དོ་ལྟག་སྡེ་བའི་འཚོ་བ་གསར་བ།
2020.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་རྫ་དམར་ཡུལ་ཚོ་དོ་ལྟག་སྡེ་གསར་དུ་ཐོན་པ་ན། རི་འདབས་སུ་ཆགས་པའི་སྡེ་བ་དེ་དགུན་གྱི་ཉི་འོད་ཁྲོད་དུ་འཇམ་ཅག་གེར་གནས་ཤིང་མཛེས་པའི་ཞིང་གྲོང་གི་ཁྱད་ཆོས་ཤིག་ཐུན་མིན་དུ་མངོན་འདུག

དོ་ལྟག་སྡེ་བ་ནི་གནས་སྤར་ནས་འོངས་པ་ཞིག་ཡིན་ཞིང་། སྔོན་ཆད་ཀྱི་དོ་ལྟག་སྡེ་བའི་གནས་ཚུལ་སྐོར་བཤད་དུས།  སྡེ་མི་དཔའ་བཟང་གིས་གསར་འགོད་པར་བཤད་རྒྱུར།  ང་ཚོའི་སྡེ་བ་འདི་གནས་མ་སྤར་གོང་ཁྱིམ་ཚང་རེ་རེ་ས་ཁང་གི་ནང་དུ་བསྡད་ཡོད་པར་མ་ཟད་སྡེ་བའི་ལམ་ཡང་ས་ལམ་ཁོ་ན་ཡིན་པས་ཁངས་ཆར་བབས་ཚེ་ལམ་ཡོངས་འདམ་རྫབ་ཀྱིས་ཁེངས་ནས་ཞིང་ལས་འཕྲུལ་ཆས་སོགས་ཕར་འགྲོ་ཚུར་ཡོང་བྱེད་པར་དཀའ་ཁག་ཆེན་པོར་འཕྲད་ཀྱིན་ཡོད།  རྗེས་སུ་དོ་ལྟག་སྡེ་བ་ད་ལྟའི་ས་ཆ་འདིར་གནས་སྤར་རྗེས་སུ་སྡེ་བའི་ཁྱིམ་ཚང་ང་གསུམ་གྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་།

གསར་འགོད་པ་སྡེ་བའི་ཀྲུའུ་རིན་ལིས་ཅི་མེན་གྱི་རྗེས་སུ་འབྲངས་ནས་སྡེ་མི་གཡང་མོ་མཚོ་ཚང་ལ་ཐོན་པ་ན། ཨར་འདམ་གྱིས་འདག་ཞལ་བྱས་པའི་ར་སྐོར་གྱི་ནང་ཡོངས་བདེ་ཞིང་ཁོད་ཡངས་པ་དང་། སོ་ཕག་བསྲེས་མའི་ལས་པའི་ཁང་པར་ཤེལ་ར་བརྒྱབ་ཡོད་པས་གཙང་ཞིང་དག་ཅིང་མིག་ལ་མཛེས། ཁང་པའི་སྒྲིག་གཞི་ལེགས་ཤིང་དྲོད་རླངས་དང་ལྕགས་ཐབ་ཀྱི་དྲོད་ཀྱིས་ཁང་པའི་ནང་ཀུན་ཏུ་དྲོད་ཀྱིས་ཁྱབ་འདུག་ལ་འཁྲུད་ཁང་དང་གཡོས་སྦྱོར་ཁང་དུ་མེ་ཏོག་གསར་བ་འགའ་བཞག་འདུག་པ་དེས་ཁང་པའི་ནང་དུ་སྐྱེ་སྟོབས་གསར་བ་ཞིག་སྦྱིན་འདུག  དེ་དང་མཉམ་དུ་ཁྱིམ་ཚང་གཞན་དག་རེ་འགར་སོང་བ་ན་ཁྱིམ་ཚང་དེ་དག་གིས་ཀྱང་རེ་རེ་བཞིན་ཉི་འོད་ནུས་པའི་ཆུ་དྲོད་འཕྲུལ་ཆས་བཙུགས་ཡོད་པས་ཁྱིམ་དུ་དྲོད་རླངས་གཏོང་ཐུབ་ཀྱི་ཡོད་པར་མ་ཟད། ཟ་མ་གཡོས་སྦྱོར་བྱེད་པ་དང་གྱོན་ཆས་བཀྲུ་བ་སོགས་ཚང་མའི་ཕྱོགས་ལ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད།

སྡེ་བ་གསར་བར་རྣམ་པ་གསར་བ་མངོན་ཡོད་པ་སྟེ།  དོ་ལྟག་སྡེ་བ་གནས་སྤར་ནས་འོངས་རྗེས་སྡེ་མི་རྣམས་ཀྱིས་ས་བབ་ཀྱི་དགེ་མཚན་དང་འགྲིམ་འགྲུལ་གྱི་ཁྱད་སྟོབས་ལ་བརྟེན་ནས།  ཁྱིམ་ཚང་མང་པོ་ཞིག་གིས་ཚོང་ཁང་ཕྱེས་པ་དང་འདེབས་གསོ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད་པས་སྡེ་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་ཀྱི་ཡོད་པ་རེད།  སྡེ་མི་དེ་དག་གི་ཁྲོད་དུ་ཀྲང་ཡུང་ཅོན་བཟའ་ཟླ་གཉིས་ནི་ཚང་མས་མིག་ལྟོས་བྱེད་སར་གྱུར་ཡོད་པ་རེད།  སྡེ་གསར་དེ་རུ་གནས་སྤར་ནས་འོངས་རྗེས་སུ་ཁོ་བཟའ་མི་གཉིས་ཀྱིས་བསམ་བློའི་འདུ་ཤེས་བསྒྱུར་སྟེ།  རང་ཁྱིམ་གྱི་སྒོ་ནས་རྫ་དམར་ཟམ་ཁའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཞེས་པའི་ཚོང་ཁང་ཞིག་ཕྱེས་ནས་ཆུང་མས་ཚོང་ལས་གཉེར་ཞིང་། ཀྲང་ཡུང་ཅོན་གྱིས་ཀུང་ཟི་ཞིག་ནས་རླངས་འཁོར་བསྐོར་བའི་ལས་ཀ་གཉེར་བཞིན་ཡོད་པས་ཁྱིམ་ཚང་གང་བོའི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་འབུམ་གཅིག་ལྷག་ལ་བུད་ཏེ་ཁོ་ཚང་གི་འཚོ་བར་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་། ཀྲང་ཡུང་ཅོན་གྱིས་གསར་འགོད་པར་བཤད་རྒྱུར། ང་ཚོའི་སྡེ་བ་གནས་སྤར་ནས་ཡོང་རྗེས་སུ་སྡེ་མི་རྣམས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྡེ་མི་རྣམས་ཀྱིས་རང་གི་ཁྱིམ་ཚང་གི་སྒོ་ཁ་ནས་ཚོང་རྫས་ཉུང་ཙམ་བཤམས་པ་དེས་ཀྱང་སྒོར་མོ་ཅུང་མང་པོ་བཙལ་ཐུབ་ཀྱི་ཡོད། འདི་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་ལས་བྱུང་བ་ཡིན་པས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་དུ་མེད་ཟེར།

ད་ལོ་ནས་བཟུང་སྟེ་སྡེ་བ་དེས་རྨང་གཞིའི་བཟོ་སྐྲུན་ལས་གཞི་བཅུ་གསུམ་ལག་བསྟར་བྱས་པ་བརྒྱུད་ནས། སྔ་གཞུག་ཏུ་སྡོམ་པས་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་དང་སྟོང་བདུན་བཏང་ནས་སྡེ་བའི་རྣམ་པ་ལེགས་བཅོས་དང་ལྗང་སྒྱུར་བཟོ་སྐྲུན་བཅས་ལག་བསྟར་བྱས། སྡེ་བ་ཡོངས་སུ་ཨར་འདམ་གྱི་ལམ་ལས་པ་དང་མང་ཚོགས་ལ་ཉི་འོད་ནུས་པའི་ལམ་གློག་དགུ་བཅུ་བཙུགས་པ་དང་ཆུ་དྲོད་འཕྲུལ་ཆས་བརྒྱ་དང་ཉི་ཤུ་བཙུགས། ད་དུང་སྡེ་བའི་ཐང་ཆེན་བདེ་ཐང་བསྙམས་ནས་ལེགས་བཅོས་བྱས།  དེ་མིན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞེ་དྲུག་གི་ཁྱིམ་དུ་དྲ་རྒྱ་ཡོད་པར་བྱས་པ་དང་རླུང་བརྙན་འཕྲིན་གྱི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པར་བྱས། དེ་དང་མཉམ་དུ་སྡེ་བའི་ནང་དུ་གློག་མིག་བཙུགས་ནས་སྡེ་བའི་བདེ་འཇགས་དོ་དམ་ཐད་སྔར་ལས་ཤུགས་སྣོན་བྱས། ད་ལྟའི་དོ་ལྟག་སྡེ་གསར་གྱི་ཁྱིམ་ཚང་རེ་རེ་ལ་ཆུ་དང་གློག་འཐེན་ཡོད་པར་མ་ཟད་དྲ་རྒྱས་ཡོངས་སུ་ཁྱབ་ཅིང་། ནད་སྟོན་པར་སྡེ་བའི་འཕྲོད་བསྟེན་ཁང་ཡོད་པ་དང་ངལ་གསོའི་སྤྲོ་སྐྱིད་ལ་རོལ་བར་སྡེ་བ་རིམ་པའི་རིག་གནས་ཐང་ཆེན་དང་བྱ་འགུལ་ཁང་ཡོད་པ། བྱ་བ་བསྒྲུབ་པར་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ཡོད་པས་མི་དམངས་མང་ཚོགས་ལ་བྱ་བ་ཅི་ཞིག་ཡོད་ཚེ་དུས་ཐོག་ཏུ་མྱུར་དུ་བསྒྲུབ་ཐུབ་པར་བྱས་པས་ཁོ་ཚོའི་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་ཆེ་རུ་གྱུར།

དུས་རབས་གསར་བའི་འཚོ་བ་གསར་བར་མི་རེ་རེས་འབད་བརྩོན་ཆེན་པོས་གོ་སྐབས་དམ་འཛིན་བྱས་ཚེ། བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད།

                                                                                                                          ལོ་ཙཱ་བ། གཡང་འབུམ་རྒྱལ།