ལོ་སོ་གཉིས་ཡིན་དུས་འཇམ་དབྱངས་རྡོ་རྗེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཞིག་ཡིན། ཉིན་ཞིག་གི་དགོང་མོར། ཁོ་རང་མལ་ཁྲིའི་སྟེང་ཉལ་ནས་སྡོད་སྐབས། གློ་བུར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་གནས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གསར་འགྱུར་ཞིག་མཐོང་བྱུང་། “འབྲོག་པ་མང་པོ་ཞིག་གིས་འུར་ཆ་བསྐྱུར་ཏེ་སྐྱེ་ཁམས་བདག་སྐྱོང་པར་གྱུར་ནས་གཙང་གསུམ་འབྱུང་ཡུལ་གྱི་རྒྱ་ཆེ་བའི་ས་གཞིའི་སྟེང་ཡོངས་སུ་ཁེབས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲོམ་གཞི་ཞིག་གྲུབ།” “རེ་བར་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་གོའི་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཉམ་དུ་དོ་ཁུར་བྱེད་རོགས”སོགས་རྩོམ་ཡིག་ནང་གི་སྐད་ཆ་རེ་རེ་ནི་ཐོ་བ་ཞིག་དང་འདྲ་བར་ཁོའི་སེམས་པའི་སྒོ་མོ་རྡུང་། ཁ་པར་ཐང་ལ་བཞག་རྗེས། ཡུན་རིང་བསམ་གཞིག་གི་ཀློང་ལ་ཚུད་ཅིང་། སྒེའུ་ཁུང་ཕྱི་རོལ་གྱི་མཚར་སྡུག་བཀྲ་བའི་སྐར་ཚོགས་ལ་ལྟ་བཞིན། འཇམ་དབྱངས་རྡོ་རྗེ་ལ་གློ་བུར་དུ“ཁྲིགས་ཁྲིགས་མེད་ན་ངས་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ནུས་པ་ཞིག་འདོན་ཐུབ་སྲིད”སྙམ་པའི་བསམ་ཚུལ་ཞིག་སྐྱེས།
དེ་འདྲའི་བསམ་ཚུལ་དྲག་པོ་ཞིག་ཡོད་སྟབས། ཅུང་མ་འགོར་བར། འཇམ་དབྱངས་རྡོ་རྗེ་ཡིས་ཉེ་འཁོར་གྱི་མིས་བལྟས་ན་ཚ་འཁྲུལ་བྱུང་བ་མིན་ནམ་སྙམ་པའི་སེམས་ཐག་ཅིག་བཅད་ཅིང་། བགྲང་བྱ་བརྒྱད་ལྷག་གི་རིང་ལ་བྱ་བ་སྒྲུབ་སའི་དགེ་རྒན་དཔུང་སྡེ་དང་ཁ་བྲལ་ཏེ་རྨ་ཆུ་ཞང་དུ་ལས་གནས་སྤར་ཏེ་ཞང་གྲོང་གི་ལས་བྱེད་པ་ཞིག་ཏུ་གྱུར། མི་རྣམས་ཀྱི་སེམས་སུ་འཁོར་མི་ཐུབ་པ་ནི་དེ་ཁོ་ན་ཙམ་མ་ཡིན་པར། སློབ་གྲྭ་ནི་རྫོང་མཁར་དུ་ཡོད་ལ། ད་ལྟ་ཁོའི་ལས་སྒྲུབ་བྱེད་སའི་རྨ་ཆུ་ཡུལ་ཚོ་ནི་གནས་བབ་ཤིན་ཏུ་སྡུག་པོ་དང་རྗེས་ལུས་ཡིན་པ་རེད།
“ཧེ་ཧེ། རྫོང་མཁར་དུ་ལས་གནས་སྤོར་འདོད་པའི་མི་ཅི་འདྲ་མང་པོ་ཡོད་དམ།”འཇམ་དབྱངས་རྡོ་རྗེ་ཡི་གནས་ཚུལ་ཐོས་པའི་ལས་གྲོགས་མི་ཉུང་བ་ཞིག་གིས་ཁོ་རང“སྨྱོས་འདུག”བསམ་གྱིན་ཡོད་པས། ཁོའི་ངག་ན་བརྗོད་བཞིན་པའི་འགན་འཁྲིའི་འདུ་ཤེས་དྲག་པོ་དགོས་ཞེས་པ་དེ་རྟོགས་མཁན་ཤིན་ཏུ་ཉུང་།
“མགོ་ལོག་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པའི་ངོས་ནས། ང་ནི་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་། རྒྱལ་ཁབ་ཀྱིས་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཞིག་བཏོན་ཏེ་ངའི་ཕ་ཡུལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས་རང་ཉིད་ལ་དེའི་ཁྲོད་ཞུགས་པའི་འགན་འཁྲི་ཡོད།”
2016ལོར། འཇམ་དབྱངས་རྡོ་རྗེ་རང་གི་རེ་བ་ལྟར་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པར་གཙོ་འགན་འཁུར་མཁན་གྱི་ལས་བྱེད་ཅིག་ཏུ་གྱུར་ཅིང་། ཞང་ཡོངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་བརྒྱད་བརྒྱ་གྱ་དྲུག་ལ་དོ་དམ་བྱ་རྒྱུ་དེ་ནི་ཁོའི་བྱ་བ་གཙོ་བོར་གྱུར། འདི་ལྟར་བཤད་ཀྱང་འགྲིག་སྟེ། བལྟས་ཚོད་ཀྱིས་ད་ལྟའི་ལས་དོན་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་འདས་ཟིན་པའི་བྱ་བའི་ཉམས་མྱོང་གིས་ཁོ་ལ་དེ་ལས་ལྡོག་སྟེ་མི་ལ་དོ་དམ་བྱེད་པའི་བྱ་བ་འདིའི་ཐད་ལ་བྱང་ཆ་ལྡན་པ་ཞིག་ཏུ་བཏང་། བྱ་བ་ཐོག་མར་སྒྲུབ་སྐབས། འཇམ་དབྱངས་རྡོ་རྗེ་ཡིས་སྐྱེ་ཁམས་བདག་སྐྱོང་པའི་ཕྱོགས་ཀྱི་དོ་དམ་སྒྲིག་སྲོལ་ལ་ཞིབ་འཇུག་ཕྲ་ཞིང་ཞིབ་པ་ཞིག་བྱས་ཏེ་རང་ཉིད་ཀྱིས་གསལ་པོར་རྟོགས་རྗེས། ཁོས་གསར་དུ་ལས་རིགས་བསྒྱུར་བའི་སྐྱེ་ཁམས་བདག་སྐྱོང་པ་བརྒྱ་ཕྲག་དུ་མ་རང་ཉིད་ཀྱི་ཐོབ་ཐང་གསར་བར་ཇི་ལྟར་འཚམ་དུ་འཇུག་པར་བསམ་གཞིག་བྱེད་མགོ་བརྩམས།
སློབ་གྲྭ་དང་འདྲ་བར། བདག་སྐྱོང་པ་བརྒྱད་བརྒྱ་ལྷག་ཡོད་པ་དེ་ཚན་ཆུང་རེ་བདུན་ལ་བགོས་ཏེ། བར་ཐག་ཉེ་བའི་ཚན་ཆུང་རྣམས་ཡང་བསྐྱར་ཚན་ཆུང་ཆེན་པོ་ཞིག་ཏུ་བཏང་། སྐད་འཕྲིན་ལས་དོན་ཚོགས་པའི་ནང་། ཚན་ཆུང་སོ་སོས་རྣམ་འགྱུར་མངོན་སྟངས་ཇི་འདྲ་ཡིན་པ་དེ་ཞིབ་ཕྲའི་དཔྱད་འཇོག་གི་ཚད་གཞིའི་འོག་ཏུ་ཧ་ཅང་གསལ་པོ་ཡིན་པ་དང་། ཚན་གཙོ་ནས་རུ་དཔོན་བར་གྱི་ལས་གནས་དག་ཀྱང་འགྲན་རྩོད་ཀྱིས་བརྩོན་ལེན་བྱེད་དགོས།
དཔུང་སྡེའི་ནང་དུ་དམིགས་བསལ་གྱི་གནས་ཚུལ་ཡོད་པའང་བཤད་ཅི་ལ་དགོས།
རི་ཆེ་ལུང་ཟབ་ཀྱི་ས་ཆར་ནམ་ཡང་བརྡ་རྟགས་མི་འདུག བག་ཆགས་ཁྲོད། མགོ་རྩོམ་སྐབས་མི་སྐོར་ཞིག་ལ“འབྲེལ་གཏུག་བྱེད་མི་ཐུབ་པའི”གནས་ཚུལ་བྱུང་མྱོང་། གནས་ཚུལ་དེ་འདྲ་ལ་འཕྲད་སྐབས། འཇམ་དབྱངས་རྡོ་རྗེ་ཁོང་ཁྲོ་མི་ལངས་བར། ཚོགས་འདུ་གྲོལ་རྗེས་མི་དེ་ཚོ་དང་མཉམ་དུ་བསྡད་དེ་ཁྱིམ་ཚང་གི་གནས་ཚུལ་ལབ་གླེང་བྱས། མཉམ་དུ་ཐེངས་འགར་ཁ་བརྡ་རྗེས། ཕ་རོལ་པོའི་ཁྱིམ་ཚང་གི་གནས་ཚུལ་དང་། གཤིས་ཀ་སོགས་ཅི་འདྲ་ཡིན་པ་ཁོའི་སེམས་ན་ཕལ་ཆེར་གསལ།
“སྔོན་ཆད་ཁྱོད་ཚོ་ཚང་མས་རང་གིས་ཕྱུགས་ཟོག་འཚོས་ཏེ། རང་ཉིད་ཀྱི་རྩྭ་ས་རང་ཉིད་ཀྱིས་བདག་སྐྱོང་བྱས་པ་ཡིན་ལ། ད་ལྟ་རང་ཉིད་ཀྱི་རྩྭ་སར་སྲུང་སྐྱོབ་བྱས་ན་རྒྱལ་ཁབ་ཀྱིས་ཁྱོད་ཚོར་སྒོར་མོ་སྟེར་བཞིན་ཡོད།”“ཟླ་ཕོགས་བླངས་རྗེས། འགན་འཁྲི་ཡོད་པ་རེད། ལས་ཀ་ཡག་པོ་མ་བསྒྲུབས་ཚེ་ལས་ཀ་ལེགས་པོ་སྒྲུབ་མཁན་དག་གིས་འཕྱ་སྨོད་བྱེད་པར་ངོ་མི་ཚའམ།”
ཕ་རོལ་པོའི་རྣམ་འགྱུར་ལ་འགྱུར་བ་བྱུང་བ་མཐོང་རྗེས། འཇམ་དབྱངས་རྡོ་རྗེ་ཡིས་དེ་མ་ཐག་བཤད་མཚམས་བཞག་སྟེ་སྐད་ཆ་མང་པོ་མི་བཤད། རྗེས་སུ། ཉིན་འགར་འབྲེལ་གཏུག་བྱེད་མ་ཐུབ་ཀྱང་། ཡར་སྤྲད་ཡོང་བའི་སྐོར་སྲུང་ཉིན་ཐོ་ལ་བལྟས་ན་ཕ་རོལ་པོའི་བྱ་བའི་རྣམ་འགྱུར་ལ་འགྱུར་ལྡོག་བྱུང་ཡོད་པ་མཐོང་ཐུབ། ལོས་ཡིན་ཏེ། འཇམ་དབྱངས་རྡོ་རྗེ་ཡིས་དོ་དམ་པ་ཞིག་གི་འགན་ཁུར་བཞིན་ཡོད་པར་མ་ཟད། དུས་རྒྱུན་གྱི་འཚོ་བའི་ནང་སྐྱེ་ཁམས་བདག་སྐྱོང་པ་དོན་དག་ལ་འཕྲད་སྐབས། ཁོས་ཀྱང་ནམ་ཡང་རོགས་རམ་ཇི་ལྟར་བྱེད་པར་བསམ་བློ་གཏོང་བཞིན་ཡོད། ན་ནིང་གི་ལོ་མཇུག་ཏུ། བྱ་བར་ནམ་ཡང་ཧུར་བརྩོན་ལྡན་པའི་དུག་གཞུང་སྡེ་བའི་སྐྱེ་ཁམས་བདག་སྐྱོང་བ་བྱམས་པ་ལ་བརྟག་དཔྱད་བྱས་པ་བརྒྱུད་ཐུམ་འབུའི་ནད་ཡོད་པ་ཤེས། དཔྱད་འཇོག་ཚོགས་ཆེན་སྟེང་འཇམ་དབྱངས་རྡོ་རྗེ་ཡིས་གནས་ཚུལ་དེ་ཤེས་རྗེས་མྱུར་དུ་ཁོ་ཚང་ལ་སྒོར་ལྔ་བརྒྱ་བསྐྱལ་ནས་སོང་། ཐང་དཀར་མ་སྡེ་བའི་བདག་སྐྱོང་བ་སྐལ་བཟང་ཚང་ལ་བཟའ་མི་བཅུ་གཅིག་ཡོད་ལ་འཚོ་བར་དཀའ་ཁག་ཆེ། ཟླ་འགའི་སྔོན་ལ་ཁོའི་ཨ་ཕ་ནད་ཀྱི་དབང་གིས་ཚེ་ལས་འདས། འཇམ་དབྱངས་རྡོ་རྗེ་ཆེད་དུ་རླངས་འཁོར་ལ་བསྡད་ནས་བལྟ་རུ་སོང་།
དེ་འདྲ་ཞིག་ཡིན་ཀྱང་། བྱ་བ་ལྷོད་གཡེང་དུ་གཏོང་མཁན་དང་འགན་མི་འཁུར་བའི་སྐྱེ་ཁམས་བདག་སྐྱོང་བར་འཕྲད་སྐབས། དུས་རྒྱུན་གཤིས་ཀ་འཇམ་པའི་འཇམ་དབྱངས་རྡོ་རྗེ་ཡིས་སྐད་ཆ་འཇམ་པོ་མི་བཤད། ལས་ཕྱོད་ཟླ་ཕོགས་བཅག་པ་ཡོད་ལ་ལས་གནས་ལས་ཕུད་པའང་ཡོད། ཁོའི“ཞི་དྲག་ཟུང་འབྲེལ”གྱི་དོ་དམ་བྱེད་ཐབས་འོག་རུ་ཆེན་གྱི་རུ་དཔོན་བཅུ་ལྷག་ཡོད་པ་རྣམས་ཡིན་ཀྱང་ཆོག ཚན་ཆུང་གི་མགོ་གཙོ་རེ་བདུན་པོ་ཡིན་ཡང་རུང་། བདག་སྐྱོང་བ་བརྒྱ་ཕྲག་དུ་མ་ཡིན་ཡང་རུང་། ལོ་འགའི་རིང་ལ། བདག་སྐྱོང་བྱ་བ་རྫོང་ཡོངས་ཀྱི་མདུན་གྲས་སུ་ཡོད། ཞིབ་རྩིས་ཤིག་བརྒྱབ་ན། ལོ་འགའི་རིང་ལ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱིས་དཔྱད་འདེམས་བྱས་པའི་སྔོན་ཐོན་བདག་སྐྱོང་པའི་ཁྲོད་དུ། རྨ་ཆུ་ཡུལ་ཚོ་ཁོ་ནར་མི་བརྒྱ་ལྷག་ཡོད།
2017ལོའི་ཟླ་དྲུག་པའི་ཉིན་མོ་ཞིག་ལ། རེ་ཆུ་སྡེ་བའི་སྟོན་སའི་སྐོར་སྲུང་གི་བདག་སྐྱོང་བས་གློ་བུར་དུ་ལམ་འགྲམ་གྱི་མཚེའུའི་དཀྱིལ་དུ་བྱ་སྒོང་གཉིས་ཡོད་པ་མཐོང་། ཆར་ཆེན་ཐེངས་འགར་བབས་རྗེས། མཚེའུ་རྒྱས་ཏེ་བྱ་སྒོང་བསྣུབས་སོང་། སྔོན་ལ་འདི་ནི་སྟེས་དབང་ཞིག་རེད་འདོད་མོད། སུས་ཀྱང་མ་རྟོགས་པ་ནི་ལོ་རྗེས་མར། རེ་ཆུ་སྡེ་བའི་སྐྱེ་ཁམས་ཁོར་སྲུང་ཚན་ཆུང་གི་ཚན་གཙོ་དཀོན་མཆོག་ཡང་དོན་དག་དེ་དང་མཚུངས་པ་ཞིག་ལ་འཕྲད། ཆུ་ཤིན་ཏུ་ཟབ་ལ་གཏིང་དཔག་དཀའ་ཡང་། ལྟ་ཞིབ་བྱས་པ་བརྒྱུད། ཁོས་དེ་ནི་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་ཡིན་པ་རིགས་འདེད་བྱས།
ཉེན་ཁ་དེ་ནི་རེ་ཆུ་སྡེ་བ་ཁོ་ནར་གནས་པ་ཞིག་མ་ཡིན་ཞིང་། སྐྱེ་ཁམས་བདག་སྐྱོང་བས་ཡར་ཞུ་བྱས་པའི་གནས་ཚུལ་ལྟར་ན། ཐང་དཀར་མ་སྡེ་བ་དང་ཝ་གཞུང་སྡེ་བར་ཡང་གནས་ཚུལ་དེ་འདྲ་བྱུང་མྱོང་། རྒྱང་རིང་ནས་ཕེབས་པའི་མགྲོན་པོ་འདིས་ཕྲུ་གུར་སྲུང་སྐྱོབ་ལེགས་པོ་བྱེད་པར་རོགས་རམ་བྱ་ཆེད། དཀོན་མཆོག་སོགས་ཀྱིས་མྱུར་དུ་རང་གིས་ཤེས་པའི་གནས་ཚུལ་འཇམ་དབྱངས་ལ་སྙན་ཞུ་བྱས། རྨ་ཆུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་ཐར་ནི་བརྙན་ལེན་པར་དགའ་མཁན་ཞིག་ཡིན་ཞིང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་ཡོད་རྒུ་འདོན་མཁན་ཞིག་ཡིན། དེའི་རྗེས་སུ། མི་སྐོར་ཞིག་གིས་ཐེངས་གང་མང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་པར་བགྲོ་གླེང་བྱས། ལོ་གཉིས་པར་ཡང་བསྐྱར་དོན་དག་དེ་འདྲ་འབྱུང་དུ་མི་འཇུག་ཆེད། ཁོ་ཚོས་སྡེ་བ་འགའི་སྔར་གནས་སུ་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཅའ་རྒྱུ་ཐག་བཅད་པར་མ་ཟད། རྒྱུ་ཆ་བཙལ་ཏེ་འཆར་གཞི་འཐེན།
ན་ནིང་གི་ཟླ་བཅུ་བར། མཚེའུ་ལ་དར་ཆགས་པ་དང་བསྟུན་ནས། རེ་ཆུ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་པ་འགའ་དང་རྡོ་ཐར། འཇམ་དབྱངས་རྡོ་རྗེ་བཅས་མཉམ་དུ་དོན་དག་འབྱུང་ཡུལ་དུ་སོང་སྟེ། ཁྲུང་ཁྲུང་སྐེ་ནག་གི་སྔོན་གྱི་བྱ་ཚང་ཆུང་བ་དེ་གཏོར་ནས། སྔོན་ལ་གྲ་སྒྲིག་བྱས་ཟིན་པའི་རྩྭ་དང་ཤིང་སྐམ། ལྕགས་སྐུད་སོགས་ཀྱི་རྒྱུ་ཆས་ཁྲུང་ཁྲུང་སྐེ་ནག་ལ་གནས་ཚང་གསར་བ་བཟོས། སྔོན་གྱི་བསྣུབས་སླ་བའི་བྱ་ཚང་དང་བསྡུར་ན། ཁང་གསར་དེ་ནི་སྔར་ལས་མཐོ་ཞིང་སྔར་ལས་བརྟན་པོར་མངོན། ཁྲུང་ཁྲུང་སྐེ་ནག་ཕྱིར་སླེབས་རྗེས་ཚོར་དུ་མི་འཇུག་ཆེད། ཁོ་ཚོས་སྔོན་ལ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་དུ། ཆེད་དུ་བྱ་ཚང་རྙིང་པའི་ནང་གི་རྩྭ་རྣམས་ཁྱེར་ཡོང་ནས་བྱ་ཚང་གསར་པའི་མཐིལ་ལ་བཏིངས།
ཉིན་འགའི་རིང་ལ། ཁོ་རང་ཡང་བསྐྱར་བདག་སྐྱོང་ཚན་ཆུང་དང་མཉམ་དུ་སྐོར་སྲུང་ལ་བྲེལ་བཞིན་ཡོད་ཅིང་། ལམ་ཐག་རིང་ཞིང་ཐབ་ཚང་རི་ཐང་ལ་བཅོལ་ཡང་། རྒྱལ་ཁབ་སྤྱི་གླིང་ཞེས་པའི་ཡིག་འབྲུ་དེ་དག་མཐོང་ཐེངས་རེར། ཁོའི་བསམ་པར་འདི་ནི་རང་ཉིད་ཀྱིས་ངེས་པར་འགྲུབ་དགོས་པའི་འགན་འཁྲི་རེད་སྙམ་བཞིན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།