རྨ་ཕྱུག་སྡེ་བ་ཕྱུགས་ལས་རྐྱང་བ་ནས་ཐོན་ལས་སྣ་མང་ཅན་གྱི་ཕྱོགས་སུ་བསྐྱོད་པ།
2020.10.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོར་གྲགས་པའི་རྨ་ཆུའི་མགོ་ཁུངས་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཞང་རྨ་ཕྱུག་སྡེ་བ་ནི་གནའ་ནས་དུས་བཞིར་རྩྭ་ཆུའི་འགྱུར་བ་དང་བསྟུན་ནས་གནས་སྤར་ཏེ་ཕྱུགས་ལས་རྐྱང་བ་གཉེར་བཞིན་པའི་འབྲོག་སྡེ་ཞིག་ཡིན་ལ། སྡེ་བ་འདི་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་གནས་པ་དང་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་བཅུ་དྲུག་ཡོད། ས་ཁམས་གནས་ཡུལ་དང་ནམ་ཟླ། ཁོར་ཡུག ཕྱུགས་ལས་ཀྱི་རྨང་གཞི་ཞན་པ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་དཔལ་འབྱོར་འཕེལ་རྒྱས་ཐད་ཚད་བཀག་ངེས་ཅན་ཐེབས་པས། 2016ལོར་ཞིང་ཆེན་རིམ་པའི་དབུལ་ཕོངས་སྡེ་བར་གཏན་འཁེལ་བྱས།

སྡེ་བ་ཐུན་མོང་གི་དཔལ་འབྱོར་ནི་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་ལེགས་ཤོས་ཡིན་པས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་རྡོ་རྗེ་ཡིས་འགན་ལྕི་མོ་དེ་རང་གི་ཕྲག་ཏུ་བླངས་པ་དང་། ཁོས་ཡི་གེ་གཅིག་ཀྱང་མི་ཤེས་རུང་། སྡེ་བར་ཕན་པའི་བྱ་བ་ཞིག་ཡིན་ཚེ་ངེས་པར་བསྒྲུབ་དགོས་པ་རྩ་དོན་དུ་བཟུང་ནས་ཐུན་མོང་གི་ཆེད་དུ་རང་གི་དུས་ཚོད་དང་སྟོབས་ཤུགས་ཡོད་ཚད་བཀོལ་བས་སྡེ་དམངས་ཀྱིས་ཁོ་ལ་ཡིད་ཆེས་བྱས། ལོ་ངོ་དུ་མའི་རིང་གི་འཚོལ་ཞིབ་དང་འབད་པ་བརྒྱུད་མཐར། རྫོང་མཁར་གྱི་ཚོང་རའི་དགོས་མཁོར་བསྟུན་ནས་ཐུན་མོང་དཔལ་འབྱོར་གྱི་ལམ་ཁ་གསར་པ་ཞིག་རྙེད་པ་དང་། ད་ལྟ་སྡེ་བ་འདི་ནོར་ལུག་ཁོ་ན་འཚོ་སྐྱོང་བྱས་ནས་ཡོང་སྒོ་ལེན་པ་ནས་སྡེ་བའི་ཐུན་མོང་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྡེ་བ་ཞིག་ཏུ་གྱུར།

2014ལོར། ཁ་གཏད་རོགས་སྐྱོར་ལས་ཁུངས་སྟེ་ཡུས་ཧྲུའུ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རོགས་དངུལ་སྒོར་མོ་འབུམ་ལྔ་དང་སྡེ་བ་རང་གིས་སྒོར་ས་ཡ་གསུམ་བསྡུས་ནས་ཐོག་མར་རྨ་ཕྱུག་སྣུམ་སྣོན་ས་ཚིགས་གསར་དུ་བཙུགས་པ་དང་། ལོ་རེའི་ཡོང་སྒོ་སྒོར་མོ་འབུམ་གསུམ་ལས་བརྒལ།

2017ལོར། རྨ་ཕྱུག་སྡེ་བ་ཐུན་མོང་གིས་སྒོར་མོ་ས་ཡ་གཅིག་བསྡུས་ནས་རྨ་ཕྱུག་སྐྱེལ་འདྲེན་ཚད་ཡོད་ཀུང་སི་བཙུགས་པ་དང་། ཟི་ལིང་ནས་ན་གོར་མོ་དང་། ཡུས་ཧྲུའུ་ཁུལ་གྱི་རྫོང་དྲུག་བར་གྱི་འགྲུལ་བའི་སྐྱེལ་འདྲེན་འགན་དུ་བླངས་ལ། ལོ་མཇུག་གི་བརྟན་འཇགས་ཀྱི་ཡོང་འབབ་སྒོར་མོ་འབུམ་གཅིག་ལྷག་ལ་སླེབས།

2018ལོར། རྨ་ཕྱུག་མགྲོན་ཁང་གི་སྒོ་ཕྱེས་པ་དང་། འདི་ཡང་སྡེ་བ་རང་གིས་སྒོར་མོ་ས་ཡ་གཅིག་བསྡུས་པ་དང་རྫོང་སྲིད་གཞུང་གི་སྒོར་མོ་འབུམ་གཉིས་ཡི་རོགས་དངུལ་དང་། པེ་ཅིང་གི་ཁ་གཏད་རོགས་དངུལ་སྒོར་མོ་འབུམ་གཉིས་བཅས་གཅིག་ཏུ་བསྡུས་ནས་ལོ་དེའི་ཟླ་བརྒྱད་པར་ཡོངས་སུ་ལེགས་འགྲུབ་བྱུང་ནས་ཚོང་གཉེར་བྱེད་མགོ་བརྩམས་པ་དང་། སྡེ་བའི་དབུལ་ཕོངས་མི་སྣའི་ལས་ཞུགས་གནད་དོན་ཡང་ཐག་གཅོད་གང་ལེགས་བྱས་ཡོད་པར་མ་ཟད། ཡོང་སྒོ་ཡང་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་སོང་བ་དང་། དེ་ལས་གཞན་ད་དུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཉིས་བཙུགས་ནས་བཞོན་མའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་གཏོང་བཞིན་ཡོད་པ་རེད།

ཀྲི་པུའུ་ཧྲུའུ་ཅི་རིན་ཆེན་རྡོ་རྗེ་ཡིས་བཤད་རྒྱུར། 2011ལོར་ངས་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ཡིན་ལ། སྡེ་བའི་ཐོན་ལས་འདི་དག་གི་འབྲེལ་ཡོད་ཡིག་ཆའི་འགྲོ་ལུགས་སྒྲུབ་སྐབས་རང་གིས་རྒྱ་སྐད་དང་ཡི་གེ་མི་ཤེས་བས་དཀའ་ཁག་ཆེན་པོར་འཕྲད་ཀྱང་། ལས་ཀ་སྒྲུབ་ཞོར་དང་སློབ་སྦྱོང་བྱེད་ཞོར་བྱས་པས་ད་ལྟ་རྒྱ་སྐད་ཀྱང་གཞན་གྱིས་བཤད་པ་ཕལ་ཆེར་ཧ་གོ་ཐུབ་ཟེར།

ས་བབ་མཐོ་བ་དང་འཕྲོད་བསྟེན་འདུ་ཤེས་ཅུང་ཞན་པས་མང་ཚོགས་མང་པོར་མཐོ་སྒང་གི་ནད་བྱུང་ནས་དུས་རྒྱུན་གྱི་སྨན་རིན་འགྲོ་སོང་གིས་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཐེབས་ཡོད། གནས་ཚུལ་དེར་གཞིགས་ནས་ཁོ་ཚོས་གོང་རིམ་འཕྲོད་བསྟེན་སྡེ་ཁག་ལ་ཡར་ཞུ་བྱས་ནས་དུས་ཚོད་ངེས་ཅན་ནང་འབྲོག་པ་མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་དྲིལ་སྒྲོག་དང་། སྡེ་བ་གཞུང་གི་ཐོན་ལས་ཀྱི་ཁེ་སྤོགས་ཁྲོད་མི་རེར་ཆ་སྙོམས་ཀྱིས་འགྲོ་སོང་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་བཏང་སྟེ། 2014ལོར་སྡེ་བས་ནད་པ་སུམ་ཅུ་ལྷག་རྩ་འཛུགས་བྱས་ནས་ཟི་ལིང་སྙིང་རྗེ་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱས། གཞན་ཡང་། ལོ་རེར་ནོར་ལུག་དང་རྒན་གསོ། སྨན་བཅོས་འགན་སྲུང་གི་འགྲོ་སོང་ཚང་མ་མང་ཚོགས་རང་ཉིད་ཀྱིས་སྟེར་མི་དགོས་པར་སྡེ་བ་གཞུང་ནས་ཁྱོན་བསྡོམས་སྒོར་མོ་འབུམ་བརྒྱད་ལྷག་སྤྲོད་ཀྱིན་ཡོད། ཐོན་ལས་རེ་ནི་ཕྱུག་འགྱུར་གྱི་ལམ་བུ་རེ་ཡིན་ལ། ཕྱུགས་ལས་རྐྱང་བ་ནས་ཐོན་ལས་སྣ་མང་ཅན་གྱི་ཕྱོགས་བསྐྱོད་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།