་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས་ཕྱིན་ཆད་ཀྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། མཐུན་སྒྲིལ་ཡར་བརྩོན་གྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་ཡོད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་བོད་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློར་འཆད་འགྲེལ་གནང་བ། དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཡུལ་ཚོ་དྲིན་ཕན་གླིང་སྡེ་ཁུལ་གྱི་ལས་བྱེད་པ་བསོད་ནམས་རྡོ་རྗེས་གསར་འགྱུར་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་སློབ་སྦྱོང་བྱས་ཡོད་པས། ཕྱིན་ཆད་ཀྱི་འཚོ་བར་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད། བསོད་ནམས་རྡོ་རྗེས། ང་ཚོ་མང་ཚོགས་ཚང་མ་ཡུལ་གཞན་ནས་ཡོང་བའི་དབུལ་སྐྱོར་གནས་སྤོས་ཁྱིམ་ཚང་ཡིན། སྤྱི་ལོ་2016ལོར་དྲིན་ཕན་གླིང་སྡེ་ཁུལ་དུ་གནས་སྤོས་བྱས་རྗེས་སྡོད་ཁང་ལ་ལེགས་བཅོས་ཆེན་པོ་བྱུང་སོང་། ལྷག་པར་དུ་སྨན་བཅོས་དང་སློབ་གྲྭར་ཞུགས་རྒྱུ་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད་པས། ང་ཚོའི་སྡེ་ཁུལ་གྱི་མིང་ལ་དྲིན་ཕན་གླིང་ཞེས་བརྗོད་པ་རེད། དྲིན་ནི་ཏང་གི་བཀའ་དྲིན་དང་ཕན་ནི་དམངས་ཕན་སྲིད་ཇུས་ང་ཚོའི་སྡེ་ཁུལ་དུ་དོན་འཁྱོལ་བྱས་པའི་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་འབེན་ལ་བརྩི་དགོས་ཞེས་གསུངས་ཡོད། སྡེ་ཁུལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་རང་ཧ་ཅང་དགའ་པོ་བྱུང་། ང་ཚོའི་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ཀྱི་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། དབྱང་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ལ་གོ་རྟོགས་དེ་བས་མཐོ་བ་བཅས་བྱེད་དགོས། ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ནུས་པ་ཆེར་གཏོང་། སྤྱོད་ཚུལ་སྦྱོང་བརྡར་བཅས་བྱ་དགོས་ཞེས་གསུངས་ཡོད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་འཁོར་དོན་དུམ་བུའི་ལས་བཟོ་པ་ཟླ་སྒྲོན་གྱིས། དེས་རང་ཉིད་ཀྱི་ཕྲག་སྟེང་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པའི་མྱོང་ཚོར་བྱུང་། ས་མཐོའི་ལྕགས་ལམ་བཟོ་པ་ཞིག་ཡིན་པའི་ངོས་ནས། བདག་གིས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱ་ཆེའི་འགྲུལ་པ་དང་ཟོང་བདག་ལ་ང་ཚོའི་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དང་རང་ཉིད་ཀྱིས་འཁུར་འོས་པའི་འགན་འཁྲི་ཡག་པོ་འཁུར་རྒྱུ་ཡིན་ཟེར།
རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་ནི་ཀན་སུའུ་ཡི་དབུལ་ཞྭ་ཕུད་པའི་རྫོང་དང་གྲོང་ཁྱེར་ཁག་དང་པོ་དེ་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། གཙོད་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་བོད་དང་འབྲེལ་བ་ཡོད་པའི་རྫོང་དང་གྲོང་ཁྱེར་ལ་ལས་ཀའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། གཙོད་གྲོང་ཁྱེར་གྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱེད་དགོས་པ་དང་། བྱེད་ཐབས་དེ་བས་མང་པོ་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས། ཐོན་ལས་དར་རྒྱས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ལྷག་པར་དུ་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། དབུལ་སྐྱོར་འཁོར་ཁང་བཅས་ལ་རྒྱབ་སྐྱོར་ཡག་པོ་བྱས་ཐོག ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཟེར།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ཐད་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང་། ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱས་ཏེ། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་འགྱུར་བ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་ས་གནས་དེས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ཡོད། གཅིག་སྒྲིལ་རྫོང་གི་ཏང་ཨུ་ཧྲུའུ་ཅི་གཞོན་པ་བསོད་ནམས་སྐྱབས་མཆོག་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་བྱུང་ཁམས་སྲུང་སྐྱོང་བྱེད་རྒྱུ་ཨང་དང་པོར་འཇོག་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱ་རྒྱུ”དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ནང་བཅུག་པ་དེས་ལས་བྱེད་མང་ཚོགས་ཚོས་རང་བྱུང་ཁམས་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་ཡོད། ང་ཚོས་རང་བྱུང་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཆམ་མཐུན་མཉམ་གནས་ཀྱི་ལམ་སྲོལ་འཛུགས་རྒྱུའི་ནང་ཞུགས་རྒྱུ་ཁ་ཕྱོགས་བྱས་ཏེ། རྩྭ་ཐང་འགན་གཙང་གི་ལས་གཉེར་བརྟན་དུ་གཏོང་བ་དང་། འབྲོག་པས་རང་བྱུང་ཁམས་ཀྱི་ཁྱིམ་ཚང་འབྲོག་ར་དང་། སྨུག་ནག་སྙི་བ་འདེབས་འཛུགས་སོགས་སྣ་མང་ལས་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རང་བྱུང་ཁམས་ལ་ལྟ་སྲུང་བྱེད་པའི་སྤྱི་ཕན་ལས་གནས་གསར་གཏོད་སོགས་བྱ་ཐབས་མང་པོ་བརྒྱུད། ཕྱོགས་ཁག་གིས་རང་བྱུང་ཁམས་ཡག་པོ་མཉམ་འཛུགས་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ་དང་། རང་བྱུང་ཁམས་ལེགས་བཅོས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་སྟེ། སྔོ་ལྗང་རི་ཆུ་དེ་འབྲོག་ཁུལ་མང་ཚོགས་ཕྱུག་འགྱུར་དང་ཕུགས་འདུན་མངོན་འགྱུར་ཡོང་བའི་ཐོན་ཁུངས་ཆེ་ཤོས་དང་བརྟེན་ས་ཆེ་ཤོས་ལ་འགྱུར་བ་བྱེད་དགོས་ཟེར།
སི་ཁྲོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་གི་ཁྲུའུ་དང་པོའི་འགོ་གཙོ་སུང་ཡོང་གིས། སི་ཁྲོན་གྱིས་བོད་འབྲེལ་ས་ཁུལ་གྱི་རང་བྱུང་ཁམས་ཀྱི་བྱེད་ནུས་གཏན་འཁེལ་ཡག་པོ་བྱེད་པ་དང་། སི་ཁྲོན་ནུབ་བྱང་གི་རང་བྱུང་ཁམས་དཔེ་སྟོན་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ཁམས་ཀྱི་སྲུང་ར་བརྟན་པོ་འཛུགས་རྒྱུ་ཡིན། བོད་འབྲེལ་ས་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་བཟང་ཆར་གཞིགས་ཏེ། གཅེས་འཛིན་དང་།རང་བྱུང་ཁམས་ཁམས་སྲུང་སྐྱོང་། རིག་གནས་ཀྱི་ཁྱད་ཆོས་བཅས་ལ་བརྟེན་ནས་རྒྱལ་སྤྱིའི་རང་བྱུང་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་དང་། ས་མཐོའི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་རྟེན་གཞི། རྒྱལ་ཁབ་རིམ་པའི་དྭངས་གཙང་ནུས་ཁུངས་རྟེན་གཞི་བཅས་ཆུ་ཚད་མཐོ་པོས་འཛུགས་སྐྲུན་བྱས་ཏེ། ང་ཚོ་བོད་འབྲེལ་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་ཟེར།
བོད་རང་སྐྱོང་ལྗོངས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་ཨན་ཧུའེ་ཞིང་ཆེན་གྱིས་མ་དངུལ་སྒོར་བྱེ་བ་དགུ་ལྷག་བཏང་ནས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྒྲིག་བཀོད་ལས་གཞི་ཞིག་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་རམ་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་གྱིས་རྣམ་གྲངས་དམ་འཛིན་བྱེད་སར་འཛིན་པ་དང་། མ་དངུལ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བརྒྱུད་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་མཚོ་སྣ་དང་། མཚོ་སྨད། སྣ་དཀར་རྩེ་བཅས་རྫོང་གསུམ་དུ་མཐའ་མཚམས་འབྱོར་འབྲིང་གྲོང་སྡེ་ཁ་ཤས་བསྐྲུན་པ་དང་། ས་གནས་དེ་གའི་རོང་འབྲོག་པའི་སྡོད་ཁང་གི་ཁོར་ཡུག་ལེགས་བཅོས་བྱས་པ། མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཨན་ཧུའེ་ཞིང་ཆེན་གྱི་མཉམ་ལས་སྤེལ་རེས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཏིང་སུང་གིས། ང་ཚོའི་བོད་སྐྱོར་རྣམ་གྲངས་དང་བོད་སྐྱོར་མ་དངུལ་ཡུལ་ཚོ་དང་གྲོང་རྡལ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་ཕྱོགས་ལྷུང་བྱས་ཡོད། གོམ་སྟབས་རྗེས་མར་ཡུལ་ཚོ་དང་གྲོང་རྡལ་དར་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཟུང་འབྲེལ་དེ་བས་མང་པོ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།