ཞི་ཅིན་ཕིང་ནས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངག་བཅོལ་ལྟར། ངས《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་གྲོས་གཞིའི》སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཚང་འཛོམས་གྲོས་ཚོགས་སྟེང་གསལ་བཤད་བྱ་རྒྱུ་ཡིན།
གཅིག གྲོས་གཞིར་འཆར་ཟིན་འགོད་པའི་བརྒྱུད་རིམ།
“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། བབ་བསྟུན་མདུན་སྐྱོད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་གི་མགོ་བརྩམས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་ལོ་ལྔ་བ་དང་པོ་ཡིན།
ད་ལོའི་ཟླ་གསུམ་པར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”གྲོས་གཞི་གྲོས་ཞིབ་བྱ་རྒྱུར་ཡིག་ཆ་ཟིན་འགོད་ཚན་ཁག་བཙུགས་པ་དང་། ངས་ཚན་ཁག་གི་ཚན་གཙོའི་འགན་བཞེས་ཡོད་པ་དང་། བློ་མཐུན་ལི་ཁི་ཆང་དང་བློ་མཐུན་ཝང་ཧུའུ་ཉིན། བློ་མཐུན་ཧན་ཀྲིན་བཅས་ཀྱིས་ཚན་གཙོ་གཞོན་པའི་འགན་བཞེས་ཡོད་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ཞུགས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་གྲོས་གཞིའི་འཆར་ཟིན་འགོད་པའི་ལས་ཀ་སྒྲུབ་པར་འགན་འཁུར་རྒྱུ་ཐག་བཅད་པ་རེད།
ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཏང་ཀྲུང་དབྱང་གིས《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”གྲོས་གཞི་ཞིབ་འཇུག་བྱ་རྒྱུར་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》བཏང་བ་དང་། ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནས་བསམ་འཆར་བསྡུ་ལེན་བྱས་ཡོད། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཡིག་ཆའི་འཆར་ཟིན་འགོད་པའི་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་གྲོས་གཞིའི་འཆར་ཟིན་འགོད་པའི་བྱ་བ་དངོས་སུ་མགོ་བརྩམས་པ་རེད།
ཕྱོགས་གང་ཅིའི་ཐད་ནས་ཕྱིར་ལྡོག་བྱས་པའི་བསམ་འཆར་ལ་བལྟས་ན། ཚང་མས་ངོས་འཛིན་གཅིག་མཐུན་བྱས་ཡོད་པ་ནི “བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག“ལོ་ལྔའི་འཆར་འགོད་བཅུ་བཞི་བའི” གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པ་མ་ཟད་གྲོས་གཞི་བཏོན་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང2035ལོའི་རྒྱང་རིང་དམིགས་འབེན་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་པ་དེས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་དང་སྐུལ་ལྕག་བྱས་ནས། མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
ཚང་མས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་གོ་སྐབས་གལ་ཆེན་གྱི་དུས་རིམ་དུ་གནས་ཡོད་མོད། འོན་ཀྱང་མདུན་དུ་ལྷགས་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་པའི་སྒང་ཡིན། རང་རྒྱལ་ལ་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་ལམ་ལུགས་ཀྱི་ཁྱད་སྟོབས། འཕེལ་རྒྱས་ཀྱི་ཁྱད་སྟོབས། གོ་སྐབས་ཀྱི་ཁྱད་སྟོབས་བཅས་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་བཞིན་མཐུན་རྐྱེན་མང་པོ་ཡོད་པས། ང་ཚོར“ངོ་མཚར་ཆེན་པོ་གཉིས”ཀྱི་ལེའུ་གསར་བ་རྩོམ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད། ནུས་པ་བཅས་ལྡན་ཡོད། གྲོས་གཞི་གཏན་འབེབས་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་དང་དམིགས་འབེན་གཙོ་བོ། དེ་མིན2035ལོའི་རྒྱང་རིང་གི་དམིགས་འབེན་བཅས་གསལ་བོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་སྣེ་ཁྲིད་ནུས་པ་འབུར་ཐོན་དུ་བཏང་ནས། མཚོན་རྟགས་རང་བཞིན་ལྡན་པའི་འཐབ་ཇུས་གལ་ཆེན་ཁག་ཅིག་བཏོན། རྒྱང་ལྟའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། རྨང་གཞིའི་རང་བཞིན། ཁ་གཏད་རང་བཞིན་བཅས་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ་དང་། ཁྱབ་ཁོངས་གལ་ཆེན་གྱི་རྒྱུན་མཐུད་བཅོས་སྒྱུར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པར་ཚང་མས་ཡོངས་ཁྱབ་ཀྱིས་རེ་བ་བཅང་ཡོད།
ཐེངས་འདིའི་གྲོས་གཞིའི་འཆར་ཟིན་འགོད་པའི་ཁྱད་ཆོས་གལ་ཆེན་ཞིག་ནི་དམངས་གཙོ་དར་སྤེལ་དང་སྒོ་འབྱེད་ཇུས་འདྲི། བློ་བསྡུས་དགེ་འཚོལ་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ངས“ལོ་ལྔའི་འཆར་འགོད་བཅུ་བཞི་བ”བཟོ་བའི་ཐད་ལ་བླང་བྱ་རབ་དང་རིམ་པ་གསལ་བོ་བཏོན་ཡོད་པ་དང་། རྩེ་གྲས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་རྒྱུ་གཅིག་གྱུར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་བ”ཐབས་འདོན་ཇུས་འདོན་བྱེད་དགོས་པ་ནན་བཤད་བྱས་ཡོད། ཟླ་བདུན་པའི་ཟླ་སྨད་ནས་ཟླ་དགུ་བའི་ཟླ་སྨད་བར་དུ། བདག་གིས་སྔ་རྗེས་སུ་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ། དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ། ཚན་རིག་པའི་བཞུགས་མོལ་ཚོགས་འདུ། གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ། སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བཅས་ལ་མགོ་འཛིན་བྱས་ཏེ། ཕྱོགས་སོ་སོས་ལོ་ལྔའི་འཆར་འགོད་བཅུ་བཞི་བར་བཏོན་པའི་བསམ་འཆར་དང་གྲོས་གཞིར་གསན་པ་ཡིན། སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”སྒྲིག་བཟོའི་བྱ་བའི་ཐད་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཧུར་ཐག་གིས་ཟབ་ཞུགས་བྱས་པ་དང་། བསམ་འཆར་ས་ཡ་གཅིག་ལྷག་སྤེལ་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱིས་དེའི་ཁྲོད་ཀྱི་གྲོས་གཞི་སྟོང་གཅིག་ལྷག་ལེགས་སྒྲིག་བྱས་ཡོད།
ཡིག་ཆའི་མ་ཟིན་འགོད་མཁན་ཚན་ཁག་གིས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་རྒྱ་ཁྱབ་ངང་ཉན་པ་དང་། གྲོས་བསྡུར་དང་བཟོ་བཅོས་ཡང་ཡང་བྱས་ཏེ་གྲོས་གཞིའི་ཡི་གེའི་མ་ཟིན་འགོད་པའི་བྱ་བ་ནན་ཏན་ངང་ཡག་པོ་བསྒྲུབས་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ཀྱི་གཏན་འབེབས་གཞིར་བཟུང་ནས། སྤྱི་ཟླ་བརྒྱད་པའི་ཚེས་བཅུ་ཉིན། གྲོས་གཞིའི་མ་ཡིག་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། དེའི་ནང་དུ་ཏང་ནང་ཁུལ་གྱི་བློ་མཐུན་རྒན་གྲས་ཁག་ཅིག་གི་བསམ་འཆར་བསྡུ་ལེན་བྱས་ཡོད་པའང་འདུས་ཡོད་པར་མ་ཟད། ད་དུང་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ལ་ཆེད་དུ་ཉན་པ་ཡིན།
བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ལ་བལྟས་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་གཞིའི་མ་ཡིག་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚང་མས་བལྟས་ན། གྲོས་གཞིའི་འཆར་ཟིན་གྱི་གནས་བབ་ལ་བརྡར་ཤ་གཅོད་རྒྱུ་ཚན་རིག་དང་མཐུན་ཞིང་རིག་པ་གསལ་བོ་ཡིན་པ། དམིགས་འབེན་དང་བླང་བྱ་ཚད་མཐོན་པོ་དང་དོན་དངོས་ཡིན་པ། མཛུབ་སྟོན་བྱེད་ཕྱོགས་ཀྱི་དར་ཆ་གསལ་བོ་ཡིན་པ། ལས་འགན་བཀོད་སྒྲིག་གི་ཁ་ཕྱོགས་གསལ་བོ་ཡིན་པས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི《རྩ་གནད》སྒྲིག་བཟོ་བྱེད་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། གྲོས་གཞིའི་མ་ཡིག་གིས་རྒྱལ་ནང་དང་གོ་ལ་ཧྲིལ་བོའི་མཐོང་རྒྱ་གཅིག་འདོམས་བྱེད་པར་གཞི་འཛུགས་པ་རྒྱུན་འཁྱོངས་བྱས་ནས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། དུས་ཡུན་རིང་འབྲིང་གི་དམིགས་འབེན་དང་དུས་ཐུང་གི་དམིགས་འབེན་ཕན་ཚུན་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་འཆར་འགོད་དང་གཙོ་གནད་འབུར་ཐོན་ཕན་ཚུན་མཐུན་སྦྱོར་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། འབུར་ཐོན་གནད་དོན་དང་མངོན་གསལ་གྱི་ཞན་ཆར་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་རེ་ཞུ་དང་རེ་སྒུག་ལ་ལན་སློག་པ་དེས“ལོ་ལྔའི་འཆར་འགོད་བཅུ་བཞི་བ”སྒྲིག་བཟོ་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུར་ཕན་པ་ཡོད།
བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ཕྱོགས་སོ་སོས་བསམ་འཆར་དང་གྲོས་གཞི་བཟང་བོ་མང་པོ་བཏོན་ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ཡོད། གཅིག་ནི་ཉམས་མྱོང་ཕྱོགས་སྡོམ་གང་ལེགས་བྱས་ནས་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་ཞིང་ལས་འཕེལ་རྒྱས། རིག་གནས་འཛུགས་སྐྲུན། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཐད་ཀྱི་ནང་དོན་ཁ་གསབ་བྱེད་དགོས། གཉིས་ནི་གནས་བབ་དང་ཁོར་ཡུག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། ཚད་མཐའི་བསམ་གཞིགས་འཛུགས་པ་སོགས་ཐད་ཀྱི་ནང་དོན་ཁ་གསབ་བྱེད་དགོས། གསུམ་ནི་མཛུབ་སྟོན་བསམ་བློ་དང་རྩ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པ་ཤུགས་སྣོན་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྒྱ་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། འཕེལ་རྒྱས་དང་བདེ་འཇགས་སོགས་ཐད་ཀྱི་ནང་དོན་ལ་ཤུགས་སྣོན་གཅིག་འདོམས་བྱེད་དགོས། བཞི་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་དམིགས་འབེན་དང2035ལོའི་རྒྱང་རིང་དམིགས་འབེན་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་ཐུན་མོང་གིས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནང་དོན་ཁ་གསབ་བྱ་དགོས། ལྔ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། གསར་སྐྲུན་གྱི་སྐུལ་ལྕག་རྐྱེན་སྲོལ་དང་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ་སོགས་ཐད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དྲུག་ནི་དངོས་ཕུང་དཔལ་འབྱོར་ཏེ་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་གནས་བབ་གལ་ཆེན་ཡིན་པ་མངོན་གསལ་དུ་བཏང་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གཏོད་པ་སོགས་ཐད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བདུན་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྔར་ལས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་གིས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གལ་ཆེའི་ནོར་ཁྲལ་དངུལ་རྩའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་སོགས་ཐད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བརྒྱད་ནི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་སོགས་ཐད་ཀྱི་ནང་དོན་འཐུས་ཚང་དུ་གཏོང་དགོས། དགུ་ནི་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་སྔར་ལས་མཐོང་ཆེན་བྱེད་པ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་སྔར་ལས་མཐོང་ཆེན་བྱེད་དགོས། བཅུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་འགན་སྲུང་དང་སྤྱི་ཚོགས་བརྟན་བརླིང་དང་བདེ་འཇགས་སྲུང་སྐྱོང་སོགས་ཐད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།
ཡིག་ཆའི་མ་ཟིན་འགོད་མཁན་ཚན་ཁག་གིས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ། བསྡུ་ལེན་བྱ་དགོས་པའི་རིགས་བསྡུ་ལེན་གང་ཐུབ་བྱས་པ་དང་། ཐེངས366ལ་གྲོས་གཞིའི་མ་ཡིག་ལ་ཁ་སྣོན་བྱ་དགོས་སར་ཁ་སྣོན་བྱས་པ་དང་བཟོ་བཅོས་བྱེད་དགོས་སར་བཟོ་བཅོས་བྱས་པ། ཡིག་འབྲུ་མདོར་བསྡུས་གཏོང་དགོས་སར་མདོར་བསྡུས་བཏང་བས། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི546ལ་ཁྱབ་ཡོད། དེ་ནི་རང་རྒྱལ་གྱི་ཏང་ནང་ཁུལ་དུ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།
གྲོས་གཞིའི་ཡི་གེའི་མ་ཡིག་འགོད་པའི་རིང་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གསུམ་ལ་འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ཐེངས་གཉིས་འཚོགས་ཏེ་ཁག་སོ་སོར་གྲོས་ཞིབ་བྱས་པས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞིའི་མ་ཡིག་འདི་གྲུབ་པ་རེད།
གཉིས། གྲོས་གཞིའི་མ་ཡིག་གི་བསམ་གཞིགས་བྱེད་ས་གཙོ་བོ་དང་གཞི་རྩའི་སྒྲོམ་གཞི།
གྲོས་གཞིའི་མ་ཡིག་གི་སྤྱིའི་བསམ་གཞིགས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དུས་རིམ་གཉིས་སུ་བགོས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་ལྟར། མ་འོངས་པའི་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁ་ཕྱོགས་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཡོད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དམ་པོར་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་མ་ལག་ལྡན་པའི་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།
གྲོས་གཞིའི་འཆར་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། གཤམ་གྱི་རྩ་དོན་དག་ཁོང་དུ་ཆུད་པར་མཉམ་འཇོག་བྱས། གཅིག་ནི་རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་སྦྲེལ་མཐུད་ཡག་པོ་བྱས། གཉིས་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རང་རྒྱལ་ལམ་ལུགས་ཀྱི་ཁྱད་སྟོབས་སྔར་ལས་འདོན་སྤེལ་བྱས། གསུམ་ནས་སྒོ་འབྱེད་དང་རང་བདག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རྒྱལ་ནང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་ལེགས་པོ་བྱས། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མ་ལག་རང་བཞིན་གྱི་ཉེན་ཁར་དོགས་ཟོན་དང་ཁ་གཏད་ནུས་ལྡན་འཇལ་བར་བྱས། ལྔ་ནི་འཐབ་ཇུས་དང་འཐབ་རྩལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མིག་རྒྱང་རིང་བ་དང་། དངོས་གཉེར་གོ་ཆོད་ཀྱི་འཆར་འགོད་དང་གྲོས་གཞི་ཞིག་གཏན་འབེབས་བྱས་ཡོད།
གྲོས་གཞིའི་མ་ཡིག་ནི་བྱེ་བྲག15ལས་གྲུབ་པ་དང་ཁག་ཆེན་པོ་གསུམ་དུ་དབྱེ་ཡོད། ས་བཅད་དང་པོ་ནི་སྤྱིའི་རྣམ་བཤད་ཡིན་ཞིང་། དེའི་ནང་ཁག་དང་པོ་དང་གཉིས་པ་གཉིས་ཚུད་ཡོད། གཙོ་བོ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་འཕྲད་པ་ནས་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན་དང་དམིགས་འབེན་གཙོ་བོ་བཅས་རྒྱས་བཤད་བྱས་ཡོད། ཁག་གཉིས་པ་ནི་རྒྱས་བཤད་ཡིན། སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ནང་དོན་ལྟར་སྒྲིག་འཛུགས་བྱེད་དགོས་པ་དང་། ཁྱབ་ཁོངས་དབྱེ་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་གཙོ་གནད་ལས་འགན་རྒྱས་བཤད་བྱས་ཡོད་ལ། ཁག་བཅུ་གཉིས་བཀོད་སྒྲིག་བྱས་ཡོད། ཚན་རྩལ་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས། རྒྱལ་ནང་གི་ཚོང་ར། བཅོས་སྒྱུར་ཟབ་སྤེལ། ཞིང་སྡེ་དར་སྤེལ། ས་ཁོངས་འཕེལ་རྒྱས་བཅས་ནས་རིག་གནས་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས། ཕྱི་ཕྱོགས་སྒོ་འབྱེད། སྤྱི་ཚོགས་འཛུགས་སྐྲུན། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་ཕྱོགས་དང་གཙོ་གནད་བྱ་བ་གསལ་བོ་བྱས་ཡོད། ཁག་གསུམ་པ་ནི་མཇུག་གི་གཏམ་ཡིན། དེའི་ནང་ཁག་བཅོ་ལྔ་དང་མཇུག་གི་གཏམ་ཚུད་ཡོད། གཙོ་བོ་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཆར་འགོད་བཟོ་བ་དང་ལམ་ལུགས་དོན་འཁྱོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་རྒྱས་བཤད་བྱས་ཡོད།
གསུམ། གསལ་བཤད་བྱ་དགོས་པའི་གནད་དོན་གལ་ཆེན་འགའ།
གྲོས་གཞིའི་ཡི་གེའི་ནང་ལྟ་བ་དང་རྣམ་བཤད་གལ་ཆེན་འགའ་བཏོན་ཡོད། འདིར་དེའི་ནང་གི་དོན་ཚན་ཁ་ཤས་སྐོར་གསལ་བཤད་མདོར་བསྡུས་ཞུ་རྒྱུ་ཡིན།
དང་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་དུ་འཛིན་དགོས་པ། གྲོས་གཞིའི་མ་ཡིག་ནང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་གཞི་གཙོ་བོར་འཛིན་དགོས་པ་དང་། འདི་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་འཕེལ་རྒྱས་ཁོར་ཡུག འཕེལ་རྒྱས་ཆ་རྐྱེན་གྱི་འགྱུར་ལྡོག་བཅས་ལ་གཞིགས་ནས་གནང་བའི་ཚན་རིག་དང་མཐུན་པའི་བརྡར་གཅོད་ཞིག་ཡིན་པ་བསྟན་ཡོད། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་རེད། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་སྟེང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་སྔར་བཞིན་ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་རེད། ངེས་པར་དུ་ནན་བཤད་བྱ་དགོས་པ་ཞིག་ནི། དུས་རབས་གསར་བ་དང་དུས་རིམ་གསར་པའི་འཕེལ་རྒྱས་ལ་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས། དེང་སྐབས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་བར་གྱི་འགལ་བར་གྱུར་བ་དང་། འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་དག་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཐོག་གཅིག་བསྡུས་ཀྱིས་མཚོན་ཡོད། དེས་ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་གནད་དོན་དེ་སྔར་ལས་མངོན་གསལ་ཡིན་པའི་གནས་བབ་ཐོག་བཞག་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་ཤུགས་རྒྱག་དགོས།
དེང་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་དུ་འགྲོ་བཞིན་ཡོད། ཉེན་ཁ་དང་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། ཧུར་ཐག་གིས་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཕོག་ཐུག་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས། གནད་འགག་ནི་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ་བཅས་ལ་ཐུག་ཡོད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་དང་ཉེན་འགོག་ནུས་པ་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་ཡུན་རིང་གནས་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བཅས་བྱ་དགོས། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཚོན་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས་ལ། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངོས་གནས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། སྤུས་ཚད་ཀྱི་འཕོ་འགྱུར་དང་ལས་ཆོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་ཕན་བདེ་སྐྲུན་ཐུབ་པ་དང་། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པའི་ཕུགས་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།
གཉིས་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་འཛུགས་པ་གཙོ་གནད་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་བསྐྲུན་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དེ་ནི་བབ་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་རེད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དང་ལྷག་པར་དུ་འཛམ་གླིང་ཚོང་དོན་ཚོགས་པར་ཞུགས་རྗེས། རང་རྒྱལ་རྒྱལ་སྤྱིའི་འཁོར་སྐྱོད་ཆེན་པོའི་ནང་ཞུགས་པ་དང་། ཚོང་ར་དང་ཐོན་ཁུངས“སྣེ་གཉིས་ཕྱི་རུ་ཡོད་པ”དང་། “འཛམ་གླིང་གི་བཟོ་གྲྭ”འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་ལ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་མགྱོགས་མྱུར་ངང་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། ཉེ་བའི་ལོ་འགའི་རིང་ལ། གོ་ལ་ཧྲིལ་བོའི་ཆབ་སྲིད་དཔལ་འབྱོར་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། འཛམ་གླིང་ཅན་ལས་ལྡོག་པའི་གནས་ཚུལ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་ལ་ལས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་སྤེལ་བས། སྲོལ་རྒྱུན་གྱི་རྒྱལ་སྤྱིའི་འཁོར་སྐྱོད་མངོན་གསལ་སྒོས་ཉམས་ཞན་དུ་གྱུར། གནས་ཚུལ་དེ་འདྲའི་འོག ངེས་པར་དུ་འཕེལ་རྒྱས་གཏོང་གཞི་རྒྱལ་ནང་དུ་འཇོག་དགོས་པ་དང་། དེ་ལས་ཀྱང་རྒྱལ་ནང་གི་ཚོང་རར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས། རང་རྒྱལ་ལ་མི་གྲངས་དུང་ཕྱུར14ཡོད་ཅིང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་པའི་ཨ་སྒོར་ཁྲི་གཅིག་ལས་བརྒལ་ཡོད། དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་ཤོས་དང་སྦས་ཤུགས་ཡོད་པའི་འཛད་སྤྱོད་ཁྲོམ་ར་ཞིག་ཡིན་པས། འཕར་སྣོན་གྱི་བར་སྟོང་ཆེན་པོ་ལྡན་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོར་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་ཕོག་ཐུག་མང་པོ་འཕྲད་མྱོང་། མཇུག་མཐར་ཉེན་ཁ་བདེ་བར་སེལ་ཡོད། རྒྱབ་བརྟེན་ནི་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་རྐང་འཛུགས་ས་རྒྱལ་ནང་དུ་བདམས་པ་དེ་རེད།
འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་དགོས་ན། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་འཛིན་ས་ནས་རྒྱུན་འཁྱོངས་བྱས་ཏེ་ཐོན་སྐྱེད་དང་ཁག་བགོས། འཁོར་རྒྱུག འཛད་སྤྱོད་བཅས་རྒྱལ་ནང་གི་ཁྲོམ་རར་བརྟེན་ཚད་མང་དུ་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཐུབ་པ་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གྱི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འདོན་སྤྲོད་མ་ལག་གིས་རྒྱལ་ནང་གི་དགོས་མཁོར་འཚམས་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་གི་འགག་གནས་སེལ་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཆ་ཚང་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ནང་ཁྲོམ་ར་དེ་མཇུག་མཐའ་ཡི་དགོས་མཁོའི་ཡོངས་ཁུངས་གཙོ་བོར་འགྱུར་བ་དང་། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་སྐྲུན་པའི་ཆུ་ཚད་སྔར་ལས་མཐོ་བའི་དོ་མཉམ་རྣམ་པ་ཞིག་ཆགས་པར་བྱ་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ནི་སྒོ་བཀག་རྣམ་པའི་རྒྱལ་ནང་འཁོར་རྒྱུག་ཅིག་གཏན་ནས་མིན་པར། དེ་ནི་རྒྱལ་ཁབ་ཕྱི་ནང་ལ་སྒོ་འབྱེད་བྱས་པའི་འཁོར་རྒྱུག་ཅིག་རེད། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་རྒྱ་ཆེན་པོ་བྱེད་པར་སྐུལ་འདེད་བཏང་ན། གོ་ལ་ཧྲིལ་བོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་ལེགས་པའི་སྒོ་ནས་བསྡུ་ལེན་བྱེད་ཐུབ་པ་དང་རྒྱལ་ནང་གི་དགོས་མཁོ་སྐོང་ཐུབ་ལ། རང་རྒྱལ་གྱི་ཐོན་ལས་ལག་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་མཐོ་རུ་འགྲོ་སྲིད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་ཁྱད་སྟོབས་གསར་བ་ཆགས་ཐུབ།
གསུམ་པ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང2035ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་སྐོར་རེད། བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ས་གནས་དང་སྡེ་ཁག་ཁ་ཤས་ཀྱིས་གྲོས་གཞི་བཏོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དཔལ་འབྱོར་འཕར་བའི་མྱུར་ཚད་ཀྱི་དམིགས་འབེན་གསལ་པོར་བཏོན་པ་དང་། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་བའི་དམིགས་འབེན་གསལ་པོར་བཏོན་པ་དེ་རེད། ཡིག་ཆ་ཟིན་འགོད་ཚན་ཁག་གིས་ཞིབ་འཇུག་ནན་ཏན་དང་ཚོད་རྩིས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་དང་ཆ་རྐྱེན་ལ་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ལ་ཡུན་རིང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བའི་རེ་བ་དང་སྦས་ཤུགས་ཡོད་པར་འདོད། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་མཇུག་ཏུ་སླེབས་སྐབས་ད་ལྟ་སྤྱོད་བཞིན་པའི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་པ་དང་། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་ཏུ་འཇུག་ཐུབ་ངེས་རེད། དེ་དང་ཆབས་ཅིག མ་འོངས་པའི་དུས་སྐབས་ཤིག་གི་ནང་ཕྱིའི་ཁོར་ཡུག་ཁྲོད་བརྟན་འཇགས་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཅུང་མང་བར་གཞིགས་ནས། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕོག་ཐུག་གཏོང་སྲིད་པའི་ཉེན་འབྱུང་རྣམ་པ་མི་ཉུང་བ་གནས་སྲིད། པྲོག་གསར་གློ་ཚད་རིམས་ནད་དེ་གོ་ལ་ཡོངས་སུ་མཆེད་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་ངང་མར་ཆག་སྲིད་པ་དང་། དུས་ཡུན་རིང་བ་དང་འབྲིང་བའི་འཆར་འགོད་དམིགས་འབེན་གྱིས་དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར་ཡོང་བར་སྔར་ལས་མཐོང་ཆེན་བྱ་དགོས། ཕྱོགས་སོ་སོའི་བྱ་བའི་གཙོ་གནད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐོག་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས།
ཏང་ཀྲུང་དབྱང་གི་གྲོས་གཞི་གཙོ་བོ་ནི་ཁ་ཕྱོགས་ཆེན་པོར་དོ་དམ་བྱེད་པ་དང་འཐབ་ཇུས་ཆེན་པོ་འདོན་རྒྱུ་དེ་རེད། ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། གྲོས་གཞིའི་མ་ཡིག་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང 2035ལོར་སླེབས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་ཐད་གཏན་འཁེལ་གྱི་ཞིབ་གླེང་བྱ་རྒྱུ་གཙོ་བོར་བཟུང་ནས། གྲངས་ཀ་གཏན་འཁེལ་བྱེད་པའི་བྱ་ཐབས་སྤྱད་ཡོད། འཆར་གཞིའི《རྩ་གནད》སྒྲིག་བཟོ་བྱེད་སྐབས་ཞིབ་རྩིས་ནན་ཏན་བྱེད་པའི་རྨང་གཞིའི་སྟེང་དེ་བསྟུན་གྱི་གྲངས་བཅད་དམིགས་འབེན་འདོན་ཆོག་པ་རེད།
བཞི་བ། མི་དམངས་ཡོངས་ཐུན་མོང་གིས་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་བ་ཡིན། ང་ཚོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ཡོངས་ཐུན་མོང་གིས་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་རེད། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐུན་མོང་གིས་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་པས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་གཙོ་གནད་དུ་བཟུང་ཡོད་པ་དང་། ད་ལྟའི་ཚད་གཞི་ལྟར་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱས་ཡོད་ལ། མི་དམངས་ཡོངས་ཐུན་མོང་གིས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། མཁར་གྲོང་ཁྱབ་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་ཁྱད་ཅུང་ཆེ་བས། མི་དམངས་ཡོངས་ཐུན་མོང་གིས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་མོད། འོན་ཀྱང་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བ་བཏོད་པ་དང་བསྟུན་ནས། ང་ཚོས་ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་ལ། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམིགས་འབེན་འདི་ལ་ཁ་ཕྱོགས་ཏེ་འབད་བརྩོན་ལྷོད་མེད་བྱེད་དགོས། དེར་བརྟེན། གྲོས་གཞིའི་མ་ཡིག་གིས2035ལོར་སླེབས་དུས་སྤྱིའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་མངོན་འགྱུར་ཡོང་བ་དང་། མི་དམངས་ཡོངས་ཐུན་མོང་གིས་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཡིན་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱ་རྒྱུའི་ཐད་གཙོ་བོར་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད་ལ། གཞན་ཡང་བླང་བྱ་གལ་ཆེན་དང་བྱ་ཐབས་གལ་ཆེན་ཁག་ཅིག་བཏོན་ཡོད། ཞིབ་གླེང་འདི་འདྲ་ཞིག་ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ནང་ཐོན་པ་ཐེངས་དང་པོ་རེད། དེས་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་ཀྱི་དམིགས་འབེན་གསལ་པོར་བསྟན་ཡོད་པ་དང་། དངོས་ཐོག་བདེན་འཚོལ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་པས། དགོས་མཁོ་དང་སྒྲུབ་ཐུབ་ཚོད་གཉིས་ཀར་ལྟ་རྟོག་བྱས་ཡོད་ལ། བྱ་བའི་ཁྲོད་ཧུར་ཐག་དང་བརྟན་པོའི་ངང་ཁོང་དུ་ཆུད་པ་བྱས་ཏེ་མི་དམངས་ཡོངས་ཐུན་མོང་གིས་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ལམ་བུའི་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུར་ཕན་པ་ཆེན་པོ་ཡོད།
ལྔ་བ། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཀྱི་སྐོར། ང་ཚོར་སྔར་ལས་ལྷག་པའི་ངོས་ཟིན་ཟབ་མོ་ཞིག་ཐེབས་ཡོད་པ་ནི། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན་པ་དེ་རེད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ནི་རང་རྒྱལ་གྱི་འགལ་བ་དང་ཉེན་ཁ་སྣ་ཚོགས་འབྱུང་སླ་བའི་དུས་སྐབས་ཤིག་ཡིན་ཞིང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། ཚད་མཐའི་བསམ་གཞིགས་འཛུགས་པ་དང་། དཀའ་ངལ་ལ་ཚོད་དཔག་སྔར་ལས་གང་ལེགས་བྱེད་པ་དང་ཉེན་ཁའི་བསམ་གཞིགས་སྔར་ལས་གཏིང་ཟབ་བྱས་ཏེ། སྐྱོན་ཆ་དང་དྲག་ཞན་གྱི་རྣམ་པར་བཀག་འགོག་བྱེད་པར་དོ་སྣང་བྱེད་པ་དང་། སྔོན་ལ་འཐབ་ཇུས་བཟང་བོ་འཐེན་ནས་རང་འགུལ་གྱིས་དམག་འཐབ་ཡག་པོ་རྒྱག་དགོས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔོན་འགོག་དང་འདུམ་སྒྲིག་ནུས་ལྡན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས།
གོང་གསལ་གྱི་ངོས་འཛིན་ལ་གཞིགས་ནས། གྲོས་གཞིའི་མ་ཡིག་གི་ཆེད་སྒྲིག་ཚན་པ་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།
དྲུག་པ། མ་ལག་གི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར། གྲོས་གཞིའི་མ་ཡིག་ནང“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མ་ལག་འཆར་འགོད་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས། ལག་ལེན་གྱི་དགོས་མཁོ་གསར་བར་གཞིགས་ནས། བཀོད་སྒྲིག་གསར་བ་དང་ཐབས་ཇུས་གསར་བ་རབ་དང་རིམ་པ་ཆགས་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཡོད། བརྒྱུད་རིམ་དེའི་ཁྲོད་མ་ལག་གི་འདུ་ཤེས་ལ་རྨང་གཞིའི་རང་བཞིན་གྱི་བསམ་བློ་དང་བྱ་བའི་བྱེད་ཐབས་ལྡན་ཡོད།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྗེས་སུ། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་མགོ་རྩོམ་རྒྱུ་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་འཕྲད་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་རེད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་རྙོག་འཛིང་ཆེ་བས། ངེས་པར་དུ་མ་ལག་གི་ལྟ་བ་ནས་འགོ་ཚུགས་ཏེ་འཆར་འགོད་དང་ཐག་གཅོད་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཁྱབ་ཁོངས་སོ་སོའི་བྱ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བྱེད་དགོས།
བདུན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ལེགས་འགྲུབ་གནས་ཚུལ་དང་ཁྱབ་སྒྲོག་དུས་ཚོད་སྐོར། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་སྐབས། མི་གྲངས་དུང་ཕྱུར་བཅུ་ཕྲག་འགར་ཕན་ཞིང་ཆུ་ཚད་སྔར་ལས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་བྱ་རྒྱུ་ནི་ང་ཚོའི་ཏང་དུས་རབས་གསར་བར་སླེབས་རྗེས། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྨང་གཞིའི་སྟེང་བཏོན་པའི་འབད་འཐབ་དམིགས་འབེན་ནི་མི་དམངས་ལ་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་ཚུལ་བཏོན་པ་ནས་བཟུང་། ང་ཚོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩིས་ནས། མི་རབས་ཁ་ཤས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་ཡིན། ང་ཚོས་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་སྤེལ་བཅས་ལ་དམ་འཛིན་བྱས་པ་དང་། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། གནད་འཁེལ་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་རྒྱུན་འཁྱོངས་བྱས་པས། གྲུབ་འབྲས་གལ་ཆེན་དང་གསར་བ་རབ་དང་རིམ་པ་ཐོབ་ཡོད། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་སླར་གསོ་བྱུང་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཇེ་ལེགས་སུ་སོང་ཡོད་པ་དང་། སྤྱི་ཚོགས་ཀྱི་དམངས་ཚིས་ལ་འགན་སྲུང་ནུས་ལྡན་བྱས་ཡོད། སྔོན་དཔག་བྱས་ན་ད་ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་པས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི100ལས་བརྒལ་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། ད་ལྟའི་ཚད་གཞི་ལྟར་ན་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཕྱོགས་ཡོངས་ནས་དབུལ་ཐར་བྱས་ཡོད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་དུས་ལྟར་ལེགས་འགྲུབ་བྱེད་ཐུབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་ཐུབ་རྒྱུ་རེད།
མིག་སྔར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དུས་ཡིན་པས། གྲོས་གཞིའི་མ་ཡིག་ནང“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ”ཞེས་བརྗོད་ཡོད། སང་ལོའི་ལོ་སྟོད་དུ་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བརྒྱུད་རིམ་ལྡན་པའི་དཔྱད་འཇོག་དང་སྤྱི་བསྡོམས་བྱ་རྒྱུ་དང་། དེ་རྗེས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།
བློ་མཐུན་རྣམ་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང2035ལོའི་རྒྱང་རིང་དམིགས་འབེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། དེ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། ཚང་མས་བསམ་གཞིགས་ནན་ཏན་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་པ་དང་། ཆུ་ཚད་མཐོ་བའི་འཆར་འགོད་དང་གྲོས་གཞི་ཞིག་གཏན་འབེབས་བྱ་དགོས། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་བློ་བསྡུས་དགེ་འཚོལ་བྱས་ནས་ཐུན་མོང་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལེགས་པར་འཚོག་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།