དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།
2020.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་དུ་བགྲེང་ནས། དུས་རབས་གསར་བའི་བོད་ལྗོངས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། བོད་ལྗོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་བཏོན་པ་མ་ཟད་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བོད་ཀྱི་ལས་དོན་གྱི་ནང་གནས་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་ཡོད་ལ། ཁ་ཕྱོགས་ཀྱི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་དང་། དེ་ནི་རང་རེའི་ཏང་གིས་བོད་སྐྱོང་བོད་བརྟན་བོད་དར་གྱི་ལེགས་འགྲུབ་ཉམས་མྱོང་ཕྱོགས་སྡོམ་དང་གསར་གཏོད་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བོད་ལྗོངས་ལས་དོན་སྐོར་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གནད་འགག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སྤྱི་འདོམས་སུ་བྱེད་པ་དང་། “ངེས་པར་བཅུ”དེ་བོད་ལྗོངས་ལས་དོན་གྱི་ཕྱོགས་སོ་སོ་དང་གོ་རིམ་སོ་སོར་ཁྱབ་པར་བྱེད་དགོས།

ཏང་གིས་བོད་ལྗོངས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཤར་ལྷོ་ནུབ་བྱང་དབུས་གང་ཡིན་ཡང་ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་གཞི་རྩར་འཛིན་པ་དང་། ཏང་གི་འཛུགས་སྐྲུན་དང་ཁྱད་པར་དུ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནན་བཤད་བྱས་པ་དེས་བོད་ལྗོངས་ལས་དོན་ཁྲོད་ཀྱི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་གོ་གནས་དང་གནད་འགག་གི་ནུས་པ་མངོན་གསལ་དུ་སོང་ཡོད། ལོ་ངོ་བཅུ་ཕྲག་འགའི་རིང་ལ། ཏང་གི་འགོ་ཁྲིད་འོག བོད་ལྗོངས་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་བསྐྱོད་དེ། དབུལ་ཕོངས་རྗེས་ལུས་ནས་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་དབུལ་ཐར་གྱི་རླབས་ཆེའི་བྱ་སྤྱོད་ཡོངས་འགྲུབ་བྱས། ལོ་རྒྱུས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་མེད་པ་དང་། བོད་ལྗོངས་རིགས་སོ་སོའི་མི་དམངས་ཀྱི་ད་ལྟའི་བདེ་སྐྱིད་འཚོ་བ་མེད་པ་གསལ་པོར་མཚོན་ཡོད། དུས་རབས་གསར་བའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་གཞི་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གཟི་བརྗིད་མཉམ་སྤྱོད་ཐུབ་པ་དང་། ཐུན་མོང་གིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་དགོས།

ཏང་གིས་བོད་ལྗོངས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱ་དགོས་པ་དང་། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཞེས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ། “འདུ་ཤེས་བཞི”དང“ཡིད་རྟོན་བཞི།”“སྲུང་སྐྱོང་གཉིས”བཅས་ཏང་ཡོན་དང་ལས་བྱེད་པའི་སེམས་གཏིང་དུ་ངེས་སུ་འཇུག་དགོས་ལ། སྲོལ་གཙང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་། རིམ་པ་ཁག་གི་ལས་བྱེད་མི་སྣ་དང་ལྷག་པར་དུ་ཕུལ་བྱུང་ན་གཞོན་ལས་བྱེད་པ་ཐབས་ལམ་མང་པོའི་ཐོག་ནས་གསོ་སྐྱོང་དང་། ས་ཁུལ་མང་པོ་ནས་བསམ་བློ་བརྗེ་རེས་བྱེད་པ། ལས་གནས་མང་པོ་ནས་སྦྱོང་བརྡར་བྱེད་པར་ཤུགས་བསྣན་ནས་ཏང་ལ་བློ་དཀར་སེམས་དཀར་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ། སྤྱོད་ཚུལ་ལེགས་པ། མི་རིགས་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏོད་ཐུབ་པ་བཅས་ཀྱི་ལས་བྱེད་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱ་དགོས། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་སྔར་ལས་མང་བ་བོད་ལྗོངས་སུ་ཡོང་འདོད་པ་དང་ཡུན་རིང་བོད་ལྗོངས་འཛུགས་སྐྲུན་ཐུབ་པ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་གྱི་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་མི་བྱེད་པའི་མཐའ་ཚད་ནན་སྲུང་བྱེད་དགོས་ལ། རྒྱ་ཆེའི་ཏང་ཡོན་རྣམས་ལ་མར་ཁེ་སིའི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཙན་རྫོང་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྲུན་བྱ་དགོས་པའི་སློབ་གསོ་གཏང་དགོས།

རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱེད་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ལས་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དེས་རང་ཤུགས་ཀྱིས་ཡུན་རིང་བདེ་འགོད་བྱེད་མི་ཐུབ་པ་གསལ་བཤད་བྱས་ཡོད། ངེས་པར་དུ་ཚད་མཐས་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། ཉེན་ཁ་སྣ་ཚོགས་ཞིབ་བཤེར་གཏིང་ཟབ་བྱས་ཏེ། བརྟན་བརླིང་ལ་གནོད་པའི་གནད་དོན་བྱུང་མ་ཐག་ནས་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས་ལ། བོད་ལྗོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་དགོས།

བོད་ལྗོངས་ཡུན་རིང་བདེ་འགོད་བྱེད་པར་ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདོན་རྒྱུར་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། ལག་ལེན་ཁྲོད་སྤྱོད་གོ་ཆོད་པའི་བྱ་ཐབས་དང་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་གཏན་འཁེལ་བཟང་བོ་བྱས་ཏེ། བོད་ལྗོངས་ཀྱི་དོན་དངོས་དང་མཐུན་ལ་སྤྱོད་གོ་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་དང་ལམ་ལུགས་འགན་ལེན་མ་ལག་འཛུགས་པའི་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།   དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་མང་ཚོགས་ལ“མཐུན་སྒྲིལ་དང་བརྟན་བརླིང་ནི་བདེ་སྐྱིད་ཡིན་པ་དང་། ཁ་བྲལ་དང་ཟིང་ཆ་ནི་ཆག་སྒོ་ཡིན་པའི”གནས་ལུགས་གསལ་པོར་བཤད་དེ། སྟོབས་ཤུགས་གཅིག་བསྡུས་སྒོས་མཐུན་སྒྲིལ་དང་བརྟན་བརླིང་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་བྱས་ནས། མང་ཚོགས་རང་འགུལ་སྒོས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཁྲིམས་མཐུན་ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་ཁེ་དབང་བདག་བཟུང་དང་རེ་འདུན་ཞུ་བ། རྩོད་གཞི་ཐག་གཅོད་བཅས་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ལག་ལེན་དུ་བསྟར་དགོས་པ་མ་ཟད། བརྟན་བརླིང་སྲུང་སྐྱོང་གི་རྒྱབ་རི་བརྟན་པོ་ཆགས་པར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་དགུས་རྒྱལ་སྤྱིའི་སྐད་ཆ་བཤད་དབང་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྒྱ་གོ་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་དགོས་ལ། ཕྱི་རྒྱལ་གྱི་ཆབ་སྲིད་དང་ཚོང་དོན་མི་སྣ་དང་ཆེད་མཁས་པ་སྔར་ལས་མང་པོར་བོད་ལྗོངས་ཀྱི་གནས་ཚུལ་དངོས་རྒྱུས་ལོན་བྱེད་དུ་བཅུག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏང་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏང་དགོས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མི་རིགས་གཞུང་ལུགས་ཐད་བཏོན་པའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་དང་མི་རིགས་མཉམ་འདྲེས་ཀྱི་བརྩེ་དུང་གི་འབྲེལ་ཐག་ལྟ་བུ་ཡིན་ལ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་རྡོ་ལྟ་བུ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་དགོས། མིག་སྔར། བོད་ལྗོངས་ཀྱི་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་བྱེད་པ་དེ་ལོ་རྒྱུས་ཐོག་གི་དུས་གང་ཞིག་ལས་ཀྱང་གཏིང་ཟབ་པ་དང་། ནང་ལོག་གི་འཕེལ་རྒྱས་དང་བསྡུར་ན་ཧེ་བག་རིམ་བཞིན་ཇེ་ཆུང་དུ་སོང་ཡོད་པ་མ་ཟད། ཐུན་མོང་གི་རང་བཞིན་དང་གཅིག་མཐུན་གྱི་རང་བཞིན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར། མི་རིགས་སོ་སོ་སེ་འབྲུའི་འབྲུ་གུ་བཞིན་དུ་དམ་པོར་སྦྲེལ་ནས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཡར་རྒྱས་གོང་འཕེལ་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བྱེད་དགོས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། བོད་ལྗོངས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རྒྱལ་དམངས་ཀྱི་སློབ་གསོ་དང་ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་འཇུག་དགོས། མི་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པར་འཛུགས་པ་སྐུལ་ཁྲིད་བྱས་ཏེ། རྒྱུན་ཆད་མེད་པར་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས།  རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་ཆེས་གཏིང་ཟབ་པའི་ངོས་འཛིན་གཅིག་མཐུན་ཡིན། ནུས་ཤུགས་ཡོད་དགུས་མི་རིགས་སོ་སོས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་སོ་སོའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་པ་དང་། བོད་ལྗོངས་ཀྱི་རིག་གནས་ལ་ངོས་འཛིན་བྱ་རྒྱུ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་བརྩི་འཇོག་དང་རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། བོད་ལྗོངས་དང་ནང་ལོག་གི་དཔལ་འབྱོར་དང་རིག་གནས། མི་སྣ་བཅས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། བོད་ལྗོངས་ཀྱི་ཁྱིམ་ཐོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ནང་ལོག་ཏུ་ལས་ཞུགས་དང་འཚོ་བ་རོལ་བར་སྐུལ་འདེད་གཏོང་དགོས་ལ། ཕན་ཚུན་ཞིབ་ཚགས་ཅན་གྱི་སྤྱི་ཚོགས་གྲུབ་ཚུལ་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ནུས་ཤུགས་ཡོད་དགུས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྣམ་པ་གསར་བ་ཞིག་གཏོད་དགོས།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་ལེགས་འགྲུབ་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་བཏོན་པའི་ཚན་རིག་དང་མཐུན་པའི་ཆོད་གཏམ་ཞིག་རེད། བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཐོན་དངོས་ཡིན་ཞིང་། རང་རྒྱལ་གྱིས་གཅིག་གྱུར་སྒོས་མི་རིགས་མང་བའི་རྒྱལ་ཁབ་ཆགས་པའི་བརྒྱུད་རིམ་ཁྲོད་ཧུར་ཐག་གིས་བྱེད་ནུས་འདོན་སྤེལ་བྱས་ཡོད། མིག་སྔར། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སྤྱིའི་ཆ་ནས་བཟང་ལ། དགོན་སྡེ་དང་གྲྭ་བཙུན་མང་ཆེ་བས་བཅའ་ཁྲིམས་ལ་བརྩི་སྲུང་དང་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱ་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་བཞིན་ཡོད་ལ། འོན་ཀྱང་། ཕྱོགས་ཁ་ཤས་ཐད་ད་དུང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་ཡོངས་སུ་མཐུན་ཐུབ་མེད། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་འཇགས། “ངོས་འཛིན་ལྔ”ཇེ་དམ་དུ་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པ། ཆོས་དད་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་པ་བཅས་ཚད་གཞིར་བཟུང་ནས། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། “ཁྲིད་སྟོན”གྱི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་ལ། “ཁྲིད་སྟོན”གྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་སློབ་སྦྱོང་དང་གསོ་སྦྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆོས་དད་མང་ཚོགས་ཀྱིས་གོམས་སྲོལ་སྒྱུར་བ་སྐུལ་ཁྲིད་བྱེད་པ་དང་། དེང་རབས་ཀྱི་སློབ་གསོ་དང་ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས། མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་བཏང་སྟེ་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བའི་དད་སེམས་འཛུགས་པ་དང་སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་རོལ་སྟངས་ཤིག་ཆགས་པར་རོགས་རམ་བྱེད་དགོས། ཆོས་ཁྲིམས་དང་བསྟན་དོན་འཆད་འགྲེལ་བྱ་བ་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭའི་རིག་གནས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། འདུལ་ཁྲིམས་དང་བསྟན་དོན་ཁྲོད་སྤྱི་ཚོགས་ཞི་མཐུན་དང་དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འདུལ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བྱེད་དགོས།

དགོན་སྡེ་དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རང་བཙན་རང་བདག་རང་སྒྲུབ་དང་མངའ་ཁོངས་ཕྱིའི་སྟོབས་ཤུགས་ཀྱིས་ཚོད་འཛིན་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགོན་སྡེའི་དོ་དམ་གྱི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་དགོས། དགོན་སྡེའི་གྲྭ་བཙུན་དགོན་པར་ཞུགས་པ་དང་། སློབ་སྦྱོང་དང་དཔལ་འབྱོར་དོ་དམ། ནོར་ཁྲལ་ལྟ་སྐུལ་དོ་དམ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ་དང་། ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་སླེབས་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། “ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་ཐོན་པ”བཅས་རྒྱུན་འཁྱོངས་བྱས་ཏེ། གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་རིམ་པ་གསུམ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣའི་རིམ་པ་དང་གྲུབ་ཚུལ་ལེགས་བསྒྱུར་བྱས་ཏེ། གཞི་ཁྱོན་འོས་འཚམ་དང་སྤུས་ཀ་ལེགས་པ། སྐས་རིམ་ལུགས་མཐུན་བཅས་ཀྱི་གཞི་རིམ་དགེ་རྒན་དང་ལས་སྒྲུབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་དགོས་ལ། བསམ་བློའི་ཀུན་སྤྱོད་མཐོ་བའི་གྲྭ་བཙུན་ཁག་ཅིག་ཀྱང་གསོ་སྐྱོང་བྱ་དགོས།

བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱ་དགོས་ན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་ལ་དམིགས་ནས། འཕེལ་རྒྱས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུ་ནས་མགོ་བརྩམས་ཏེ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ་དང་། ལམ་ལུགས་དང་ལམ་སྲོལ་འགན་སྲུང་དུ་བྱེད་པ། གཅིག་གྱུར་འཆར་འགོད་དང་རིགས་དབྱེ་ཇུས་བསྟར། གནད་འཁེལ་ཤུགས་འདོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། རྒྱས་བཤད་གལ་ཆེན་འདིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་གང་ཞིག་ཡིན་པ་དང་། ཇི་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་གཞི་རྩའི་གནད་དོན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་ཡོད་པ་དང་། ང་ཚོའི་ཏང་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་བོད་ལྗོངས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་གཞི་རྩའི་མཛུབ་ཁྲིད་ཅིག་རེད།  བོད་ལྗོངས་ཀྱི་འཕེལ་རྒྱས་ཐད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཐད་ཀྲུང་དབྱང་གིས་བླང་བྱ་ནན་པོ་བཏོན་མེད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ཐད་ནུས་པ་འདོན་པར་བླང་བྱ་གསལ་པོ་བཏོན་ཡོད། དེ་ནི་འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱེད་པའི་དོན་སྙིང་དང་ལྡན་ལ། གཅིག་གྱུར་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་པ། དམངས་ཚིས་ལེགས་བཅོས་དང་མིའི་སེམས་གོང་བུར་འགྲིལ་བར་དོན་སྙིང་ལྡན་དགོས་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།

མགྱོགས་མྱུར་སྒོས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པར་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་རེད། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཏེ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་རོགས་སྐྱོར་མི་འདོར་བ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་འདོར་བ་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། དབུལ་བོར་བསྐྱར་ལོག་ལ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། ཁྱད་པར་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། གཙོ་གནད་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་པ་དང་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་སྔར་ལས་མང་བ་འཛུགས་སྐྲུན་བྱ་དགོས། གནད་འགག་ནི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དང་། ལོ་བཅོ་ལྔ་ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མུ་མཐུད་ལག་བསྟར་བྱ་རྒྱུ་དེ་ཡིན་ལ། སློབ་གསོ་དང་སྨན་བཅོས། རིག་གནས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས། ཚད་མཐའ་ནི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་མི་གཏོང་བ་རིན་ཐང་དུ་བརྩིས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གོ་གནས་སུ་འཇོག་པ་དང་། མཐོ་སྒང་གི་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་བྱས་ནས། མདོ་དབུས་མཐོ་སྒང་ལ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་གོ་གནས་ཞིག་བསྐྲུན་ཡོད། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱིས་མདོ་དབུས་མཐོ་སྒང་ལ་ཐེབས་པའི་ཤུགས་རྐྱེན་ཡང་དག་པར་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་ལེགས་བཅོས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཕྱོགས་མང་པོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་སྔར་ལས་ལེགས་པོ་བྱས་ནས། སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་པའི་འཁོར་རྒྱུག་བཟང་པོའི་ཡུན་ཕན་ལམ་སྲོལ་ཆགས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་མི་རིགས་སོ་སོའི་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་དར་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།