སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས།
2020.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

—ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

དུས་རབས་གསར་བའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཁྱད་ཆོས་ནི་མགྱོགས་མྱུར་སྒོས་འཕར་སྣོན་བྱེད་པའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་རྒྱུ་དེ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་ཧ་ཅང་ཡག་པོ་སྐོང་ཐུབ་པའི་འཕེལ་རྒྱས་ཤིག་ཡིན་པ་དང་། གསར་གཏོད་དེ་སྒུལ་ཤུགས་གཙོ་བོར་འགྱུར་བ་དང་མཐུན་སྦྱོར་དེ་ནང་གནས་ཀྱི་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་དེ་ཡོངས་ཁྱབ་ཀྱི་རྣམ་པར་འགྱུར་བ། སྒོ་འབྱེད་དེ་ལྡོག་མེད་ཀྱི་ལམ་བུར་འགྱུར་བ། མཉམ་སྤྱོད་དེ་གཞི་རྩའི་དམིགས་ཡུལ་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་ཤིག་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས་པ་ཡིན་ལ། དེ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་འཕེལ་རྒྱས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཆ་རྐྱེན་འགྱུར་བ་བཅས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་རེད།

རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་ཡིན་ལ། སྔར་བཞིན་འཛམ་གླིང་སྟེང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ལས་འགན་ཨང་དང་པོ་ཡིན། ངེས་པར་དུ་ནན་བཤད་བྱ་དགོས་པ་ཞིག་ནི་དུས་རབས་གསར་བ་དང་དུས་རིམ་གསར་བའི་འཕེལ་རྒྱས་ལ་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གསལ་པོར་བཏོན་ཡོད་ལ། རང་རྒྱལ་གྱི་དཔལ་འབྱོར་ལ་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར། འཕར་སྣོན་གྱི་སྒུལ་ཤུགས་སུ་སྒྱུར་བ་བཅས་ཀྱི་ཐད་ཐོད་བརྒལ་ཆེན་པོ་བླངས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོ་དགོས། ལག་ལེན་ལས་གསལ་བོར་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།

དེང་སྐབས། འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་སྒོས་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་ནང་ཁུལ་ཆ་རྐྱེན་དང་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་རྒྱུ་ཡིན་པས། གོ་སྐབས་གསར་བ་དང་འགྲན་སློང་གསར་བ་རབ་དང་རིམ་པ་ཁ་གཏད་ཡོད། མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་ཁྱད་སྟོབས་དང་ཆ་རྐྱེན་འཛོམས་ཡོད་ལ། དེ་དང་ཆབས་ཅིག རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་དག་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཐོག་གཅིག་བསྡུས་ཀྱིས་མཚོན་ཡོད། དེས་ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་གནད་དོན་དེ་སྔར་བས་འབུར་ཐོན་ཡིན་པའི་གོ་གནས་སུ་བཞག་ནས། ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།  ཕྱོགས་གཞན་ཞིག་ནས། རང་རྒྱལ་འཕེལ་རྒྱས་གཏོང་བའི་ཕྱི་རོལ་གྱི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་དུ་འགྲོ་བཞིན་ཡོད་ལ། ཉེན་འབྱུང་གི་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། ཧུར་ཐག་གིས་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་ལ་ཁ་གཏད་འཇལ་དགོས་ལ། གནད་འགག་ནི་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ་བཅས་ཡིན་ལ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པ། སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་ཡོང་བ་བཅས་བྱ་དགོས། དེས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཚོན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དེ‘ཡོད་མེད’ནས‘བཟང་མིན’དུ་བསྒྱུར་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཅན་བཅུ་བཞི་བའི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་སྣེ་ཁྲིད་ནུས་པ་འབུར་ཐོན་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་བྱ་བ་བཀོད་སྒྲིག་བྱས་ཡོད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས། རྒྱལ་ནང་གི་ཚོང་ར། བཅོས་སྒྱུར་ཟབ་སྤེལ། ཞིང་སྡེ་དར་སྤེལ། ས་ཁོངས་འཕེལ་རྒྱས། རིག་གནས་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས། ཕྱི་ཕྱོགས་ལ་སྒོ་འབྱེད་པ། སྤྱི་ཚོགས་འཛུགས་སྐྲུན། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་ཕྱོགས་དང་བྱ་བ་གཙོ་བོ་གསལ་བོར་བྱས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། དངོས་གནས་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། སྤུས་ཚད་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་སྔར་ལས་ལྷག་པ་ཐོབ་པར་བྱ་དགོས་ལ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་གཞི་རྩའི་བླང་བྱ་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་སྤྱི་ཡོངས་ལ་དོ་དམ་དང་རྩ་བར་དོ་དམ། རྒྱང་རིང་ལ་དོ་དམ་བཅས་ཀྱི་ཕྱོགས་སྟོན་ཤིག་རེད། དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་བར་མདུན་སྐྱོད་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བཏོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཡོངས་སུ་ཁྱབ་པར་བྱེད་པ་དང་། ཉེན་ཁའི་ཁྲོད་གོ་སྐབས་གསར་བ་བསྐྲུན་པ་དང་འགྱུར་ལྡོག་གི་ཁྲོད་མགོ་གསར་བ་རྩོམ་དགོས། ཧུར་ཐག་གིས་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། སྔར་ལས་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་ཡིན་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ན། ང་ཚོར་ཁྱད་སྟོབས་དང་རང་འགུལ། མ་འོངས་པ་བཅས་ལས་རྒྱལ་ཐུབ་ངེས་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།