ལྔ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན།
ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྩ་བའི་ཁག་ཐེག་འདོན་སྤྲོད་བྱ་དགོས།
མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱ་དགོས། མི་དམངས་ཀྱི་གཙོ་ཤུགས་གོ་གནས་རྒྱུན་འཁྱོངས་དང་། མཉམ་དུ་ཕྱུག་པོར་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་བྱས་ནས་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་དགོས། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱས་ནས་སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ་དང་། དམངས་ཚིས་བདེ་སྐྱིད་ཆེ་རུ་བཏང་ནས་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ། སྤུས་ཚད་གསར་བསྒྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་གསར་བསྒྱུར་བཅས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་མཐུད་ཡིན་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱ་དགོས།
བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱ་དགོས། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བའི་སྒྲིག་སྲོལ་རྐྱེན་སྲོལ་གྱི་འགོག་རྐྱེན་སེལ་དགོས། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བར་ཕན་པ་དང་། སྤྱི་ཚོགས་ཡོངས་ཀྱི་བརྩོན་སེམས་སྐུལ་སྤེལ་བྱེད་པར་ཕན་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ལ་ཤུགས་སྣོན་བྱེད་དགོས། མུ་མཐུད་དུ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།
མ་ལག་གི་ལྟ་བ་རྒྱུན་འཁྱོངས་བྱ་དགོས། སྔ་བལྟས་ཕྱི་བསམ་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་བསྣན་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལེགས་པར་བསྒྲུབ་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ས་གནས། ཕྱོགས་སོ་སོ་བཅས་ཀྱི་བརྩོན་སེམས་འདོན་སྤེལ་ལེགས་པོ་བྱ་དགོས། འབད་བརྩོན་སྒོས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁྱད་སྟོབས་འདོན་སྤེལ། ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ལྡན་དུ་གཏོང་བ། ཉེན་ཁ་དང་འགྲན་རྩོད་ཆེན་པོར་འགོག་ཟོན་དང་སེལ་བར་དོ་སྣང་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་། གྲུབ་ཚུལ། གཞི་ཁྱོན། མྱུར་ཚད། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བ་བྱ་དགོས།
དྲུག ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ།
2035ལོའི་རྒྱང་རིང་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁ་ཕྱོགས་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ནས་། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དྲང་སྲུང་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཕྱིན་ཆད་ཀྱི་ལོ་ལྔའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཤམ་གསལ་གྱི་དམིགས་འབེན་གཙོ་བོ་དག་མངོན་འགྱུར་གང་ཐུབ་བྱ་དགོས།
དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་དགོས། འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྨང་གཞི་དང་གནད་འགག་ཡིན་ལ། འཕེལ་རྒྱས་གཏོང་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་གཏོང་བའི་རྨང་གཞིའི་ཐོག་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་དགོས། འཕར་སྣོན་གྱི་སྦས་ཤུགས་འདོན་སྤེལ་ལེགས་པོ་བྱེད་པ་དང་། རྒྱལ་ནང་གི་ཚོང་ར་སྔར་བས་སྟོབས་ལྡན་དུ་གཏོང་བ། དཔལ་འབྱོར་གྲུབ་ཚུལ་སྔར་བས་ལེགས་སྒྱུར་བྱ་དགོས། གསར་གཏོད་ནུས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་ སྒོས་མཐོ་རུ་གཏོང་དགོས། ཞིང་ལས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་རང་བཞིན་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ལེན་དགོས།
བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱེད་པ། ཚོང་རའི་བྱེད་པོར་སྔར་བས་གསོན་ཤུགས་ལྡན་པ་དང་། རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་སྒྱུར་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བཅོས་སྒྱུར་ལ་གྲུབ་འབྲས་ཆེན་པོ་ལེན་དགོས། འགྲན་རྩོད་དྲང་གཞག་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས།
སྤྱི་ཚོགས་དཔལ་ཡོན་དར་ཚད་ལ་མཐོར་འདེགས་གསར་བ་འབྱུང་བར་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་ཟུག་པ་དང་། མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་མངོན་གསལ་སྒོས་ཇེ་མཐོར་བཏང་ཏེ། སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་དང་རིག་གནས་ཐོན་ལས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཤུགས་རྐྱེན་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཡར་རྒྱས་གསར་བ་ཡོང་བ་བྱ་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་གནས་སྟངས་ལེགས་བཅོས་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལྗང་མདོག་ཏུ་བསྒྱུར་བར་གྲུབ་འབྲས་མངོན་གསལ་ལེན་དགོས། ནུས་ཁུངས་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་། བེད་སྤྱོད་ལས་ཆོད་ཇེ་ཆེར་གཏོང་བ། སྦགས་བཙོག་དངོས་པོ་གཙོ་རིགས་ཕྱིར་འབུད་བྱེད་ཚད་མུ་མཐུད་དུ་ཇེ་ཉུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱ་དགོས།
དམངས་ཚིས་བདེ་སྐྱིད་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱ་དགོས། སྔར་ལས་འཐུས་ཚང་དང་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བ་དང་། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་ཚད་གཉིས་གཞི་རྩའི་ཆ་ནས་དུས་མཉམ་ཡོང་བ་བྱ་དགོས། བགོ་བཤའ་གྲུབ་ཚུལ་མངོན་གསལ་སྒོས་ལེགས་བཅོས་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་དགོས། དམངས་ཡོངས་ཀྱི་སློབ་གསོ་མྱོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། འཕྲོད་བསྟེན་བདེ་ཐང་གི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། ཞང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས།
རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་ལ་མཐོར་འདེགས་གསར་བ་ཡོང་བ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་སྔར་བས་འཐུས་ཚང་དང་། སྤྱི་ཚོགས་དྲང་བཞག་དྲང་བདེན་སྔར་བས་མངོན་པ། རྒྱལ་ཁབ་ཀྱི་སྲིད་འཛིན་མ་ལག་སྔར་ལས་འཐུས་ཚང་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱ་དགོས། སྲིད་འཛིན་གྱི་ལས་ཆོད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཁྱད་པར་དུ་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་འཕྲལ་བསྟུན་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ་དང་རང་བྱུང་གནོད་འཚེའི་འགོག་སྲུང་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས། འཕེལ་རྒྱས་ཀྱི་བདེ་འཇགས་འགན་སྲུང་སྔར་བས་ནུས་ལྡན་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཐད་གོམ་སྟབས་ཆེན་པོ་སྤོ་དགོས།
གསུམ་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་བ་གཏོད་དགོས།
རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་རང་ཚུགས་རང་འབད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་སྐྱོར་དུ་བརྩིས་ནས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ། ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱ་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
བདུན། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་བྱ་སྤྱོད་རྩ་འཛིན་གཏན་འབེབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ་དང་། གནད་འགག་གི་སྲོག་ཤིང་ལག་རྩལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་དགོས། གསར་གཏོད་སྦྲེལ་ཐག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། ཐོག་མའི་གསར་གཏོད་ལ་མཐོང་ཆེན། རིག་གཞུང་ཚན་ཁག་གི་བཀོད་པ་དང་ཞིབ་འཇུག་གསར་སྤེལ་གྱི་བཀོད་པ་ལེགས་འགྱུར། རིག་ཚན་སྣོལ་སྡེབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་རང་བཞིན་གྱི་རྨང་གཞིའི་ལག་རྩལ་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་དགོས། མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་གྲུབ་གློག་ལམ། ཚེ་སྲོག་བདེ་ཐང་། ཀླད་པའི་ཚན་རིག སྐྱེ་དངོས་སོན་གསོ། མཁའ་དབྱིངས་ཚན་རྩལ། ས་ཟབ་མཚོ་གཏིང་སོགས་མདུན་གྲལ་གྱི་ཁྱབ་ཁོངས་ལ་དམིགས་ཏེ། རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱ་དགོས། འཐབ་ཇུས་རང་བཞིན་གྱི་ཚན་རིག་འཆར་འགོད་དང་ཚན་རིག་བཟོ་སྐྲུན་གཏན་འབེབས་དང་ལག་བསྟར་བྱས་ཏེ་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་རིམ་སློབ་གྲྭ། ཁེ་ལས་བཅས་ཀྱི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་བཀོད་སྒྲིག་དང་ཐོན་ཁུངས་མཉམ་སྤྱོད་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མ་ལག་སྒྲིག་འཛུགས་བྱ་དགོས། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ས་ཁོངས་རང་བཞིན་གྱི་གསར་གཏོད་མཐོ་ས་བཀོད་སྒྲིག་བྱས་ནས་འཛུགས་སྐྲུན་བྱེད་པ་དང་། པེ་ཅིན་དང་། ཧྲང་ཧའེ། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་བཅས་རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་ལྟེ་གནས་ཆགས་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་ཞིབ་དཔྱད་རྩོམ་དང་ཚན་རྩལ་ཆ་འཕྲིན་གྱི་མཐོ་རིམ་སྤེལ་རེས་ལས་སྟེགས་བསྐྲུན་དགོས།
བརྒྱད། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཁེ་ལས་སུ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་སྒྲུབ་འགན་འཁུར་དགོས། ལག་རྩལ་གསར་གཏོད་བྱེད་སྐབས་ཁེ་ལས་པའི་ནུས་པ་གལ་ཆེན་འདོན་སྤེལ་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་བ། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་པར་ཁྲལ་བསྡུའི་གཟིགས་སྐྱོང་བཅས་བྱ་དགོས། ཁེ་ལས་ཆེན་པོའི་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས། གསར་གཏོད་ཅན་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་བ་དག་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱས་ནས་གསར་གཏོད་ཀྱི་འབྱུང་ཁུངས་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་གི་གོང་འོག་བར་གསུམ་དང་། ཁེ་ལས་ཆུང་འབྲིང་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས།
དགུ། ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་སྐུལ་སྤེལ་བྱ་དགོས། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་བཅས་ལེགས་པོ་བྱ་དགོས། རྒྱལ་སྤྱིའི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་གཏོད་ཚོགས་པ་རྩེ་གྲ་སྔར་ལས་མང་བ་གསོ་སྐྱོང་དང་། རྒྱལ་སྤྱིའི་ཐོག་འགྲན་རྩོད་ནུས་པ་ལྡན་པའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་བྱ་དགོས། གསར་གཏོད་ནུས་པ་དང་། སྤུས་ཚད། ཕན་འབྲས། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། སློབ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་གཞུང་གི་ཁ་དན་ཚིག་གནས་བརྟན་སྲུང་བྱེད་དགོས། ཡོན་ཧྲིའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གསར་གཏོད་སྐུལ་སློང་དང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་གང་ལེགས་སྒོས་མཚོན་པའི་ཁེ་ཕན་བགོ་བཤའི་རྐྱེན་སྲོལ་འཛུགས་པ་དང་། ཚན་ཞིབ་མི་སྣའི་གོ་གནས་གསར་གཏོད་ཀྱི་གྲུབ་འབྲས་དང་ཁེ་དབང་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གསར་གཏོད་ཅན་དང་། ཉེར་སྤྱོད་ཅན། རྩལ་ནུས་ཅན་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་བྱ་གསར་སྒྱུར་བཟོ་སྐྲུན་དང་རྩལ་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཆུ་ཚད་མཐོ་བའི་བཟོ་བཀོད་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་སྐྱེད་གཏོང་དགོས། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔར་ལས་ཡངས་པའི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་གཅིག་བསྡུས་བྱེད་པའི་ཚན་རིག་ཞིབ་འཇུག་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས།
བཅུ། ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏོང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་མ་ལག་དང་འཁོར་སྐྱོད་རྐྱེན་སྲོལ་ལེགས་བཅོས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་དང་། རྟེན་གཞི། ཤེས་ལྡན་མི་སྣ། མ་དངུལ་བཅས་གཞི་གཅིག་ཅན་ཏུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་ལས་གཞི་རྩ་འཛུགས་དང་དོ་དམ་བྱེད་སྟངས་ལེགས་བསྒྱུར་དང་། “མིང་གྲགས་ལ་བརྟེན་ནས་དམག་སྤྱི་བྱེད་པ་”སོགས་ཀྱི་ལམ་ལུགས་ལག་བསྟར་བྱ་དགོས། ཚན་རྩལ་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚན་རྩལ་བྱ་དགའི་རྣམ་གྲངས་ལེགས་བཅོས་བྱ་དགོས། ཚན་རིག་ཞིབ་འཇུག་ཁང་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་རང་བདག་དབང་ཆ་རྒྱ་སྐྱེད་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་གཞན་སྒྱུར་གྱི་ཕན་འབྲས་ཇེ་ཆེར་གཏོང་དགོས། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། སྲིད་གཞུང་གིས་མ་དངུལ་གཏོང་བ་གཙོ་བོར་འཛིན་པ་དང་སྤྱི་ཚོགས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྨང་གཞིའི་མདུན་གྲལ་ལ་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་གསར་པ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རིག་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རྩལ་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས། ཚན་རྩལ་མི་ཆོས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་སྒོ་འབྱེད་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་ཚན་རིག་ཞིབ་འཇུག་ཐེབས་རྩ་འཛུགས་པར་ཞིབ་འཇུག་བྱ་དགོས།
བཞི་བ། དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་དཔལ་འབྱོར་མ་ལག་ལེགས་འགྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་དགོས།
དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ས་དེ་དངོས་གཞིའི་དཔལ་འབྱོར་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་། སྤུས་ཚད་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་བཅས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།
བཅུ་གཅིག ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དེང་རབས་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་བརླིང་ཡོང་བ་སྲུང་འཛིན་དང་། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་དགོས། རང་བརྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་ལས་ཆོད་ཆེ་བ་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་དབྱེ་ནས་མཁོ་སྤྲོད་སྦྲེལ་ཐག་གི་འཐབ་ཇུས་ཇུས་འགོད་དང་གནད་འཁེལ་ཇུས་འདོན་ཡག་པོ་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ལེགས་བཅོས་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལེགས་པོ་ཞིག་བཟོ་དགོས། རང་རྒྱལ་གྱི་ཐོན་ལས་གཞི་ཁྱོན་གྱི་ཁྱད་སྟོབས་དང་། ཆ་ཚང་སྒྲིག་ཆས་ཀྱི་ཁྱད་སྟོབས། ཁྱབ་ཁོངས་ཁག་གཅིག་གི་སྔོན་ཐོན་ཁྱད་སྟོབས་བཅས་ལ་གཞི་ཚུགས་ཏེ་གསར་དར་ཐོན་ལས་སྦྲེལ་ཐག་བསྐྲུན་དགོས། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱི་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་དང་། ཚད་འཇལ། ཆེད་ཁེ་སོགས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ ཟབ་ཏུ་སྤེལ་དགོས། ཐོན་ལས་རྒྱལ་ནང་དུ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཐོན་ལས་སྦྲེལ་ཐག་གི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། བཟོ་ལས་རྟེན་གཞི་རྙིང་པ་རིགས་སྒྱུར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཞན་ཆ་གསབ་ནས་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བཟོ་སྐྲུན་ལག་བསྟར་བྱ་དགོས། ཐོན་རྫས་གལ་ཆེན་དང་གནད་འགག་གི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་དངོས་སྤྱོད་ལག་རྩལ་འཕེལ་རྒྱས་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་ཐོན་ལས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ནུས་པ་དེ་བས་ཆེ་བ་དང་། ཟུར་སྣོན་རིན་ཐང་དེ་བས་མཐོ་བ། བདེ་འཇགས་དང་བློས་འགེལ་ཆོག་པའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཅིག་ཆགས་པར་བྱ་དགོས།
བཅུ་གཉིས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་དགོས། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། ནུས་ཁུངས་གསར་པའི་རླངས་འཁོར། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་བཅས་དང་དེ་བཞིན་མཁའ་འགྲུལ་དང་མཁའ་སྐྱོད། རྒྱ་མཚོའི་སྒྲིག་ཆས་སོགས་ཀྱི་ཐོན་ལས་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་དགོས། འཕྲིན་སྦྲེལ་དྲ་བ་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས་སོགས་ཐོན་ལས་ཁག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སོ་སོར་ཁྱད་ཆོས་ལྡན་པ་དང་། ཁྱད་སྟོབས་ཕན་ཚུན་ཁ་གསབ། གྲུབ་ཚུལ་ལུགས་མཐུན་བཅས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕར་སྣོན་ཡོང་བའི་སྒུལ་ཤུགས་ཁག་ཅིག་འཛུགས་དགོས། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་གསོ་སྐྱོང་བྱ་དགོས། ལས་སྟེགས་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པར་བསྔགས་སྐུལ་བྱས་ནས་ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུགས་སྐྲུན་སྔོན་འགོག་བྱ་དགོས།
བཅུ་གསུམ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་ཕྲེང་སྟར་གྱི་རྩེ་རིམ་ཕྱོགས་སུ་བསྲིང་བར་སྐུལ་འདེད་གཏོང་དགོས། ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ཞབས་ཞུའི་མཁོ་སྤྲོད་ནང་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། དེང་རབས་ཟོག་འདྲེན། བཅའ་ཁྲིམས་ཞབས་ཞུ་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཀྱི་ཞིང་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་གྲངས་འཛིན་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། བདེ་ཐང་དང་། རྒན་གསོ། བྱིས་གཉོར། རིག་གནས། ཡུལ་སྐོར། ལུས་རྩལ། ཁྱིམ་སྲིད། སྡེ་ལས་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
བཅུ་བཞི། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། མ་ལག་ཆ་ཚང་དང་། ནུས་མཐོ་སྤྱོད་བདེ། རིག་ནུས་ལྗང་མདོག བདེ་འཇགས་བློས་འཁེལ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས། རྨང་གཞིའི་སྒྲིག་བཀོད་གསར་པ་རྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཏེ་རབས་ལྔ་པའི་སྤོ་སྒུལ་འཕྲིན་གཏོང་དང་། བཟོ་ལས་དྲ་སྦྲེལ། གཞི་གྲངས་ཆེན་པོའི་ལྟེ་གནས་སོགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། མགྱོགས་མྱུར་ངང་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ། དངོས་ཟོག་སྐྱེལ་འདྲེན་དྲ་བ་བཅས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་མུ་ཁྱུད་ཀྱི་འཁོར་ལམ་འགྲིམ་འགྲུལ་དྲ་བ་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། གྲོང་གསེབ་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་བྱེད་ཚད་ཇེ་མཐོར་གཏོང་བ་དང་། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏོང་བ། ནུས་ཁུངས་ཐོན་སྐྱེད་དང་། མཁོ་སྤྲོད། གསོག་ཉར། ཕྱིར་འཚོང་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ནང་གི་སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣུམ་རླངས་གསོག་འཇོག་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཡོངས་ཀྱི་མ་ལམ་སྣུམ་རླངས་སྦུག་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རིག་ལྡན་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱ་དགོས། གློག་ཤུགས་ཐོན་སྐྱེད་དང་སྐྱེལ་འདྲེན་བགྲོད་ལམ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ནུས་ཁུངས་གསར་པའི་བསྡུ་ཉར་གཙང་སེལ་དང་གསོག་འཇོག་བྱེད་ནུས་ཆེ་རུ་གཏོང་དགོས། མཐའ་འཁོབ་ས་ཁུལ་དུ་གློག་སྐྱེལ་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་དང་ཆུ་ལོག་དང་ཐན་སྐྱོན་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས།
བཅོ་ལྔ། གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲངས་གཞིའི་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་གཞིའི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། གྲངས་འཛིན་སྤྱི་ཚོགས་དང་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་གྲངས་འཛིན་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་གྲངས་ཐོན་ཁུངས་ཀྱི་ཐོན་དབང་དང་། ཉོ་འཚོང་འཁོར་རྒྱུག རྒྱལ་ཁོངས་ལས་བརྒལ་བའི་བརྒྱུད་གཏོང་དང་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་རྨང་གཞིའི་ལམ་ལུགས་དང་ཚད་གཞི་འཛུགས་དགོས། གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྤྱི་པའི་ཆ་འཕྲིན་གཞི་གྲངས་ཅན་གོ་རིམ་ལྡན་པའི་ངང་སྒོ་འབྱེད་པ་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞི་གྲངས་གཅིག་གྱུར་མཉམ་སྤྱོད་སྒོ་འབྱེད་ལས་སྟེགས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་གཞི་གྲངས་བདེ་འཇགས་འགན་ལེན་བྱས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས། དམངས་ཡོངས་ཀྱི་གཞི་གྲངས་རྩལ་ནུས་ཆེ་རུ་བཏང་ནས་ཆ་འཕྲིན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས། ཧུར་ཐག་གིས་གྲངས་ཀའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་བྱེད་པར་ཟབ་ཞུགས་བྱ་དགོས།
ལོ་ཙཱ།སྒྲོལ་མ་སྐྱིད།