རྩྭ་ཐང་ནས་གྲོང་ཁྱེར་དུ་གནས་སྤར་བ།
2020.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ད་ལོར་ལོ་ང་བཞི་ལ་སོན་པའི་ཚེ་ལྷ་འབུམ་གྱིས་ལུས་ལ་ནུབ་ཕྱོགས་ཀྱི་ལྭ་བ་ལུས་ལ་འཕྲོད་པ་ཞིག་གྱོན་པ་དང་། རྐང་ལ་ལྷམ་ནག་པོ་ཞིག་གྱོན་པ་ལས་ལྟོས་ཚོད་ལ་མི་ནུས་པ་ཞིག་གི་སྣང་བ་སྟེར་བར་མ་ཟད། ད་དུང་མི་བརྟན་བརླིང་ཅན་ཞིག་གི་སྣང་བ་ཀྱང་སྟེར་བར་བྱེད། ཚེ་ལྷ་འབུམ་ང་ཚོའི་མིག་མདུན་དུ་མངོན་པའི་སྐབས་སུ། ཁོ་ནི་ཆུང་དུས་ནས་ཐེམ་ཆེན་རྩྭ་ཐང་ནས་ནར་སོན་པའི་བོད་རིགས་འབྲོག་པ་ཞིག་རེད་ཟེར་ན་ཡིད་ཆེས་དཀའ་བ་ཞིག་རེད།

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་ཆར་བ་སམ་སིམ་འབབ་བཞིན་ཡོད་པ་དང་། འདིས་མ་གཞི་ཆེ་རྒྱུ་མེད་པའི་རྫོང་མཁར་འདི་ཤིན་ཏུ་འཁྱག་པའི་སྣང་བ་ཞིག་སྟེར། ང་ཚོས་རླངས་འཁོར་བསྐོར་ནས་ཐེམ་ཆེན་རྫོང་དྲོད་སྐྱིད་ར་བའི་སྡོད་ཁུལ་དུ་ཐོན་པ་ན། ཚེ་ལྷ་འབུམ་ཐབ་ཚང་ནང་དུ་ལས་ཀར་བྲེལ་བཞིན་འདུག ཁོས་ཕྱོགས་གཅིག་ནས་འོ་ཇ་བསྐོལ་བཞིན་ཕྱོགས་གཞན་ཞིག་ཁང་བར་གཙང་སྦྲ་བྱེད་བཞིན་འདུག མུས་གྲུ་བཞི་མ་དོན་གཉིས་ཡོད་པའི་ཁང་བ་འདི་ཧ་ཅང་གྲལ་དག་པ་ཞིག་རེད། འགྲུལ་ཁང་ནང་གི་བརྙན་འཕྲིན་ལས་ཏག་ཏག་རྣ་བར་སྙན་པའི་བོད་ཀྱི་དམངས་གླུ་གཏོང་བཞིན་འདུག ཐབ་ཚང་ནང་དུ་ཇ་ཚ་མོས་རླངས་པ་ཐོལ་ཐོལ་བྱེད་བཞིན་འདུག་ལ། གོ་རེ་སྣུམ་བཙོས་དང་། མར། འོ་ཇ་སོགས་ཀྱིས་སྒྲོག་ཙེའི་སྟེང་ནངས་ཇ་ཕུན་སུམ་ཚོགས་པ་ཞིག་བསྒྲིགས་འདུག

ཚེ་ལྷ་འབུམ་གྱིས་བཤད་རྒྱུར། སྲིད་གཞུང་གིས་ང་ཚོར་དྲོད་སྐྱིད་ལྡན་པའི་ཁྱིམ་ཞིག་གནང་བར་བཀའ་དྲིན་ཆེ་ཞེས་ཚེ་ལྷ་འབུམ་གྱིས་བཤད་པའི“ཁྱིམ”ཞེས་པ་དེ་ནི་དོན་དངོས་སུ་ཐེམ་ཆེན་རྫོང་གིས2015ལོར་ལག་བསྟར་བྱས་པའི་ཡུལ་གཞན་ལ་གནས་སྤོ་བྱས་པའི་ལས་གཞི་ཞིག་ཡིན་པ་དང་། ལས་གཞི་དེའི་ཐད་ལ་སྤྱི་བསྡོམས་པས་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་བ་དང་། དེ་ནི་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ང་གཅིག་གི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་བརྒྱ་དང་ཞེ་བརྒྱད་ལ་འབྲེལ་བ་ཡོད་པ་རེད། 2016ལོའི་ཟླ9བར། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་འབྲོག་པ་མང་ཚོགས་བརྒྱ་དང་ཞེ་བརྒྱད་པོས་མི་ཚེ་ཕྱེད་ཀར་རྩྭ་ཆུ་སྙེགས་ནས་འཚོ་བ་རོལ་ཡང་ད་ལྟ་སྔ་རྗེས་སུ་སྡོད་ཁང་གསར་བའི་ནང་གནས་སྤར་ཐུབ་པ་བྱུང་བ་དང་། དེ་ནས་བཟུང་ཁོ་ཚོ་རྫོང་མཁར་དུ་གཏན་སྡོད་བྱེད་ཐུབ་པ་བྱུང་།

ད་ལྟའི་ཚེ་ལྷ་འབུམ་ཁྱིམ་ཚང་གང་བོ་ཐེམ་ཆེན་རྫོང་མཁར་དུ་འཚོ་བ་རོལ་ནས་ལོ་བཞི་འགོར་ཡོད་པ་དང་། ད་ལྟའི་འཚོ་བར་ཧ་ཅང་ཡིད་ཚིམས་ཡོད་པའི་ཚེ་ལྷ་འབུམ་གྱིས་ད་ལྟ་ཁྱིམ་དུ་རང་འབབ་ཆུ་ཡོད་པས་ཆུ་གཙང་མ་འཐུང་ཐུབ་པ་དང་། ཁྱིམ་ནས་ཆུ་དྲོད་འཇམ་གྱིས་ནང་ལུས་པོར་ཁྲུས་བརྒྱབ་ཆོག་ལ། སྒོ་ཁ་ནས་ནད་ལ་སྟོན་ཆོག་ཅེས་དགའ་སྤྲོའི་ངང་དེ་ལྟར་ཞེས་བཤད།

འཚོ་བའི་སྟེང་གི་འགྱུར་ལྡོག་ཆུང་ཆུང་འདིས་ཁྱིམ་མིའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པ་མ་ཟད། ཁྱིམ་མི་གང་བོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་འབྱུང་དུ་བཅུག

སྔོན་ཆད་ང་ཚོ་བཟའ་མི་གསུམ་པོ་རྫོང་མཁར་དང་སྤྱི་ལེ་སོ་དྲུག་ཡོད་པའི་བྲག་དམར་ཡུལ་ཚོ་རྡོ་ཡུལ་སྡེ་བར་ཡོད་པ་དང་། ཁྱིམ་དུ་ནོར་ལུག་མེད་པ་དང་། བུ་མོ་ད་རུང་ལོ་ན་ཆུང་། ཆུང་མ་ཀླུ་བྷོ་ལ་ཚབས་ཆེ་བའི་གྲུམ་ནད་བྱུང་ཡོད་པས་ལས་ཀ་ལྗིད་མོ་ལས་མི་ཐུབ་ལ། ཁྱིམ་ཚང་གང་བོའི་འཚོ་བའི་རྟེན་ས་ནི་རྩྭ་ས་གཞན་ལ་གླས་པའི་སྒོར་མོ་སྟོང་བཞི་བོ་དེ་ཡིན་པ་དང་། ཐུན་མཚམས་རེ་ཕོ་བ་འགྲངས་པ་དང་ཐུན་མཚམས་རེར་ཕོ་བ་ལྟོགས་པའི་འཚོ་བ་རོལ་བཞིན་ཡོད་པ་རེད།

སྔོན་ཆད་ཀྱི་འཚོ་བའི་དཀའ་སྡུག་དེ་མིག་མདུན་ནས་ནམ་ཡང་ཡལ་ཐབས་མེད། ལོ་རེའི་ཕྱུགས་འཚོ་སྐྱོང་གི་དུས་ལ་ཚེ་ལྷ་འབུམ་སྡེ་བའི་ནང་གི་ཕྱུགས་ཟོག་མང་པོའི་ཁྱིམ་དུ་སོང་ནས་ཕྱུགས་འཚོ་རོགས་བྱས་ཏེ། འཚོ་བའི་ཁ་སྣོན་བཙལ་བཞིན་ཡོད།

ཟླ་གཅིག་ལ་ཕྱུགས་འཚོ་རོགས་བྱས་ན་སྒོར་མོ་བཞི་བརྒྱ་ཡས་མས་ལས་བཙལ་མི་ཐུབ་པས། ཁྱིམ་ཚང་གང་བོའི་འཚོ་བ་སྔར་བཞིན་ཧ་ཅང་དཀའ་ངལ་ཆེ་བ་རེད། སྐབས་དེའི་ཁྱིམ་མི་གང་བོའི་འཚོ་བ་གླེང་སྐབས། ཚེ་ལྷ་འབུམ་གྱི་སྐད་གདངས་ལ་རེ་ཐག་ཆད་པའི་ཉམས་སྣང་ཤིག་ཤར་འདུག

སྦྲ་གུར་གཅིག་དང་། རྩྭ་ས་ཆུང་ཆུང་ཞིག ཚོན་རྩི་ཡང་ལྷུང་ཡོད་པའི་ཤིང་སྒམ་ཞིག  ཚེ་ལྷ་འབུམ་གྱི་མི་ཚེ་ཕྱེད་ཀར་འདི་ལྟར་འཚོ་བ་རོལ་ནས་ཡོང་བ་རེད།

ཆུང་དུས་ནས་རྩྭ་ཐང་དུ་འཚོ་བ་རོལ་ནས་ཡོང་བ་དང་སྒོ་ཕྱི་ལ་འགྲོ་བསམ་མོད། མི་ཚེ་གང་བོར་ལུག་རྫི་བྱས་པས། ལུག་རྫི་མ་བྱས་ན་ཅི་ཞིག་སྒྲུབ་དགོས་པའང་མི་ཤེས་པར་གྱུར། སྲོལ་རྒྱུན་བསམ་བློའི་རྨང་མཐུག་པོ་དེ་ནི་ཚེ་ལྷ་འབུམ་རྩྭ་ཐང་ནས་སྒོ་ཕྱི་ལ་འབུད་མི་ཐུབ་པའི་བཀག་རྡོ་ལྟ་བུར་གྱུར། ཉིས་སྟོང་བཅོ་ལྔ་ལོར། དབུལ་སྐྱོར་མཁྲེགས་གཏོར་གྱི་དུང་བརྡ་དེ་ཐེམ་ཆེན་རྩྭ་ཐང་ནས་བསྒྲགས།

བརྟན་འཇགས་ཀྱི་ཡོང་སྒོ་ཞིག་མེད་པ་དང་། ཡོང་སྒོ་ཡང་དམའ་བ་དང་། རང་ཉིད་ལ་སྡོད་ཁང་ཀྱང་མེད། རང་ཉིད་འཕེལ་རྒྱས་གཏོང་སྤྱད་ཀྱི་མ་དངུལ་ཡང་མེད་པས། ཚེ་ལྷ་འབུམ་རྡོ་ཡུལ་སྡེ་བའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་གཏན་འཁེལ་བྱས།

དབུལ་ཕོངས་ཀྱི་ཞྭ་མོ་གྱོན་ནས་ཚེ་ལྷ་འབུམ་བཟའ་མི་གང་བོས་མ་མཐའི་འཚོ་བའི་འགན་སྲུང་ཉམས་སུ་མྱོང་ཐུབ་པ་བྱུང་། ལོ་གཅིག་ལ་སྒོར་མོ་སྟོང་བརྒྱད་དང་སུམ་ཅུ་སོ་བརྒྱད་ཀྱི་བརྟན་འཇགས་ཡོང་སྒོ་ཡོད་པ་དེས་ཚེ་ལྷ་འབུམ་རྩྭ་ཐང་ནས་སྒོ་ཕྱི་ལ་འགྲོ་བའི་ངར་ཤུགས་ཤིག་བསྩལ། སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་བྱེད་བཞིན་ཡོད་པས། ངས་ཅི་ཞིག་ལ་སེམས་ཁུར་བྱེད་དགོས། ངས་སེམས་ལ་འདི་ལྟར་དྲན་བཞིན་རང་གི་ཡོད་ཚད་འབུལ་དགོས་ཀྱང་འབད་བརྩོན་བྱེད་རྒྱུའི་བསམ་པ་བཅངས་ཏེ། ཁྱིམ་ཚང་གང་བོ་དཀའ་ཁག་འདིའི་འགག་སྒོ་ལས་གོམ་པ་དང་པོ་སྤོས། ཆུང་མ་ཀླུ་བྷོ་ཡིས་ལས་ཀ་ལྗིད་མོ་ལས་མི་ཐུབ་པས། སྲིད་གཞུང་གིས་མོ་ལ་ནགས་ཚལ་དོ་དམ་བྱེད་མཁན་གྱི་བྱ་བ་ཞིག་བཀོད་སྒྲིག་བྱས་པ་དང་། ཀླུ་བྷོ་ཟླ་ཕོགས་ཡོད་པའི་ལས་བྱེད་པ་རྣམས་དང་འདྲ་བར་ལས་ཚོགས་སུ་འགྲོ་བ་དང་དུས་ལྟར་ལས་ཀ་གྲོལ་བཞིན་ཡོད་ལ། ཟླ་ཕོགས་ལེན་བཞིན་ཡོད་པ་རེད། ཚེ་ལྷ་འབུམ་གྱིས་ནམ་ཡང་སྒུག་རྟེན་སློང་གསུམ་གྱི་བསམ་བློ་རིང་དུ་དོར་ནས།རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་རོལ་བའི་ཐད་ལ་བསམ་བློ་འཁོར།

ཁྱིམ་གྱི་ཡོང་སྒོ་འཕར་སྣོན་གཏོང་ཆེད། ཚེ་ལྷ་འབུམ་གྱིས་མི་གཞན་ལ་ལུག་འཚོ་རོགས་བྱེད་བཞིན་ཡོད་པ་ལས་གཞན། ལས་ཀ་མེད་དུས་ཤ་མོ་སེར་པོ་འཐུ་རུ་འགྲོ་བཞིན་ཡོད་པ་རེད། 2016ལོར། ཁྱིམ་ཚང་གང་བོའི་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་ལ་སོང་བ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་མ་བཟོས་པའི་སྔོན་ལ་ཁོ་ཚང་གི་མི་རེར་བགོ་བཤའ་བྱས་ཆོག་པའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་བདུན་བརྒྱ་ང་དྲུག་ལྷག་ཡིན་པ་དང་། ད་ལྟ་མི་རེར་བགོ་བཤའ་བྱས་ཆོག་པའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་རེ་གསུམ་ཡིན་པ་རེད།

ཚེ་ལྷ་འབུམ་གྱིས་ལོ་དེར་དེ་ལས་ཀྱང་དགའ་འོས་པའི་དོན་དག་ཞིག་ཡོད་པ་ནི་སྲིད་གཞུང་གིས་ང་ཚོར་སྒོར་མོ་འབུམ་གཅིག་གིས་ཁ་གསབ་བྱས་པ་དང་། ང་ཚོ་རང་སྟེང་ནས་སྒོར་མོ་ཁྲི་གཅིག་བྱིན་ནས་རྫོང་མཁར་དུ་གནས་སྤོ་ཐུབ་པ་བྱུང་ཞེས་བཤད། བྱ་བ་དེ་ནི་ལོ་འགའི་སྔོན་གྱི་དོན་དག་ཅིག་ཡིན་ཡང་། ཚེ་ལྷ་འབུམ་གྱིས་དོན་དེ་བཤད་སྐབས་སྔར་བཞིན་ཡིད་འགུལ་ཐེབས་བཞིན་ཡོད་པ་རེད།

གནས་སྤར་བ་ལས་ཚེ་ལྷ་འབུམ་མ་འོངས་པའི་འཚོ་བར་རེ་བ་མང་པོ་ཞིག་གིས་ཁེངས། 2017ལོར། ཚེ་ལྷ་འབུམ་གྱིས་སྲིད་ཇུས་བཟང་བོར་བརྟེན་ནས་སྒོར་མོ་སྟོང་ལྔ་དང་བཞི་བརྒྱའི་ཐོན་ལས་འཕེལ་རྒྱས་མ་དངུལ་དེ་སྡེ་བའི་མཉམ་ལས་ཁང་དུ་མ་རྐང་དུ་བཞག་པ་དང་། ལོ་དེར་སྒོར་མོ་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ཡོང་སྒོ་ཡང་ཐོབ། དེའི་འཕྲོར་སྡེ་བའི་ནང་གི་ཧྲུའུ་ཅི་དང་པོའི་སྣེ་ཁྲིད་འོག “530”བསྐྱི་དངུལ་ཉུང་ངུའི་སྒོར་མོ་ཁྲི་གཅིག་དང་རྡོ་ཡུལ་སྡེ་བའི་རོགས་རེས་མཐུན་ཚོགས་ཀྱི་སྒོར་མོ་སྟོང་བདུན་ཐོབ་སྟེ། ནོར་གནག་བཅོ་ལྔ་ཉོས་ནས་གསོ་སྤེལ་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་།

ལོ་དེར་ཚེ་ལྷ་འབུམ་གྱི་བུ་མོ་པད་མ་མཚོ་སྐྱིད་རྫོང་མཁར་གྱི་བྱིས་གཉོར་ཁང་གཉིས་པའི་ནང་བྱིས་གཉོར་དགེ་རྒན་ཞིག་བྱེད་ཐུབ་པ་བྱུང་བ་དང་། ཟླ་གཅིག་ལ་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ཟླ་ཕོགས་ཡོད་པར་གྱུར་བས། ཁྱིམ་ཚང་གང་བོས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་པ་རེད།

ཉིན་རེ་རེ་བྱས་ནས་འཚོ་བ་རོལ་བཞིན་འདུག ཆུང་མ་དང་བུ་མོ་གཉིས་ལ་བརྟན་འཇགས་ཀྱི་བྱ་བ་ཡོད་པར་གྱུར། ཁོམ་ནས་འདུག་མི་བཟོད་པའི་ཚེ་ལྷ་འབུམ་གྱིས་ཐེམ་ཆེན་རྫོང་མཁར་ནས་བྱ་བ་ཞིག་བཙལ་རྒྱུའི་སེམས་ཐག་བཅད། ཁོས་གལ་ཏེ་རང་ལའང་བརྟན་འཇགས་ཀྱི་བྱ་བ་ཞིག་ཡོད་ཚེ། ང་ཚོ་ཁྱིམ་ཚང་གང་བོའི་འཚོ་བ་སྔར་ལས་བརྟན་འཇགས་ཡིན་པར་འདོད།

རྒྱ་སྐད་ཀྱི་ལམ་ནས་ཕན་ཚུན་བརྗེ་རེས་བྱེད་རྒྱུ་དཀའ་བ་དེ་ཚེ་ལྷ་འབུམ་གྱིས་བྱ་བ་བཙལ་བའི་སྐབས་ཀྱི་འགག་སྒོ་ཞིག་ཡིན་པ་རེད། དཀའ་ངལ་དེ་ཁྱད་བསལ་བྱེད་ཆེད། བུ་མོས་ཉིན་རེར་ཨ་ཕ་དང་མཉམ་དུ་ལག་འཁྱེར་ཁ་པར་གྱི་དྲ་སྟེང་ནས་རྒྱ་ཡིག་སྦྱངས། མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་དཔེ་བཞིན་དུ། 2020ལོའི་ཟླ4བར། ཚེ་ལྷ་འབུམ་དབུལ་སྐྱོར་ཐོན་ལས་ར་བའི་བདེ་སྲུང་མི་སྣ་ཞིག་འགྱུར་ཐུབ་པ་བྱུང་། ཚེ་ལྷ་འབུམ་གྱིས་བཤད་རྒྱུར། ཉིན་རེར་ལས་བྱེད་མི་སྣའི་ལྭ་བ་གྱོན་པ་ན། རང་ཉིད་ཀྱི་རྣམ་རིག་ཀྱང་ཇེ་གསལ་དུ་སོང་བ་ལྟ་བུའི་སྣང་བ་སྟེར། ཟླ་གཅིག་ལ་ཟླ་ཕོགས་སྒོར་མོ་སྟོང་གཉིས་ཀྱི་ཡོང་སྒོ་ཡོད་པས་ཧ་ཅང་ཡིད་ཚིམས་ཡོད་ཟེར། བཅར་འདྲི་མཇུག་སྒྲིལ་བ་ན། ཚེ་ལྷ་འབུམ་གྱིས་མྱུར་མོར་ནངས་ཇ་འཐུང་རྗེས་དཀའ་ཡོལ་འཁྲུ་ཁོམ་ཡང་མེད་པར་བྱ་བའི་རྗེས་ལུས་མི་ཉན་ཟེར་བཞིན། འཕྲུལ་རྟར་ཞོན་ནས་བུད་སོང་། ཡུན་རིང་མ་འགོར་བར།  འཕྲུལ་རྟ་དེ་ང་ཚོའི་མིག་མདུན་ནས་ཡལ་སོང་།

རྩྭ་ཐང་ནས་གྲོང་ཁྱེར་དུ་གནས་སྤར་བའི་ལོ་ངོ་བཞི་བོ་འདིའི་རིང་ལ། ཚེ་ལྷ་འབུམ་ལ་མཐོ་སྒང་གི་མཁར་གྲོང་ཆུང་བ་འདི་ནས་ཁོས་རང་ལ་དབང་བའི་ཚོར་བ་ཞིག་རྙེད་བྱུང་བ་དང་། རང་ལ་དབང་བའི་གོ་གནས་ཞིག་ཀྱང་རྙེད་དེ། ཁྱིམ་མི་གང་བོའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་།

ལོ་ཙཱ། ཚེ་རིང་སྒྲོལ་མ།