ལྗང་མདོག་གི་རི་ཐང་དང་གསེར་མདོག་གི་རེ་སྨོན།
2020.10.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་བའི་ཉིན་འགའི་སྔོན་དུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་ཨོ་རྒྱན་ཚེ་རིང་གི་སེམས་སུ་དགའ་སྤྲོས་ཁེངས་འདུག  མཉམ་ལས་ཁང་གི་སྣུམ་བཙིར་ཁང་གི་བྱ་བ་ཡོད་ཚད་ལེགས་འགྲུབ་འབྱུང་ལ་ཉེ་སྟེ། ཧི་ནན་ཀྲིན་ཀྲིག་ནས་མངགས་ཉོ་བྱས་པའི་སྣུམ་བཙིར་འཕྲུལ་ཆས་དེ་མི་འགྱངས་པར་ཐོན་ཐུབ་པས། སྟོན་སྡུད་བྱ་བ་མཇུག་རྫོགས་རྗེས་སུ་སྣུམ་བཙིར་ཁང་གི་སྒོ་དངོས་སུ་འབྱེད་ཐུབ་ཀྱི་ཡོད་པས་རེད།

གྲ་སྒྲིག་གི་བྱ་བ་ཡོད་ཚད་ཚགས་སུ་ཚུད་པའི་ལྔ་གཅིག་སྡེ་བའི་ལོ་བཞི་འགོར་ཡོད་པའི་གསོ་སྤེལ་ཞིང་ལས་ཆེད་ལས་མཉམ་ལས་ཁང་དེ་མི་འགྱངས་པར་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཐུབ་རྒྱུ་རེད།

སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་གོམ་པ་སྤོས་ཏེ་རྣམ་པ་གསར་བའི་བདག་གཉེར་གྱིས་ནུས་པ་གཙོ་བོ་ཐོན་ཡོད།   ལྔ་གཅིག་སྡེ་བ་རུ་ནོར་བུ་ཚེ་རིང་ཚང་ཁོ་ནར་མཉམ་ལས་ཁང་ཡོད་པ་ཞིག་མིན་ཏེ། ལོ་དགུའི་ཡར་སྔོན་དུ་མིང་ལ་ཞིན་ཧེ་རྫོང་སྟོབས་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེས་པ་ཞིག་བཙུགས་ནས་སྔོན་ལ་ལས་རིགས་དེ་འདྲ་གཉེར་བའི་བསམ་བློའི་སྒོ་མོ་ཕྱེས།

ཚད་ལས་བརྒལ་ཏེ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ནས་རྩྭ་ཕྱུགས་དོ་མཉམ་བྱེད་པ་དང་། ཚན་རིག་ལྟར་གསོ་སྤེལ་བྱེད་པ་སོགས་བརྒྱུད་མཐར་དཔལ་ཁ་རྩྭ་ཐང་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་མི་རེ་རེའི་སེམས་སུ་ཟུག་ཅིང་། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་རིམ་གྱིས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དཔལ་ཁ་གྲོང་རྡལ་གྱི་བྱང་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་སར་ཡོད་པའི་ལྔ་གཅིག་སྡེ་བ་ནི་ཞིང་ཕྱུགས་ཉིས་འཛོམས་ཀྱི་སྡེ་བ་ཞིག་ཡིན་པ་དང་སྡེ་བ་ཡོངས་ལ་ཁྱིམ་ཚང་བཞི་བརྒྱ་ལྷག་ཡོད། ཞིང་ཕྱུགས་གཉིས་ནི་སྡེ་བ་དེའི་ཡོང་སྒོའི་འབྱུང་ཁུངས་གཙོ་བོ་རེད།

ལོ་འགའི་སྔོན་དུ་སྡེ་མི་རྟ་མགྲིན་ཚེ་རིང་གི་བསམ་པར་ཕྱུགས་ཟོག་མང་པོ་གསོ་སྐྱོང་བྱེད་པར་བརྟེན་ནས་ཡོང་སྒོ་ཇེ་མང་དུ་གཏང་རྒྱུ་དེ་དོན་དག་ལེགས་ཤོས་ཤིག་ཡིན་པར་སྙམ་གྱི་ཡོད།  དོན་དངོས་སུ་བཤད་ན་བསམ་ཚུལ་དེ་ནི་རྟ་མགྲིན་ཚེ་རིང་ཁོ་ནར་ཡོད་པ་ཞིག་མ་ཡིན་པར་སྡེ་བའི་ནང་གི་མི་མང་པོ་ཞིག་ལ་བསམ་ཚུལ་དེ་འདྲ་ཡོད་པ་རེད། ཞིན་ཧེ་རྫོང་ལ་མཚོན་ན་མཐོ་འཁྱགས་ས་ཁུལ་དུ་གནས་པས་གནམ་གཤིས་ཀྱི་ཆ་རྐྱེན་ཞན་ལ་རྩྭ་སྐྱེ་བའི་དུས་ཡུན་ཐུང་བས་དགུན་དཔྱིད་ཀྱི་དུས་སུ་ཕྱུགས་ཟོག་ལ་རྩྭ་ཆད་རྒྱག་གི་ཡོད་པ་དེས་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་ནན་མོ་ཐེབས་ཀྱི་ཡོད་པ་རེད། འབྲོག་པ་མང་ཚོགས་རྣམས་ཀྱིས་རིམ་བཞིན་ཤེས་བ་ནི་ཕྱུགས་ཟོག་གི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དེ་ནི། ཁོ་ཚོས་སྔོན་ཆད་དྲན་པ་ནང་བཞིན་རྒྱུ་ཐོག་ཏུ་རྒྱག་ཐུབ་པ་ཞིག་མིན་པའི་ཁར་དེ་ལས་ལྡོག་སྟེ་རྩྭ་ས་ནི་ལོ་རེ་རེ་བཞིན་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་རྟོགས། དེ་བས་ཁོ་ཚོས་ཇི་ལྟར་བྱས་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད།

ཉིས་སྟོང་བཅུ་གཅིག་ལོར། ཐེངས་དུ་མར་ཕྱི་རོལ་དུ་སློབ་སྦྱོང་དང་ལྟ་སྦྱོང་ལ་སོང་མྱོང་བའི་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་སྐལ་བཟང་རྡོ་རྗེ་ཡིས་སྡེ་མི་རྣམས་རྩ་འཛུགས་བྱས་ནས། སྡེ་བའི་ནང་དུ་ཐོག་དང་པོའི་མཉམ་ལས་ཁང་སྟེ་སྟོབས་ལྡན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་རེད།

ང་ཚོའི་ཐོག་མའི་བསམ་འདུན་ནི་མཉམ་ལས་ཁང་བརྒྱུད་དེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱས་ནས། རྩྭ་སའི་གནོན་ཤུགས་སེལ་ཅི་ཐུབ་བྱེད་རྩིས་ཡིན། ཐོག་དང་པོར་སྡེ་མི་རྣམས་ལ་མཉམ་ལས་ཁང་གི་ཆ་རྒྱུས་ཆེན་པོ་མེད་སྟབས་མི་སྐོར་ཞིག་གིས་རྒྱབ་སྐྱོར་བྱས་ནའང་མི་སྐོར་ཞིག་གིས་ངོ་རྒོལ་བྱེད་ཀྱི་འདུག མཉམ་ལས་ཁང་གི་ལས་འཛིན་པའི་འགན་གསར་དུ་ཁུར་བའི་མཁའ་བྱམས་ཚེ་རིང་ནི་སྔོན་ཆད་མཉམ་ལས་ཁང་དེའི་རྩིས་གཉེར་བ་ཡིན་སྟབས་མཉམ་ལས་ཁང་གི་གནས་ཚུལ་མང་པོ་ཞིག་ཁོའི་སེམས་སུ་གསལ་བོར་ཡོད་པས་གསར་འགོད་པར་དེ་ལྟར་བཤད་བྱུང་།

མཉམ་ལས་ཁང་དེའི་ནང་གི་ཁོང་མི་གཞན་དག་དང་བསྡུར་ན་ལོ་ན་ང་བདུན་ལ་སོན་པའི་འཕྲིན་ལས་ཀྱི་འཚོ་བར་དཀའ་ཁག་ཅུང་ཙམ་ཆེ། རྒྱུ་མཚན་ནི་ཁོ་ཚང་ལ་ཞིང་ས་དང་ནོར་ལུག་ཅི་ཡང་མེད་པས་ཁྱིམ་མི་བཞི་བོས་ཁོའི་ཞི་ལུ་སྒོར་སོང་ནས་ཞོར་ལས་གཉེར་ནས་བཙལ་བའི་ཡོང་སྒོ་ཙམ་ལ་བརྟེན་ནས་འཚོ་བའི་རྒྱུན་སྐྱོང་བཞིན་ཡོད་པས་རེད།

ཆེད་ལས་མཉམ་ལས་ཁང་དེ་བཙུགས་རྗེས་སུ་ངས་རང་གི་རྩྭ་ས་སྤྱི་ཆིང་དོན་བདུན་ཡོད་པ་དེ་མཉམ་ལས་ཁང་ལ་མ་རྐང་དུ་བཞག་པ་དང་། ཞོར་དུ་རང་ཉིད་ཀྱིས་ཀྱང་གཙང་སྤྲ་བྱེད་པའི་ལས་ཀ་ཞིག་བཙལ་ཡོད་པས་ལོ་གཅིག་གི་ནང་དུ་ཟླ་ཕོགས་སྒོར་མོ་སྟོང་བཞི་ལེན་ཐུབ་ཀྱི་ཡོད། ངེད་ཚང་ལ་ནོར་ལུག་སོགས་མེད་ཀྱང་མཉམ་ལས་ཁང་གི་ཕྱུགས་ཟོག་རྣམས་འཚོ་སྐྱོང་ལེགས་པོ་བྱས་ན་བགོ་བཤའ་རྒྱག་རྒྱུ་ཡོད་དེ། ན་ནིང་ལོར་མཚོན་ན་ལོ་མཇུག་ཏུ་ང་ལ་བགོ་བཤའ་སྒོར་མོ་ཁྲི་བཞི་དང་སྟོང་བཞི་སུམ་བརྒྱ་དོན་གཅིག་བརྒྱབ་ཅེས་འཕྲིན་ལས་ཀྱིས་དེ་ལྟར་བཤད།

མཉམ་ལས་ཁང་གི་བསོད་ནམས་ཚེ་རིང་ནི་ན་ནིང་བགོ་བཤའ་བརྒྱབ་པ་ཆེས་མང་བ་དེ་ཡིན་ཞིང་། ཁོ་ཚང་ལ་ས་ཞིང་མེད་པའི་དབང་གིས་ལོ་འགའི་སྔོན་དུ་བཟའ་མི་ཚང་མའི་འཚོ་བ་དེ་ཕྱུགས་ཟོག་འཚོ་བར་བརྟེན་ནས་རོལ་བཞིན་ཡོད་པ་རེད། ཉིས་སྟོང་བཅུ་བདུན་ལོར་ཁོས་ཁྱིམ་གྱི་ལུག་ཉིས་བརྒྱ་དང་རྩྭ་ས་སྤྱི་ཆིང་ཉིས་བརྒྱ། དེ་མིན་སྒོར་མོ་ཁྲི་གཅིག་ཡོད་པ་དེ་ཚང་མ་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་དུ་བཞག ཁོ་བཟའ་མི་གཉིས་ཀྱང་མཉམ་ལས་ཁང་དུ་ལས་ཀར་ཞུགས། ཉིས་སྟོང་བཅུ་དགུ་ལོར་ཟླ་ཕོགས་ཀྱི་ཕན་ནས་ཁོ་ཚང་གི་ལོ་མཇུག་གི་ཡོང་སྒོའི་བགོ་བཤའ་དེ་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་རེད།

འདས་པའི་དུས་ཀྱི་ཁྱིམ་ཚང་རེ་རེའི་ཁ་ཐོར་གྱི་བདག་གཉེར་རྣམ་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ནས་མཉམ་ལས་ཁང་གཙོ་བོ་ཡིན་པའི་གཞི་ཁྱོན་ཅན་གྱི་བདག་གཉེར་རྣམ་པར་བསྒྱུར་བ་དེས། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཕན་འབྲས་ཇེ་ཆུང་དུ་མི་འགྲོ་བ་དང་ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བའི་དམིགས་འབེན་རིམ་གྱིས་མངོན་འགྱུར་བྱུང་ཞིང་།  ན་ནིང་མཉམ་ལས་ཁང་གི་ཡོང་འབབ་དེ་སྒོར་མོ་ས་ཡ་དྲུག་དང་འབུམ་བཞི་ཡིན་ཞིང་། ལོ་མཇུག་ཏུ་སྒོར་མོ་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་བགོ་བཤའ་བརྒྱབ་ནས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་སྟོང་བརྒྱད་ཡིན་པ་དང་། དེ་རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་དང་བསྡུར་ན་སྒོར་མོ་སྟོང་བཞི་དང་སུམ་བརྒྱ་ཡིས་མང་དུ་འཕར་ཡོད་ཅེས་མཁའ་བྱམས་ཚེ་རིང་ཡིད་ཆེས་དང་བཅས་ཏེ་བཤད།

རི་ལྗང་ཆུ་དྭངས་ཀྱི་རྣམ་པ་སྲུང་འཛིན་བྱས་ན་ད་གཟོད་གསེར་རི་དང་དངུལ་རི་ཡོད་པ་རེད། མཉམ་ལས་ཁང་གི་ལྗོངས་གཟིགས་སྟེགས་བུའི་སྟེང་བསྡད་དེ་རྒྱང་རིང་ལ་བལྟས་ན། ནས་ཞིང་སྔོན་མོའི་ཕ་མཐའ་ལྟ་བས་མི་དཔོག    དཔལ་ཁ་གྲོང་རྡལ་གྱི་ཞིང་སའི་སྤྱིའི་རྒྱ་ཁྱོན་ལ་གུང་ཆིན་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་སོ་གསུམ་ཡོད་པ་དང་། ལྔ་གཅིག་སྡེ་བའི་ཞིང་སའི་རྒྱ་ཁྱོན་ལ་གུང་ཆིན་སྟོང་གསུམ་དང་བཞི་བརྒྱ་རེ་བདུན་ཡོད།  ལོ་ངོ་བརྒྱད་ཀྱི་རིང་དུ་སྡེ་བའི་ལས་བྱེད་པའི་འགན་ཁུར་བའི་ཨོ་རྒྱན་ཚེ་རིང་གིས་བལྟས་ན་ས་རྒྱ་ཆེ་ཞིང་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེ་བ་ནི་ལྔ་གཅིག་སྡེ་བའི་ཁྱད་སྟོབས་ལེགས་ཤོས་དེ་ཡིན་པར་སྙམ།

ཞིན་ཧེ་རྫོང་གིས་མཐོ་སྒང་གི་སྐྱེ་ལྡན་ལྷད་མེད་ཟོང་རྟགས་ལ་བརྟེན་ནས། སྐྱེ་ལྡན་ཡུག་པོ་དང་སྐྱེ་ལྡན་ནས་དང་ལོག་དཀར་འདེབས་པའི་ཁོར་ཡུག་རྒྱ་བསྐྱེད་པས་མཉམ་ལས་ཁང་གི་འདེབས་འཛུགས་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་སོང་། མཉམ་ལས་ཁང་དེས་གསོ་སྤེལ་ལས་རིགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ།  འདེབས་འཛུགས་ཀྱི་སྒྲིག་གཞི་དེ་སྔར་གྱི་ལོག་དཀར་སོགས་འདེབས་པ་གཙོར་འཛིན་པ་ནས་ད་ལྟ་གཟན་རྩྭ་འདེབས་པ་གཙོར་བཟུང་ནས།  ད་ལོར་ཡུག་པོ་གུང་ཆིན་སུམ་བརྒྱ་སོ་གསུམ་བཏབ་པ་དང་ནས་གུང་ཆིན་དྲུག་ཅུ་རེ་བདུན་བཏབ།

ང་ཚོས་ད་དུང་སྒོར་མོ་ས་ཡ་གཅིག་ལྷག་བཏང་ནས་གཟན་རྩྭ་ལས་སྣོན་བྱེད་སའི་བཟོ་གྲྭ་ཞིག་བཙུགས་ནས། སྒྲིག་བཀོད་གསོ་སྤེལ་གྱི་དགོས་མཁོ་ཕན་འབྲས་ལྡན་པའི་སྒོ་ནས་བསྐངས་ཏེ་གཟན་རྩྭ་རང་མཁོ་རང་འདང་གི་གནས་བབ་མངོན་འགྱུར་བྱེད་བཞིན་ཡོད་ཅེས་མཁའ་བྱམས་ཚེ་རིང་གིས་བཤད།

ཉི་མ་ཚེ་རིང་ནི་ཨོ་རྒྱན་གསོ་སྤེལ་ལས་རིགས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་ཞིག་ཡིན། ཁོ་རང་མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་ཁོའི་འཚོ་བར་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ཞིང་ལས་བྲེལ་བ་ཆེ་བའི་སྐབས་སུ་ཁོས་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཞིང་ཚིགས་སུ་ལས་ལ་བྲེལ་བཞིན་ཡོད་ཅིང་། ཞིང་ལས་ལ་བྲེལ་བ་མི་ཆེ་བའི་སྐབས་སུ་ཁོས་མཉམ་ལས་ཁང་གི་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་ཡོད་པ་རེད། ན་ནིང་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཁོས་སྒོར་མོ་ཁྲི་གསུམ་དང་སྟོང་བདུན་བཙལ་བ་དང་ཕྱུགས་ཚོག་འཚོས་པའི་ཡོང་སྒོ་ནི་སྒོར་མོ་ཁྲི་གསུམ་རེད།  སྔོན་ཆད་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས་ཁོ་ལ་ཡོང་སྒོ་དེ་འདྲ་མང་པོ་ཞིག་མེད།

འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་བསྟུན་ནས་ཨོ་རྒྱན་ཆེ་རིང་གི་མིག་རྒྱང་ཡང་སྔར་ལས་ཇེ་རིང་དུ་འགྲོ་བཞིན་ཡོད་པ་རེད། དཔྱིད་འདེབས་སྟོན་བསྡུའི་བྱ་བ་མཇུག་རྫོགས་རྗེས་སུ་སྡེ་མི་རྣམས་ལ་ཅི་ཡང་ལས་རྒྱུ་མེད་པར་བསྡད་ཡོད། ལས་རྒྱུ་ཅི་ཡང་མེད་ཚེ་ཡོང་སྒོ་འང་གང་ཡང་ཡོད་པ་མ་རེད་ཅེས་ཨོ་རྒྱན་ཚེ་རིང་གིས་བཤད། དེ་བས་ཁོ་ཚོས་ཐེངས་མང་པོར་གྲོས་བསྡུར་བྱས་པ་བརྒྱུད་ནས་མཉམ་ལས་ཁང་དེས་སྣུམ་བཙིར་ཁང་ཞིག་འཛུགས་རྒྱུའི་གྲོས་ཐག་བཅད་པ་རེད།

གལ་ཏེ་ས་ཞིང་མུའུ་གཅིག་གི་ནང་དུ་ལོག་དཀར་གུང་ཆིན་བརྒྱ་ཡོང་བའི་དབང་དུ་བཏང་ན་དེའི་ཡོང་འབབ་སྒོར་མོ་ལྔ་བརྒྱའི་གཡས་གཡོན་རེད། གལ་སྲིད་ལོག་དཀར་དེ་དག་གིས་གཡིས་བཙག་ཚེ་གཡིས་སྤྱི་བརྒྱ་བཞི་བཅུ་བཙག་ཐུབ། གཡིས་སྤྱི་རྒྱ་གང་སྒོར་མོ་བཅུ་བཞི་རེར་བཙོང་བའི་དབང་དུ་བཏང་ན་དེའི་རིན་གོང་སྒོར་མོ་ལྔ་བརྒྱ་དང་དྲུག་ཅུ་ཡིན་ཞིང་། དེའི་ཁར་སྣུམ་སྙིགས་སྒོར་མོ་བརྒྱ་ཐམ་པར་བཙོང་ཚེ། ས་ཞིང་མུའུ་གང་གི་ཡོང་སྒོ་སྒོར་མོ་བདུན་བརྒྱ་རེ་རེད་ཅེས་ཨོ་རྒྱན་ཚེ་རིང་གིས་བཤད།

དེ་ལྟར་རྩིས་གསལ་བོར་བརྒྱབ་རྗེས། ད་ལོར་ཨོ་རྒྱན་ཚེ་རིང་གིས་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་བཏང་སྟེ་མཉམ་ལས་ཁང་རྒྱ་བསྐྱེད་པར་མ་ཟད། མ་རྩ་སྒོར་མོ་འབུམ་བདུན་དང་ཁྲི་བརྒྱད་བཏང་ནས་སྣུམ་བཙིར་འཕྲུལ་ཆས་ཤིག་ཉོས་པ་རེད།   དེས་རྗེས་ཕྱོགས་སུ་མཉམ་ཁང་གི་ཡོང་འབབ་འཕར་སྣོན་འབྱུང་བར་ཕན་པ་ཁོ་ན་ཙམ་མ་ཡིན་པར། ཉུང་མཐར་ཡང་སྡེ་མི་གསུམ་བཞི་ཞིག་ལ་བརྟན་འཇགས་ཀྱི་ལས་གནས་ཤིག་ཀྱང་གཏན་འཁེལ་བྱེད་ཐུབ་པ་རེད། དེར་མ་ཟད་ད་དུང་སྣུམ་སྙིགས་དེ་དག་མཉམ་ལས་ཁང་གིས་གཟན་རྩྭ་ལས་སྣོན་བྱེད་པའི་རྒྱུ་ཆར་འགྱུར་ཐུབ་ཀྱི་ཡོད་པ་རེད།

ཉིས་སྟོང་བཅུ་དགུ་ལོའི་སྔོན་དུ་ཤེས་རབ་རྒྱ་མཚོ་ཚང་གིས་སྔར་བཞིན་ཕྱུགས་ལས་རྐྱང་རྐྱང་གཉེར་བཞིན་ཡོད་པ་རེད། ཕ་རྒན་ལ་སྐྲན་ནད་བྱུང་བའི་རྗེས་སུ་ཁྱིམ་གྱི་འཚོ་བ་དེ་རིམ་བཞིན་རྒུད་མགོ་བརྩམས། ད་ལྟ་ཁོ་ཚང་མཉམ་ལས་ཁང་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ལོ་རེར་སྒོར་མོ་ཁྲི་བཞི་ཡི་བརྟན་འཇགས་ཀྱི་ཟླ་ཕོགས་ཡོད་པར་མ་ཟད་ལོ་མཇུག་ཏུ་ད་དུང་བགོ་བཤའ་ཡང་རྒྱག་རྒྱུ་ཡོད་པ་རེད། མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་བརྟན་འཇགས་ཀྱི་ཡོང་འབབ་ཡོད་པ་དང་རང་ཁྱིམ་གྱི་སྒོ་ཁ་ནས་ཞོར་ལས་གཉེར་ཐུབ་ཀྱི་ཡོད། ཉིན་འགའི་རྗེས་སུ་མཉམ་ལས་ཁང་དུ་སྣུམ་བཙིར་ཁང་གི་སྒོ་ཡང་འབྱེད་རྒྱུ་ཡིན་པས་ད་ལོའི་ལོ་མཇུག་གི་བགོ་བཤའ་ནི་ན་ནིང་ལས་མང་དུ་འཕར་སྲིད་ཟེར་བཞིན་སྡེ་མི་རྣམས་དགའ་སྤྲོས་ཁེངས་འདུག

ཏག་ཏག་ཟླ་ངོ་བརྒྱད་ཀྱི་དུས་ཚོད་ནང་དུ་ཨོ་རྒྱན་ཚེ་རིང་གིས་སྡེ་བའི་ནང་གི་མཉམ་ལས་ཁང་གཞན་དག་དང་མཉམ་འབྲེལ་བྱས་ཏེ་ཁྱིམ་ཚང་ཕྱུགས་ར་སོགས་བཙུགས་ནས། རྗེས་ཕྱོགས་སུ་མཉམ་ལས་ཁང་སོ་སོའི་ཞིང་ཕྱུགས་ཐོན་རྫས་ཚང་མ་གཅིག་གྱུར་སྒོས་ཁྱབ་སྤེལ་དང་ཕྱིར་འཚོང་བྱེད་པར་འབད་བརྩོན་བྱེད་བཞིན་འདུག

                                                                                                               ལོ་ཙཱ་བ། གཡང་འབུམ་རྒྱལ།