ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱེད།
2020.11.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“ངལ་རྩོལ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་ལ། “གཟི་བརྗིད་ནི་ངལ་རྩོལ་པར་དབང་བ་དང་། བདེ་སྐྱིད་ཀྱང་ངལ་རྩོལ་པར་དབང་བ་ཡིན། “ངལ་རྩོལ་དཔེ་ལེགས་ཅན་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་མི་དམངས་ཀྱི་མིག་དཔེ་ཡིན་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་འཇོག་མཁན་ཡང་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་ལང་ལོང་གིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ཁྲོད་བཟུང་བའི་གོ་གནས་དང་ནུས་པ་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་ཁྱད་དུ་འཕགས་པའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་ཞིང་། “གསར་སྐྲུན་ལ་བརྩོན་པ་དང་འབད་འཐབ་བྱེད་ཕོད་པའི་”བྱ་སྤྱོད་ཀྱི་འབོད་སྐུལ་གནང་བ་རེད། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། གསར་སྐྲུན་ལ་བརྩོན་པ་དང་འབད་འཐབ་བྱེད་ཕོད་པ། མདུན་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ངལ་རྩོལ་དང་འབད་འཐབ་ལ་བརྟེན་ནས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་གསར་བསྐྲུན་བྱ་དགོས།

ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་མཛེས་སྡུག་གི་འཚོ་བ་གསར་བསྐྲུན་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  “མི་དམངས་ཀྱིས་ལོ་རྒྱུས་གསར་སྐྲུན་དང་ངལ་རྩོལ་གྱིས་མ་འོངས་པ་གསར་གཏོད་བྱེད་དགོས། དུས་ཡུན་རིང་པོའི་ནང་། ལས་རིགས་ཁག་ཏུ་ལས་གཅེས་ལས་བརྩོན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འགན་འཁྲི་འཁུར་ཕོད་པ། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ་བཅས་ཀྱི་སྔོན་ཐོན་མི་སྣ་འབོར་ཆེན་ཐོན་པ་དང་། ཁོ་ཚོས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད་ཅིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་མི་དམངས་ལ་ལྡན་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་འདུན་གྱི་སྙིང་སྟོབས་རླབས་པོ་ཆེ་བཅས་མཚོན་པར་བྱས་ཡོད།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པའོ་ཡིས་བཤད་རྒྱུར།“པན་ཡན་སྡེ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་དབང་གིས་ད་ལྟའི་འགྱུར་ལྡོག་ཆེན་པོ་འདི་བྱུང་བ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་མུ་མཐུད་དུ་པན་ཡན་སྡེ་བ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་མཱ་ཝུན་དབྱིས་ཀྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་ང་ཚོ་གཞི་རིམ་གྱི་བྱ་བ་སྒྲུབ་མཁན་དག་ལ་ཁས་ལེན་དང་སྐུལ་ལྕག་གནང་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཡང་འབད་བསྐྱར་འབད་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ས་གནས་ཀྱི་གཞི་རིམ་སྤྱི་པའི་འཕྲོད་བསྟེན་ལ་ཞབས་འདེགས་ཞུ་བའི་ལས་དོན་སྣ་ཚོགས་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ནི་ལས་བསྒྲུབས་ལས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འཐབ་ལས་བྱུང་བ་ཡིན་པ་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོན་པར་བྱ་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་མགྲོན་ཁང་བཟའ་བཏུང་པུའུ་ཡི་སྤྱི་ཁྱབ་ལྟ་ཞིབ་པ་པེན་ཧའེ་པའོ་ཡིས་བཤད་རྒྱུར། “གཞི་རིམ་གྱི་བྱ་བ་སྒྲུབ་མཁན་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ངས་ངལ་རྩོལ་དཔེ་ལེགས་ཅན་གྱི་ལས་གཅེས་ལས་བརྩོན་དང་རྩེ་གྲ་བརྩོན་ལེན། དཀའ་སྤྱད་འབད་འཐབ། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་གཉེར་བ། བྱས་རྗེས་འཇོག་ཕོད་པ་”བཅས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་བྱ་བ་ཏན་ཏིག་གིས་བསྒྲུབས་ནས་མཛེས་སྡུག་གི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་བྱེད་པར་ཟམ་མི་ཆད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཚྭ་མཚེའུ་སྡེ་ཚོགས་ཅཱ་ལུད་ཡན་ལག་ཀུང་སིའི་ཚྭ་ཞིང་པུའི་ཞིབ་བཤེར་ཞིག་གསོ་ལས་ཚན་གྱི་འགོ་གཙོ་ཀུའོ་ཡན་ཐའོ་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་རྒྱ་ཆེའི་ངལ་རྩོལ་པར་ལྕག་སྐུལ་ཆེན་པོ་གནང་བ་ཞིག་རེད། ཕྱིན་ཆད་ང་ཚོས་རྒྱ་ཆེའི་ལས་བཟོ་པར་ཤེས་བྱ་གསར་པ་སློབ་སྦྱོང་དང་། ནུས་རྩལ་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་གསར་པ་འཕེལ་བ་བཅས་བྱེད་པར་བསྔགས་སྐུལ་བྱ་རྒྱུ་ཡིན་ལ། ལག་ལེན་དངོས་དང་ལས་གནས་ཐོག་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཅི་ཐུབ་བྱ་རྒྱུ་ཡིན་ཟེར།

ལག་ཤེས་པའི་རིག་གནས་ལ་བརྟེན་ནས་ངལ་རྩོལ་གྱི་སྤྲོ་སེམས་འཕེལ་བར་བྱེད།

ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་བསྐྲུན་པ་དང་འབད་འཐབ་ལ་བརྟེན་ནས་རླབས་ཆེན་གཏོད་དགོས། རླབས་ཆེན་གྱི་དུས་རབས་ཤིག་ལ་ནམ་ཡང་ཡར་རྒྱས་བརྩོན་ལེན་གྱི་སྟོབས་ཤུགས་ཤིག་ཡོད་དགོས། ཁོ་ཚོས་ལས་གཅེས་ལས་བརྩོན་དང་། གསར་གཏོད་བྱེད་ཕོད་པ། འགག་སྒྲོལ་དཀའ་སེལ། བྱས་རྗེས་འབུལ་ཕོད་པ་བཅས་བྱས་ནས་སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་གྲུབ་འབྲས་བསྐྲུན་ཡོད།

ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཏ་ཧྭ་གྲོང་རྡལ་ཧྲི་ཙོས་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཧྥན་ཡ་ལེས་ཀྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་དེ་བས་ཡིད་ཆེས་ཆེན་པོ་བསྩལ་བྱུང་།  སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་གི་ལས་དོན་ཡག་པོ་བསྒྲུབས་ཚེ་གཞི་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ལོ་རྒྱུས་ཀྱི་ལས་དོན་རླབས་པོ་ཆེ་གསར་བསྐྲུན་བྱེད་པའི་ཁྲོད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་དགུ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟོབས་ལྡན་གྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་སྤྱི་ཆིང200ཟིན་པའི་ས་ནག་ཐང་དུ་ཡུག་པོ་དང་བྲ་བོ་སོགས་གཟན་རྩྭ་བཏབ་ནས། 2019ལོར་ཡོང་འབབ་སྒོར་འབུམ་དྲུག་ལྷག་ཙམ་བསྐྲུན། སྟོབས་ལྡན་གྱིས་བཤད་རྒྱུར། མཐུན་སྒྲིལ་དང་དངོས་དོན་སྒྲུབ་པའི་ཁྲོད་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་བླ་ན་མེད་པའི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་ལ་བརྟེན་ནས་རང་ཉིད་ལ་སྐུལ་ལྕག་གཏོང་རྒྱུ་ཡིན་ལ། གསར་གཏོད་དང་བྱས་རྗེས་རླབས་ཆེན་འཇོག་པའི་གཙོ་ཤུགས་དམག་དཔུང་གསར་བ་བསྐྲུན་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཟམ་མི་ཆད་པར་གསར་སྐྲུན་བྱ་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མཚོ་བོད་སྦྲང་རྩི་ལས་རིགས་ཚད་ཡོད་ཀུང་སིའི་ལས་འཛིན་པ་ཁྲིན་ཀྲིན་ཧྭ་ཡིས་བཤད་རྒྱུར། ཁོས་ལས་བཟོ་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཤིས་རྒྱུད་བཟང་པོར་སློབ་སྦྱོང་ནན་ཏན་བྱ་རྒྱུ་ཡིན་ལ།  ཁོ་ཚོའི་ཡོད་ཚད་འབུལ་ཕོད་པ་དང་རྩེ་གྲ་བརྩོན་ལེན་གྱི་ངལ་རྩོལ་དཔེ་ལེགས་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་།  མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་སྔར་ལས་མང་པོ་གསོ་སྤེལ་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་བསྟན་དོན། བྱང་ཚད་མཐོ་བའི་ངལ་རྩོལ་དཔུང་ཆེན་ཞིག་འཛུགས་སྐྱོང་བྱེད་པ་དང་། དེང་རབས་ཀྱི་ལས་རིགས་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་པ་ཁག་དང་རིགས་ཁག་གི་ལས་རིགས་སློབ་གསོའི་མ་དཔེ་གསར་གཏོད་བྱས་པ་དེས། ང་ཚོའི་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་མཱ་ཡན་ཕའེ་ཡིས་བཤད་རྒྱུར།  ང་ཚོས་ལས་རིགས་སློབ་གསོས་ལས་ཞུགས་དམ་འཛིན་བྱེད་པའི་བྱ་བའི་བསམ་ཕྱོགས་གཞིར་བཟུང་ཏེ། སློབ་ཐོན་སློབ་མའི་ཁྲོད་དུ་བྱ་གཞག་གསར་གཏོད་དང་ལས་ཞུགས་སྐོར་གྱི་སློབ་གསོ་ཤུགས་ཆེན་པོས་སྤེལ་བ་དང་། སློབ་མས་དཀའ་སྤྱད་ལས་སྐྲུན་དང་རང་བརྟེན་ལས་འདེམས་བྱེད་པའི་འདུ་ཤེས་གསོ་སྐྱོང་དང་། སློབ་ཐོན་སློབ་མས་ལས་འདེམས་འདུ་ཤེས་སྒྱུར་བར་ཁྲིད་སྟོན་བྱས་ནས་རང་འགུལ་གྱིས་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱ་རྒྱུ་ཡིན།

དཔའ་མཛངས་རྟུལ་ཕོད་ཀྱིས་ལམ་བུ་གསར་པར་བསྐྱོད་དེ་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད།

ངལ་རྩོལ་ལ་བརྟེན་ནས་རིན་ཐང་གསར་སྐྲུན་བྱེད་པ་དང་མི་དམངས་ཀྱིས་མ་འོངས་པ་གསར་གཏོད་བྱ་དགོས།  མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་ཏང་གི་ནམ་ཡང་འགྱུར་བ་མེད་པའི་འབད་འཐབ་དམིགས་འབེན་ཡིན།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཧུའེ་སྲང་ལམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཏིན་ཧའེ་ཞ་ཡིས་བཤད་རྒྱུར། ཉེ་དུས། མཁར་ནུབ་ཆུས་ཝུན་ཧུའེ་སྲང་ལམ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་འགན་སྲུང་ནུས་པ་དང་བྱེ་བྲག་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། 2020ལོའི་ལོ་འཁོར་གྱི་སྟབས་བསྟུན་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཕྱིར་སློག་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ལག་ལེན་དངོས་འབེབས་བྱས་པར་མ་ཟད། ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་དང་ལོ་ལོན་སོགས་འགྲོ་འདུག་སྟབས་མི་བདེ་བའི་དམིགས་བསལ་མི་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་ཕྱིར་སློག་གི་བྱ་བ་བསྒྲུབ་མི་ཐུབ་པར་དམིགས་ནས། ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན་པ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་དཀྱིལ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞེ་ཞའོ་ཅོན་གྱིས་བཤད་རྒྱུར། “ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པར་སེམས་ལ་མི་དམངས་ཡོད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། འབད་བརྩོན་ཆེན་པོས་དམངས་ལ་དོན་དངོས་དང་དོན་བཟང་བསྒྲུབས་ནས་སྡོད་ཁུལ་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གཉིས་པའི་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་མཱ་ཀྲི་ཅུན་གྱིས་བཤད་རྒྱུར། ལས་རྐང་དུ་ཡོད་པའམ་ཡང་ན་ཕྱིན་ཆད་ལས་འཁྱུར་ངལ་གསོ་བྱེད་པ་གང་ཡིན་རུང་།  ཐོག་མཐའ་བར་གསུམ་དུ་སྨན་པའི་བྱམས་སེམས་ཀྱི་ལས་རིགས་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ།  བྱས་རྗེས་འབུལ་ཕོད་པ་དང་རང་ནུས་གང་ཡོད་འདོན་པ། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་ནས་ས་གནས་ཀྱི་སྨན་བཅོས་འཕྲོད་བསྟེན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་དོ་ཁུར་བྱས་ཏེ། བརྒྱུད་སྐྱེལ་དང་། རོགས་རམ། སྣེ་ཁྲིད་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ནས། སྨན་བཅོས་འཐབ་ཕྱོགས་ཐོག་གི་སྨན་པ་དཀའ་བཅུ་པ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་ཡིན་ཟེར།

2020ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སིའི་ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་གློག་ཤུགས་ཚ་ལ་བཟོ་པའམ་མཐོ་རིམ་ལག་རྩལ་པ་དབྱང་ཡུང་ལེ་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་ཚང་མར་ངེས་པར་དུ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་བརྩོན་བྱ་དགོས་ཞེས་སྐུལ་ལྕག་གནང་བས།  ཕྱིན་ཆད་ང་ཚོས་བྱང་ཚད་མཐོ་བའི་ལག་རྩལ་བཟོ་པར་བརྟེན་ནས་ཆུ་ཚད་མཐོ་བའི་ཐོན་ལས་གསར་བསྐྲུན་བྱས་ཏེ། རྩལ་ནུས་ཅན་དང་། ཤེས་ཡོན་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་ཤེས་ལྡན་པ་མགྱོགས་མྱུར་ངང་གསོ་སྐྱོང་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།