ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་རྩ་བ་ཚུགས་ནས་འབྲས་བུ་ཐོན་པར་སྐུལ་འདེད་བཏང་།
2020.11.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

--ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མཚོ་སྔོན་གྱི་སྒྲོག་འགྲེལ་ཟུར་བྲིས།

མཚོ་སྔོན་སློབ་ཆེན་གྱི་དགེ་སློབ་བཅོ་བརྒྱད་ཞོགས་པ་སྔ་མོ་ནས་སློབ་ཁུལ་ནས་ཐོན་ཏེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོར་འབྱོར། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ག་གནས་དེ་ནས་འཚོགས་པ་རེད།

མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཝུའུ་ཁྲོན་ཕིན་རང་ཉིད་ཀྱི་འདུག་སྟེགས་སྟེང་བསྡད་དེ་སྔ་མོ་ནས་འབྲི་དེབ་དང་སྨྱུ་གུ་གྲ་སྒྲིག་བྱས་ཡོད། སྐབས་དེར། ཚོགས་ཁང་ཆེན་མོའི་འདུག་སྟེགས་ཚང་མའི་སྟེང་དུ་མི་བསྡད་ཡོད་པ་དང་། དགའ་སྤྲོའི་རེ་སྒུག་ཁྲོད་ནས་ཚོགས་འདུ་ཚོགས་པར་སྒུག་འདུག

སྔ་དྲོའི་དུས་ཚོད་དགུའི་སྟེང་། དགའ་སྤྲོའི་ཐེབ་མོ་རྡེབ་སྒྲའི་ཁྲོད་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་རྩ་འཛུགས་པུའུ་ལས་བགོས་དོ་དམ་གྱི་ཉིན་རྒྱུན་བྱ་བའི་པུའུ་ཀྲང་གཞོན་པ་ཅཱང་ཞིན་ཀྲི་ཡིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་ཕུལ་སྟེ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསོན་ཉམས་ལྡན་པའི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཁྱོན་ཡོངས་མ་ལག་གི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཐེངས་གཅིག་བྱས།

སྙན་ཞུའི་ཚོགས་འདུའི་སྟེང་། ཚོགས་ཞུགས་པ་རྣམས་ཀྱིས་ཞིབ་ཚགས་དང་ནན་ཏན་གྱིས་ཉན་བཞིན་ཡོད་པ་དང་། མཚམས་ལན་རེར་དེའི་ཁྲོད་ཀྱི་་གོ་བ་ཟབ་མོར་མྱོང་རོལ་བྱེད་བཞིན་འདུག ཚོགས་རའི་སྟེང་བསམ་བློ་མཉམ་འདྲེས་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་བརྒྱུད་སྤྲོད་བཅས་བྱས་པ་དང་། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ཁོང་དུ་ཆུད་པར་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བསམ་བློ་གསར་བ་དང་། ལྟ་བ་གསར་བ། བཀོད་སྒྲིག་གསར་བ། བླང་བྱ་གསར་བ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དང་། བསམ་ཕྱོགས་སྔར་བས་ཇེ་གསལ། ཁ་ཕྱོགས་སྔར་ལས་གཏན་འཁེལ་གསལ་བོ་བྱེད་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ། ཞིབ་འཇུག་པ་སུན་ཧྥ་ཕེང་གིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུ་ལ་ཉན་པ་བརྒྱུད།《བསམ་འཆར》ནང་བཀོད་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོར་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རླབས་ཆེན་དམིགས་འབེན་འཛུགས་སྐྲུན་བྱེད་པ་སྔར་ལས་ཁོང་དུ་ཆུད་པར་བྱས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བུའི་སྟེང་གི་གཞུང་ལུགས་ཀྱི་དོན་སྙིང་དང་། འཛམ་གླིང་གི་དོན་སྙིང་། དངོས་ཡོད་དོན་སྙིང་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་པའི་ཚད་ཇེ་ཟབ་དུ་བཏང་། རིགས་པའི་གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་ཀྱི་མ་ལག་དྲིལ་སྒྲོག་དང་། རྒྱས་བཤད། ཞིབ་འཇུག་བྱེད་པའི་ཕྱོགས་ནས་ངེས་པར་དུ་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་སྣང་། ཀྲུང་གོའི་ཉམས་འགྱུར་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ལ་སྟོབས་ཤུགས་འབུལ་རྒྱུ་ཟེར།

དེ་རིང་གི་སྒྲོག་འགྲེལ་གྱི་ཚད་མཐོ་བ་དང་། གཏིང་ཟབ་ལ། དྲོད་ཁོལ་ཡོད་པས་ཕན་པ་ཆེན་པོ་ཐོབ་ཡོད། ལྷག་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱིས་རིག་གནས་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། འཐབ་ཇུས་དང་ཁྱོན་ཡོངས་ནས་འཆར་འགོད་དང་ཇུས་འགོད་བྱས་ཡོད། དེའི་ནང་གལ་ཆེ་ཤོས་ནི2035ལོར་སླེབས་སྐབས་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་བྱ་རྒྱུ་དེ་ཡིན་ཞེས་གསལ་པོར་བསྟན་ཡོད། ཏང་གི་སྨྱན་སྦྱོར་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག དངོས་འབེབ་གཏིང་ཟབ་བཅས་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་བསྡུས་བྱེད་པ། མི་གསར་བ་སྐྱེད་བསྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་གཏོད་པ་སོགས་ཀྱི་ལས་འགན་ལ་དམིགས་ཏེ། ཏང་གི་བསམ་ཕྱོགས་བརྒྱུད་སྒྲོག་ཡག་པོ་བྱེད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་དེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཤན་ཤུགས་དང་བྱས་རྗེས་འབུལ་བའི་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་བློ་བཟང་གིས་དེ་ལྟར་བཤད།

སྒྲོག་འགྲེལ་སྙན་ཞུ་ཧ་ཅང་ཡག་པོ་འདུག་ཅེས་ཞིང་ཆེན་ཏང་ཨུའི་སྒྲོག་སྦྱོང་ཚོགས་པའི་ཚོགས་གཙོ་ཀྲའོ་ལན་ཡུས་ཀྱིས་སྙན་ཞུ་དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཕྱོགས་ཡོངས་ཀྱི་ཟུར་ཁྲིད་ཅིག་དང་སྐུལ་འདེད་ནུས་ལྡན་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་ཡིན་པ་དང་། ང་ཚོས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་གྱི་བྱ་བའི་ཁྲོད་འདྲེས་སུ་བཅུག་ཏེ། དམིགས་གཏད་རང་བཞིན་དང་འགུལ་རྣམ་ཅན་གྱི་སྒྲོག་འགྲེལ་བྱེད་སྒོ་བརྒྱུད་དེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱ་རྒྱུ་ཟེར།

སྒྲོག་འགྲེལ་དེ་གཞུང་ལུགས་ཀྱི་ཚད་མཐོ་བ་དང་། བསམ་བློའི་གཏིང་ཟབ་པ་ཞིག་ཡིན་ལ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། མཐོ་རིམ་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་ལྟར་འགྱུར་བ་གཏོང་བ། རང་འགུལ་གྱིས་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་ལ་སློབ་མ་རྣམས་སེམས་གཏིང་ནས་དགའ་བ་དང་། མི་ཚེ་གང་བོར་ཕན་ཐོགས་པའི་ཕུལ་བྱུང་བསླབ་ཚན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ནས། དུས་རབས་གསར་པའི་མཐོ་རིམ་སློབ་གྲྭའི་མར་ཁེ་སི་རིང་ལུགས་གཞུང་ལུགས་ཀྱི་སློབ་གསོའི་ལས་དོན་ལ་བྱས་རྗེས་གསར་པ་འབུལ་རྒྱུ་ཡིན་ཞེས་དགེ་རྒན་ཝུའུ་ཁྲོན་ཕིན་གྱིས་དེ་ལྟར་བཤད།

དུས་ཚོད་གཉིས་དང་ཕྱེད་ཀའི་རིང་གི་སྙན་ཞུ་མི་རྣམས་ཀྱི་སེམས་ལ་ཟུག་པ་ཞིག་རེད། ཚོགས་ར་ནས་ཕྱིར་ཐོན་སྐབས། ཚང་མའི་ཀླད་པའི་ནང་དུ་ད་དུང་སྒྲོག་སྦྱོང་ནང་དོན་འཁོར་བཞིན་ཡོད་པ་རེད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་གནད་དོན་ལ་འགྲེལ་བཤད་བྱེད་ཆེད། སྒྲོག་འགྲེལ་ཚོགས་པ་དང་བཅས་པས་ཉིན་དེའི་ཕྱི་དྲོར་སླར་ཡང་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་དུ་བསྐྱོད་ནས་ཚང་མར་དྲོད་སྐྱིད་ལྡན་པའི“ཟུར་ཁྲིད”ཐེངས་གཅིག་བྱས་པ་མ་ཟད། ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས་ནས་དྲི་བ་རེ་རེར་ལན་བཏབ།

མཚོ་སྔོན་སློབ་ཆེན་གྱི་རིག་ལྡན་ཐོག་ཁང་ཆེན་མོའི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་ཚང་མ་མཉམ་དུ་བསྡད་དེ་བཞུགས་མོལ་བྱས། ཅཱང་པུའུ་ཀྲང་ལགས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཇི་ལྟར་འདོན་སྤེལ་ལེགས་པོ་བྱས་ཏེ་ས་ཁོངས་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་ཡིན་པའི་གནད་དོན་ཐག་གཅོད་བྱས་ནས། ནུབ་རྒྱུད་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་བར་ཁྱད་སྔར་ལས་ཇེ་ཆུང་དུ་གཏོང་དགོས་སམ། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་པས་མི་རིགས་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེན་ཡིན་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་བདེ་སྡུག་ཐུན་མོང་ཚོགས་པའི་འདུ་ཤེས་ལ་གོ་བ་ཇི་ལྟར་ལེན་དགོས་སམ། གོ་སྐབས་ནི་ཐོབ་དཀའ་ཞིང་། ཐལ་མོའི་རྡེབ་སྒྲ་མ་འཇགས་པར་ཡང་ལག་པ་ཡར་བཀྱགས་ནས་དྲི་བ་འདྲི་མཁན་བྱུང་། ཚད་ཡོད་པའི་དུས་ཚོད་ཀྱི་ནང་ཚང་མས་གཅིག་རྗེས་གཉིས་མཐུད་ངང་དྲི་བ་བཏོན་པ་དང་། ཅཱང་ཞིན་ཀྲི་ཡིས་བབ་ཆགས་ལ་གསོན་ཉམས་ལྡན་པའི་སྐད་ཆའི་ལམ་ནས་ཚང་མའི་དྲི་བར་ལན་བཏབ།

མཚོ་སྔོན་དགེ་ཐོན་སློབ་ཆེན་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གི་བསམ་བློ་ཆབ་སྲིད་བརྗེ་རེས་སློབ་ཁྲིད་ཀྱི་སྟེང་། ཅཱང་ཞིན་ཀྲི་ཡིས་ཐག་ཉེ་ས་ནས་ཚང་མ་དང་བསམ་བློ་བརྗེ་རེས་བྱས་ཏེ། དགེ་སློབ་རྣམས་ཀྱི་དོགས་གནད་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། དེ་རིང་གི་བཞུགས་མོལ་ལས་ང་ལ་ཕན་པ་མང་པོ་ཐོབ་བྱུང་། སྒྲོག་འགྲེལ་གྱིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པར་ལྡེ་མིག་ཞིག་མཁོ་འདོན་བྱས་སོང”ཞེས་མཚོ་སྔོན་དགེ་ཐོན་སློབ་ཆེན་ཟུར་གཏོགས་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་ཀྲང་ཡོན་ཧྥང་གིས་དེ་ལྟར་བཤད་པ་དང་། སློབ་འབྲིང་གི་བསམ་བློ་ཆབ་སྲིད་བསླབ་ཚན་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་སུ་འཇུག་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་པ་དང་། སློབ་མའི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཡིད་རྟོན་དང་། གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། སློབ་མ་རྣམས་ཀྱིས་མི་ཚེའི་གོམ་པ་དང་པོ་ཡག་པོ་ཞིག་སྤོ་བར་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར།

ཕུགས་འདུན་གྱི་འཆར་འགོད་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མདུན་སྐྱོད་བྱེད་དགོས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་ཆུད་པར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དོན་དངོས་ཀྱི་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་ཕྲག་ཏུ་བླངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱ་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ།