ནུས་ཤུགས་ཡོད་རྒུ་དབུལ་པོ་གཙང་སེལ་བྱེད་པའི་སྟེང་དུ་བཀོལ་བ།
2020.12.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

——དགའ་བདེ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱས་པའི་གནས་ཚུལ།

དགའ་བདེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཝུའུ་ཁྲེང་ཆོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  རྫོང་ཡོངས་སུ་ཡུལ་ཚོ་དྲུག་དང་གྲོང་རྡལ་གཅིག་ཡོད་ལ།  སྲིད་འཛིན་སྡེ་བ་སོ་དྲུག་དང་གནས་སྤོར་སྡེ་བ་གསུམ་ཡོད།  ཕྱུགས་ལས་མཉམ་ལས་ཁང་བརྒྱ་དང་ང་གསུམ་དང་མི་གྲངས་ཁྲི་གསུམ་དང་སྟོང་གཉིས་དགུ་བརྒྱ་སོ་བརྒྱད་ཡོད་པ་དང་། 2016ལོར་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་བཅུ་བཞི་ཡི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་བརྒྱད་བརྒྱ་ཞེ་དགུ་དང་དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་དྲུག་བརྒྱ་གོ་བཞི་ཡོད་ལ། དབུལ་ཕོངས་འབྱུང་ཚད་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་བཞི་ཡིན་པས་ཁུལ་ཡོངས་ལས་བརྒྱ་ཆའི་གྲངས་ཐིག་ལྔ་དང་གྲངས་ཆུང་བཞི་ཡིས་མཐོ་བ་རེད།

དགའ་བདེ་རྫོང་ནི་རྨ་ཆེན་གངས་རིའི་རི་རྒྱུད་ཀྱི་དབུས་ཁུལ་དུ་ཡོད་ཅིང་། ས་མགོའི་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི་བཞི་སྟོང་སུམ་བརྒྱ་ཡོད། རྒྱུན་དུ་རླུང་ནག་འཚུབ་པས་གནམ་གཤིས་འཁྱགས་ཤིང་རྩྭ་སའི་རྒྱ་ཁྱོན་ཧ་ཅང་ཆུང་། འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཐོས་རྒྱ་མཐོང་རྒྱ་ཆུང་བར་མ་ཟད། ས་གནས་ཀྱི་ནད་རིགས་ཧ་ཅང་མང་། དེའི་ཁར་ཐོན་སྐྱེད་ལག་རྩལ་རྗེས་ལུས་ཡིན་པ་དང་ལས་ཕྱོད་དམའ་བས། དབུལ་པོ་ཧ་ཅང་མང་ལ་མགོ་ལོག་ཁུལ་གྱི་དབུལ་པོ་ཆེས་མང་བའི་རྫོང་ཞིག་རེད།

ཞིང་ཆེན་བཞི་ཡི་བོད་འབྲེལ་གྱི་དཀའ་ཁག་ཆེས་ཆེ་བའི་རྫོང་དང་རྒྱལ་ཁབ་ཀྱི་གཙོ་གནད་དབུལ་སྐྱོར་རྫོང་ཞིག་ཡིན་པའི་ཆ་ནས། དབུལ་པོར་འགྱུར་ཚད་ཧ་ཅང་མཐོ་བའི་ཁར། རང་བྱུང་ཆ་རྐྱེན་ཞན་པ་དང་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱིས་དགའ་བདེ་རྫོང་གི་ཁྱབ་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་འབུར་དུ་ཐོན་ཞིང་དབུལ་སྐྱོར་མ་རྩ་མཐོ་བས། དབུལ་ཕོངས་ལས་ཐར་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད།

དཀའ་ཁག་ཆེན་པོ་བཅུ་ཐག་གཅོད་བྱེད་པ་ནས་མགོ་བརྩམས་པ།

སྡོད་ཁང་ལ་དཀའ་ཁག་ཡོད་པ་དང་འཐུང་ཆུ་དཀོན་པ། གློག་བཀོལ་སྤྱོད་བྱེད་དཀའ་བ། ཕྱི་རོལ་ཏུ་འགྲོ་སྐྱོད་བྱེད་དཀའ་བ། འཕྲིན་ཡིག་སྐྱེལ་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། སྨན་པར་སྟོན་དཀའ་བ། ལས་ཞུགས་བྱེད་དཀའ་བ། ཡོང་སྒོ་འཕར་དཀའ་བ། རྒྱང་སྒྲོག་དང་བརྙན་འཕྲིན་ལ་ལྟ་དཀའ་བ་སོགས་ནི་དགའ་བདེ་རྫོང་གི་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་འཕྲད་པའི་དཀའ་གནད་ཆེན་པོ་བཅུ་རེད།

ག་ས་གང་དུ་སྦྲེལ་བའི་ཨར་འདམ་གྱི་ལམ་ངོས་དང་ཁྱིམ་ཚང་རེ་རེར་དབང་བའི་ར་སྐོར། ཆུ་གློག་དྲ་བ་དང་སྐུད་ལམ་བརྙན་འཕྲིན་སོགས་ཀྱི་སྒྲིག་བཀོད་ཆ་ཚང་ཞིང་། རྫོང་མཁར་དང་ཐག་ཉེ་བས་རྐང་ཐང་ལ་སྐར་མ་བཅུ་ཙམ་སོང་ན་སློབ་གྲྭར་ཐོན་པ་རེད། ཉེ་ལམ། གསར་འགོད་པ་དགའ་བདེ་རྫོང་མཁར་གྱི་འགྲམ་དུ་ཆགས་པའི་དུར་བུད་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཚིགས་སུ་སླེབས་པ་ན། ཏག་ཏག་དབུལ་ཕོངས་ཁྱིམ་ཚང་ཡིན་པའི་དབང་ཚེ་ཡིས་ཁྱིམ་ཆས་གསར་པ་ཉོས་ཡོང་བ་དང་འཕྲད།

“བཟའ་སྒྲིག་བྱེད་སྐབས་ང་ལ་ཅི་ཡང་མེད། དུས་ཡུན་རིང་པོར་པང་ལེབ་ཁང་པ་ཞིག་གླས་ནས་བསྡད་པ་ཡིན། 2016ལོར་ང་རང་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་རྗེས། ད་གཟོད་སྡེ་ཁུལ་འདི་རུ་གནས་སྤར་བ་ཡིན། ཁྱོད་ཀྱིས་ལྟོས་དང་། ད་ལྟ་བཟའ་མི་ལྔ་བོ་ཉལ་ཁང་གསུམ་དང་འགྲུལ་ཁང་གཅིག་ཡོད་པའི་སྡོད་ཁང་ནང་དུ་བསྡད་ཡོད། གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་མེད་ན། ངའི་ཕུགས་འདུན་འདི་ནམ་ཞིག་ལ་མངོན་འགྱུར་འབྱུང་ཐུབ་པ་སུས་ཤེས། ”

སྔོན་ཆད་གླ་བ་བྱས་མྱོང་ལ་ཨར་ལས་ལས་ཡུལ་སྲུང་མྱོང་བར་མ་ཟད། དཀར་ཡོལ་བཀྲུས་མྱོང་བའི་དབང་ཚེ་ད་ལྟ་ས་གནས་མངགས་གཏོང་ཁང་གི་རམ་འདེགས་ཉེན་རྟོག་པ་བྱས་ཡོད་པས། ཟླ་རེར་ཟླ་ཕོགས་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་རེ་ཡོད་པ་དང་། ཆུང་མ་ཡང་ལྟ་སྲུང་པ་བྱས་ཡོད་ལ། བྱིས་པ་ཆེ་བ་གཉིས་ཀ་སློབ་ཡོན་སྐར་གང་ཡང་སྤྲོད་མི་དགོས་པར་བྱིས་སྙོར་ཁང་དུ་འགྲོ་བཞིན་ཡོད། བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པའི་དབང་གིས་ན་ནིང་བཟའ་ཟླ་གཉིས་ཀྱིས་བསྐྱིས་དངུལ་ཡོངས་རྫོགས་ཀྱི་སྐྱིན་ཚབ་འཇལ་ཚར་བས། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་མ་ཟད། ད་རུང་གསོག་དངུལ་ཡང་ཡོད་པས། བློར་བབས་ཏེ་ཡུན་རིང་འགོར་བའི་རིན་གོང་སྒོར་ཁྲི་གཅིག་དང་སྟོང་གསུམ་ཅན་གྱི་བོད་ལུགས་ཁྱིམ་ཆས་དེ་ཉོས་པ་རེད།

2016ལོ་ནས་བཟུང་། དགའ་བདེ་རྫོང་གིས“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམིགས་ནས། དབུལ་ཐར་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པ་དང་། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ས་ཡ་བརྒྱད་གཅིག་གྱུར་བཀོད་སྒྲིག་དང་ཁྱབ་ཁོངས་སོ་སོའི་ལས་གཞི་གོ་དྲུག་དངོས་འབེབས་བྱས་ཏེ། སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ་དབུལ་ཕོངས་མང་ཚོགས་ལ་ཆེས་འབྲེལ་བ་ཡོད་པ་དང་ཆེས་ཁ་ཚ་དགོས་གཏུག་ཏུ་གྱུར་པའི“དཀའ་གནད་བཅུ”ཐག་གཅོད་བྱས།

གཞི་གྲངས་ནི་ཆེས་བཟང་བའི་གསལ་བཤད་ཡིན། ལོ་ངོ་གསུམ་གྱི་དུས་ཡུན་ནང་། རྫོང་ཡོངས་ཀྱིས་དབུལ་ཐར་གྱི་འགན་འཁྲི་ཡོངས་རྫོགས་ཕྲག་ཏུ་བླངས་ཤིང་། དབུལ་ཐར་གྱི་ལས་འགན་དམ་འཛིན་བྱས་ཏེ། ཆེས་རྨང་གཞི་ཡིན་པ་དང་སྤྱི་ཁྱབ་ཀྱི་གནད་དོན་ནས་མགོ་རྩོམ་པ། སྔོན་ལ་དཀའ་མོ་ནས་རྗེས་སུ་སླ་བ་དང་ནུས་ཤུགས་ཡོད་རྒུ་གཅིག་ཏུ་བསྡུ་བ། འགེལ་རིས་བཀལ་ནས་ལག་བསྟར་བྱས་པ་སོགས་ཀྱི་བྱ་སྤྱོད་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་སྒྲིག་ཆས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་།

མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་ནས་བཀོད་སྒྲིག་ས་ཁུལ་ཉེར་ལྔ་བཙུགས་པ་དང་། ཡུལ་གཞན་དུ་གནས་སྤོར་སྡོད་ཁང་སྟོང་གཉིས་དང་སོ་བདུན་ལས་ཏེ། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་བརྒྱད་བརྒྱ་ང་ལྔ་དང་མི་གྲངས་སྟོང་བདུན་དང་བཞི་བརྒྱ་ང་གསུམ་བཀོད་སྒྲིག་བྱས། སྒོར་བྱེ་བ་བདུན་དང་ས་ཡ་དགུ་འབུམ་བཞི་ཁྲི་བདུན་དང་སྟོང་ལྔ་བཏང་ནས་ཞིང་སྡེའི་ཉེན་ཁང་སྟོང་གསུམ་བརྒྱ་དང་དོན་དགུ་བསྒྱུར་བཀོད་བྱས། སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་བཏང་ནས་མཛེས་པའི་མཁར་གྲོང་གཅིག་དང་མཛེས་པའི་སྡེ་བ་བཅུ་གཅིག་འཛུགས་སྐྲུན་བྱས་པ་དང་། སྒོར་ས་ཡ་དྲུག་དང་འབུམ་བདུན་ཁྲི་གཅིག་བཏང་ནས་ཡུལ་དངོས་སུ་སྡོད་ཁང་བརྒྱ་དང་ཉེར་གཉིས་བསྒྱུར་བཀོད་བྱས།

མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་བཏང་ནས་མི་གྲངས་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་ཡི་འཐུང་ཆུའི་གནད་དོན་ཐག་བཅད་པ་དང་། རོང་འབྲོག་པའི་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆུ་དང་ཐོན་སྐྱེད་མཁོ་ཆུའི་དགོས་མཁོ་བསྐངས་པར་མ་ཟད། སྡེ་བ་སོ་སོའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་བྱ་བ་ལེགས་འགྲུབ་བྱུང་།

མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་དྲུག་བཏང་ནས་འགྲིམ་འགྲུལ་ལས་གཞི་རེ་བཞི་ལག་བསྟར་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་དུ་བགྲོད་པའི་སྣུམ་ལམ་བསྡོམས་པས་སྤྱི་ལེ་ཉིས་བརྒྱ་ཉེར་གསུམ་ལྷག་དང་། སྡེ་བར་བགྲོད་པའི་གཞུང་ལམ་སྤྱི་ལེ་སུམ་བརྒྱ་དོན་བརྒྱད་ལྷག་ལས་པས། ཡུལ་ཚོ་དང་གྲོང་རྡལ་དུ་སྣུམ་ལམ་དང་ཨར་འདམ་གྱི་ལམ་ལས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་དང་། སྡེ་བ་བརྒྱ་ཆའི་བརྒྱ་ལ་གཞུང་ལམ་ཡོད་པ་མངོན་འགྱུར་བྱུང་།

མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་བཏང་ནས་སྟོང་ཝ་བཅུ་ཡི་གློག་སྐྱེལ་སྐུད་ལམ་སྤྱི་ལེ་བརྒྱ་དང་བཞི་བཅུ་དང་། སྟོང་ཝ་ཐིག་དང་གྲངས་ཆུང་བཞི་ཅན་གྱི་སྐུད་ལམ་སྤྱི་ལེ་བརྒྱ་དང་བདུན་ཅུ་ལ་འཐེན་ནས་འབྲོག་ཁྱིམ་སྟོང་བཞི་དང་བརྒྱ་ལ་ཁེབས་པས། འབྲོག་པ་མང་ཚོགས་ཀྱི་གློག་བཀོལ་སྤྱོད་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་དགུ་བཏང་ནས་སྡེ་བ་རིམ་པའི་དྲ་བའི་འཕྲིན་གཏོང་འཛུགས་སྐྲུན་བྱས་པས། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་དྲུག་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལ་དྲ་བས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།

སྔར་ཡོད་ཀྱི་རྨང་གཞིའི་སྟེང་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་ལྔ་བཏང་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུམ་ཅུ་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་ས་ཡ་གཉིས་འབུམ་དགུ་ཁྲི་བཞི་བཏང་ནས་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་བཅུ་བཞི་འཛུགས་སྐྲུན་བྱས་པས། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་འཕྲོད་བསྟེན་གྱིས་ཡོངས་སུ་ཁེབས་པ་ཕལ་ཆེར་མངོན་འགྱུར་བྱུང་ཡོད་པར་མ་ཟད། “ཁྱིམ་ཀུན་སྦྲེལ”བའི་སྒྲིག་ཆས་ཁྲི་གཅིག་དང་སྟོང་གཉིས་ཐག་གཅོད་བྱས།

ཐོན་ལས་དང་པོ་བསྐྱར་སྒྲིག་བྱས་པ།

“བཟའ་མི་བརྒྱད་ཀྱི་ནང་དུ་ངལ་རྩོལ་པ་གསུམ་ལས་མེད། སྔོན་ཆད་རྩྭ་ས་མུའུ་སྟོང་ལྷག་ཡོད་པས་བཟའ་མི་གང་བོའི་ཁ་སོས་ཐབས་བྱེད་ཆོག་མོད། འོན་ཀྱང་ད་ལྟ་བཟའ་མགོ་ཇེ་མང་ལ་སོང་བ་དང་། རྩྭ་སའང་ཉམས་ཞན་དུ་གྱུར་པས། བཟའ་མི་གང་བོ་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་ཚུད་སོང་། སྐབས་དེར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཐོན་པ་དང་། ང་རྒད་པོ་ལའང་སྐྱིད་ཀྱི་ཉི་མ་ཤར་བྱུང”ཞེས་ཁྱི་འབྲི་ཡུལ་ཚོ་རྟེན་འབྲེལ་སྡེ་བའི་དབུལ་ཕོངས་མི་སྣ་ཕུར་མགོན་གྱིས་དེ་ལྟར་བཤད་པ་དང་། ལོ་ན་བདུན་ཅུ་ལ་སོན་པའི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཕུར་མགོན་གྱི་ལུས་པོ་ཧ་ཅང་བདེ་ཐང་ཡིན་པས། ད་རུང་རྟར་ཞོན་ནས་ཕྱུགས་འཚོ་རུ་འགྲོ་བཞིན་ཡོད།

ཕུར་མགོན་གྱིས་བྱང་བུ་གཅིག་ཕྱོགས་ཡོངས་ལ་སྤྱོད་པའི་བྱང་བུ་ཞིག་སྟོན་བཞིན། གསར་འགོད་པར་ཞིབ་རྩིས་ཤིག་བརྒྱབ། ལོ་རེར་ཁྱིམ་ཚང་གི་རྩྭ་སའི་ཁ་གསབ་སྒོར་སྟོང་ལྔ་ཡོད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལ་སྒོར་ཁྲི་གཅིག་དང་སྟོང་གཅིག་ཡོད་ལ། བུ་ཆུང་རྩྭ་ས་བདག་སྐྱོང་པ་ཡིན་པས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད་པ་དང་། ནགས་ལས་ཁ་གསབ་སྒོར་སྟོང་གཉིས་དང་། སྡེ་བའི་ནང་གི་གཟན་རྩྭའི་རྟེན་གཞིའི་ཁེ་སྤོགས་སྒོར་སྟོང་གཅིག་དང་ཉེར་བརྒྱད་ཡོད་ལ། དབུལ་སྐྱོར་ཐོན་ལས་དངུལ་གཏོང་གི་བཟའ་བཏུང་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དྲུག་བརྒྱ་དགུ་ལྷག་ཡོད་པ་དང་། ད་རུང་ཁྱིམ་ཚང་གི་མི་གཅིག་མཉམ་ལས་ཁང་དུ་ཕྱུགས་རྫི་བྱས་ཡོད་པར་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཉིས་ཡོད།

“ང་རང་ཉིད་ཀྱིས་ད་རུང་ནོར་སོ་གསུམ་གསོས་ཡོད་པས། ཁྱིམ་མི་གང་བོས་དུས་རྒྱུན་དུ་བཟའ་བའི་མར་དང་འོ་མ་འདང་ཚོད་ཡོད། ད་ལྟ་ཁྱིམ་ཚང་ནང་དུ་ཅ་ལག་མང་པོ་བསྒྲིགས་ཡོད་པས་ཟས་གོས་གཉིས་འཛོམས་ཡིན་ཞེས་བཤད་ཆོག་ཆོག་ཡིན། ད་ལོ་ངེད་ཚང་ཡང་དབུལ་ཕོངས་ལས་ཐར་ཡོད་ལ། གཞན་པ་རྣམས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་སོགས་ཉོ་བཞིན་ཡོད་མོད། འོན་ཀྱང་ངས་རྩྭ་འབྲུ་མང་པོ་ཉོས་ནས་འདེབས་རྩིས་ཡོད། རྒྱལ་ཁབ་ཀྱིས་ང་ཚོར་བྱིན་པ་དངོས་གནས་མང་དྲགས་སོང་། ལུས་ཕུང་གིས་ལྕོགས་པའི་སྐབས་སུ་རྩྭ་མང་པོ་བཏབ་སྟེ། ས་ནག་ཐང་ལྗང་བསྒྱུར་བྱེད་པ་དང་། བུ་རབས་ཚ་རྒྱུད་རྣམས་ལ་ལྗང་མདོག་གི་ཐོན་ཁུངས་མང་པོ་འཇོག་པར་འབད་རྒྱུ་ཡིན། ”

མིག་སྔར། རྫོང་ཡོངས་ཀྱིས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། མ་རྐང་ལམ་ལུགས་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། ཁུངས་འདེད་མ་ལག་གི་སྟེགས་བུ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་སྐྱེ་ཁམས་ལེགས་སྒྱུར། ངལ་རྩོལ་པ་གོ་རིམ་ཡོད་པའི་སྒོ་ནས་སྤོ་བསྒྱུར་བྱེད་པ། ཡོང་སྒོ་བསྟུད་མར་འཕར་བ། མཐོ་སྒང་གི་ཁྱད་ཆོས་མངོན་པར་གསལ་བ་བཅས་ཀྱི་དགའ་བདེ་ཡི་ཁྱད་ཆོས་ཚང་བའི་དེང་རབས་ནུས་མཐོ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

ཝུའུ་ཁྲེང་ཆོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  ད་ལྟ་ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་སྡེ་བ་སོ་དྲུག་ལ་རིགས་མི་འདྲ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོ་དྲུག་བཙུགས་ཡོད་པ་དང་། རྫོང་ཡོངས་ཀྱི་ཁྱིམ་ཚང་སྟོང་དྲུག་དང་ཉིས་བརྒྱ་བཅུ་གཅིག་དང་མི་གྲངས་ཁྲི་གཉིས་དང་སྟོང་གསུམ་ཉིས་བརྒྱ་གོ་གཉིས་དེའི་ནང་དུ་ཞུགས་ཡོད། དེའི་ཁྲོད་དུ་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དགུ་བརྒྱ་རེ་དགུ་དང་མི་གྲངས་སྟོང་བདུན་དང་བརྒྱད་བརྒྱ་བདུན་ཅུ་ཡོད། བཞོན་མ་གསོ་སྤེལ་རྟེན་གཞི་བཅུ་དྲུག་དང་འབྲོང་ཚ་དང་འབྲོག་ལུག་གསོ་སྤེལ་རྟེན་གཞི་དྲུག་བཙུགས་པ་བརྒྱུད། ན་ནིང་སྐྱེ་ཁམས་གསོ་སྤེལ་མཉམ་ལས་ཁང་ཉེར་གཉིས་ཀྱིས་བགོས་པའི་ཁེ་སྤོགས་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་གསུམ་དང་སྟོང་གསུམ་དགུ་བརྒྱ་ལ་སླེབས་པ་དང་། དེ་ནི་འབྲོག་ཁྱིམ་སྟོང་གཉིས་བརྒྱ་དང་གོ་གཉིས་དང་མི་གྲངས་སྟོང་དྲུག་དང་བདུན་བརྒྱ་ཞེ་དྲུག་ལ་འབྲེལ་ཡོད་པས། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་དང་དྲུག་བརྒྱ་རེ་གཅིག་ལྷག་འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་བརྒྱད་བརྒྱ་རེ་ལྔ་འཕར་ཡོད། གཟན་རྩྭ་འདེབས་འཛུགས་རྟེན་གཞི་བཅོ་ལྔ་བཙུགས་པས། ལོ་རེར་ཁེ་ཕན་སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་དྲུག་སྟོང་ལྔ་བདུན་བརྒྱ་ཡོད་པ་དེས་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་དགུ་བརྒྱ་བཅུ་བདུན་ལྷག་འཕར་བས། དབུལ་ཕོངས་མང་ཚོགས་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཁྲོད་ཀྱི་ཁེ་ཕན་རེག་མཁན་དུ་གྱུར།

སྙིང་སྟོབས་བསྐྱེད་ནས་ནང་གནས་སྒུལ་ཤུགས་བསླངས་པ།

དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་དབུལ་ཕོངས་མང་ཚོགས་ཁ་ཤས་ཤིག་གི་སློང་བརྟེན་བསམ་བློ་བསྒྱུར་བ་དང་། ཁོ་ཚོའི“ང་རང་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་རེད”ཅེས་པ་ནས“ང་རང་དབུལ་པོ་ལས་ཐར་དུ་འཇུག་རྒྱུ་ཡིན”ཞེས་པའི་བསམ་བློའི་འདུ་ཤེས་བསྒྱུར་ཆེད། དགའ་བདེ་རྫོང་གིས“དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྐྱོར་བྱེད་པ”ནས་མགོ་བརྩམས་ཏེ། “དབུལ་སྐྱོར་ཉིན་མོ”དང“སྒྲོག་པ་གཉིས་དང་སྐུལ་འདེད་ལྔ”བེད་སྤྱོད་བྱེད་པ་དང་། “དབུལ་ཐར་གཟི་བརྗིད་ཁྱིམ་ཚང”ལ་གཟེངས་བསྟོད་དང“བསམ་བློའི་དབུལ་སྐྱོར”གྱི་རིག་སྐྱོར་དང་བློ་སྐྱོར་གྱི་ཚོད་ལྟ་སྤེལ་བ། ཧྲུའུ་ཅི་དང་པོ་དང་དབུལ་ཐར་དཔེ་མཚོན་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་སོགས་ཀྱི་སྣེ་ཁྲིད་དཔེ་སྟོན་བརྒྱུད་དེ། “གནས་ལུགས་གསལ་བ་དང་བཀའ་དྲིན་དྲན་པ། འབད་བརྩོན་ལྷོད་མེད་བྱེད་པ”བཅས་ཀྱི་སློབ་གསོ་སྤེལ།

“དབུལ་པོ་སྒྱིད་ལུག་ཅན”ལ“དབུལ་སྐྱོར་བྱེད་པ་ལས་སྒྱིད་ལུག་ཅན་མི་སྐྱོར་བ་དང་། དངོས་སྒྲུབ་ཅན་སྐྱོར་བ་ལས་ལེ་ལོ་ཅན་མི་སྐྱོར་བ། བློ་སྟོབས་ཅན་སྐྱོར་བ་ལས་སློང་མོ་བ་མི་སྐྱོར་བའི”གནས་ལུགས་གསལ་པོར་བཤད་དེ། དབུལ་ཕོངས་མང་ཚོགས་དབུལ་པོ་ལས་ཐར་བའི་ནང་གནས་སྒུལ་ཤུགས་བསླངས་པ་དང་ཁོ་ཚོའི་ལག་ཟུང་ལ་བརྟེན་ནས་འཕེལ་རྒྱས་བརྩོན་པའི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་བཏང་།

དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་དཔའ་ལྡན་གྱིས་བཤད་རྒྱུར། “ད་ལོར་རྫོང་ཡོངས་ཀྱི་འཕྲོ་མའི་དབུལ་ཕོངས་སྡེ་བ་བདུན་པོ་དབུལ་ཕོངས་ལས་ཐར་ཐུབ་པ་དང་། ཁྱིམ་ཚང་བདུན་བརྒྱ་དགུ་ཡི་མི་གྲངས་སྟོང་གཉིས་དང་བཞི་བརྒྱ་གོ་དྲུག་པོ་ཚང་མ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་འབྱུང་ཐུབ་པས། དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་ཐུབ་རྒྱུ་རེད། དབུལ་པོ་གཙང་སེལ་བྱེད་པར་ད་རུང་བྱ་བ་མང་པོ་ཞིག་བསྒྲུབ་དགོས། གཙོ་བོ་ནི་དབུལ་ཕོངས་མང་ཚོགས་ལ་ཡུན་རིང་གི་བརྟན་འཇགས་ཡོང་སྒོ་ཡོད་དུ་འཇུག་རྒྱུ་དེ་ཡིན་པས། ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱུ་རྐྱེན་གཙོ་བོ་རེད། དེ་བས་རྫོང་ཡོངས་ཀྱིས་ཡོང་སྒོ་འཕར་བའི་ཐབས་ལམ་འཚོལ་བ་དང་མ་དངུལ་གྱི་ཁེ་ཕན་འདོན་སྤེལ་བྱེད་པ། འགན་སྲུང་སྲིད་ཇུས་དངོས་འབེབས་ལེགས་པོ་བྱེད་པ་བཅས་ཀྱིས། འགན་སྲུང་བྱེད་དགོས་པ་ཚང་མར་འགན་སྲུང་བྱེད་པའི་སྟེང་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། ”

ད་ལྟ།  དགའ་བདེ་རྫོང་གིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་གཞི་དང་སྦྲེལ་ཞིང་། “སྡེ་བ་རེར་ཁྱད་ཆོས་རེ་དང་། ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་གཏོང”བའི་རིགས་ལམ་སྤྱད་དེ། ཁག་བགོས་ཇུས་བསྟར་བྱེད་པ་དང་། ཐོན་ལས་སྣ་མང་ཅན་གྱིས་ཡོང་སྒོ་སྤར་བའི་ལམ་དུ་བསྐྱོད། ལོ་ངོ་གསུམ་གྱི་རིང་ལ། རྫོང་ཡོངས་སུ་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་འབུམ་བདུན་ལྷག་དངོས་འབེབས་བྱས་ཤིང་། ཁྱིམ་ཚང་དུ་འཁོར་སྐྱོད་བྱས་པའི་ཐོན་ལས་དབུལ་སྐྱོར་ལས་གཞི་དོན་བརྒྱད་ལག་བསྟར་བྱས་པས། ཁེ་སྤོགས་སྒོར་ས་ཡ་གསུམ་དང་འབུམ་དགུ་ཁྲི་བདུན་སྟོང་དྲུག་ལྷག་ལ་བུད་ཅིང་། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་སྟོང་བདུན་དང་བདུན་བརྒྱ་རེ་དྲུག་ལ་མི་རེར་ཆ་སྙོམས་ཀྱིས་སྒོར་ལྔ་བརྒྱ་བཅུ་གཉིས་རེ་བགོས།

2018ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། དགའ་བདེ་རྫོང་གི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དངོས་སུ་བཙུགས་པས།  ལས་སྣོན་དང་ཕྱིར་འཚོང་། ངལ་རྩོལ་པ་སྤོ་བསྒྱུར་བཅས་གཞི་གཅིག་ཏུ་འབྲེལ་ཞིང་། ཕྱུགས་ལས་ཐོན་རྫས་དང་གཟན་ཆས་རིལ་བུ། ཁྱད་ཐོན་དངོས་རྫས་ལས་སྣོན་བྱེད་པའི་རྟེན་གཞི་གསུམ་བཙུགས་ཡོད། ལོ་དེར་གླིང་ཁུལ་གྱི་ཡོང་སྒོ་རྐྱང་བ་སྒོར་འབུམ་བརྒྱད་ལྷག་ཡོད་པས། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་བཅུ་ལ་ཁེ་སྤོགས་སྒོར་སྟོང་གཅིག་བརྒྱ་དང་གོ་གསུམ་རེ་བགོས།

ལོ་ངོ་གསུམ་གྱི་རིང་ལ། རྫོང་ཡོངས་ཀྱིས་ནུས་ཤུགས་ཡོད་ཚད་དབུལ་ཕོངས་གཙང་སེལ་བྱེད་པའི་སྟེང་དུ་བཀོལ། གནས་སྐོར་དབུལ་སྐྱོར་དང་སྡེ་བའི་ཐུན་མོང་དཔལ་འབྱོར“མེད་པ་ནས་ཡོད་པ། ” ཉེན་སྲུང་དབུལ་སྐྱོར། ལས་རིགས་ལག་རྩལ་གསོ་སྦྱོང་། ངལ་རྩོལ་པ་ཕྱིར་གཏོང་། “འགན་སྲུང་བྱེད་དགོས་པ་ཚང་མར་འགན་སྲུང་བྱེད་པ”དང་དབུལ་ཕོངས་མང་ཚོགས་ཐད་ཀར་སྐྱེ་ཁམས་བཟོ་འགོད་འཛུགས་སྐྲུན་གལ་ཆེན་གྱི་ནང་དུ་ཞུགས་སུ་འཇུག་པ་སོགས་ཀྱི་འགན་སྲུང་སྲིད་ཇུས་དང་བྱེད་ཐབས་བཏོན་པ་བརྒྱུད། སྡེ་བ་རེ་རེར་རང་ཉིད་ཀྱི་དབུལ་ཐར་ཐོན་ལས་ཡོད་པ་དང་། ཁྱིམ་ཚང་རེ་རེར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་ལ། མི་རེ་རེས་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པས། ཡོང་སྒོ་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

“རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་ལས་བྱེད་པས་རོགས་རམ་བྱེད་ཀྱིན་ཡོད་པས། ང་ཚོ་རང་ཉིད་ཀྱིས་ཀྱང་འབད་བརྩོན་བྱེད་དགོས། དེ་མིན་ན་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་དགོངས་དག་ཞུ་དགོས་རྒྱུ་རེད”ཅེས་ཁོ་ཆུ་གྲོང་རྡལ་གྱི་དབུལ་ཕོངས་མི་སྣ་བཀྲ་ཤིས་ཀྱིས་བཤད་པ་ནང་བཞིན“སྲིད་གཞུང་གིས་ང་ལ་སྡོད་ཁང་གསར་པ་ལས་པར་མ་ཟད། ད་རུང་རྩྭ་ཐང་གི་བདག་སྐྱོང་པ་བྱེད་དུ་བཅུག་པས། རྗེས་ཕྱོགས་ངས་རང་འཁྲིའི་ལས་འགན་ལེགས་སྒྲུབ་བྱས་ཏེ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་སྔར་ལས་སྐྱིད་པོ་རོལ་དགོས”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།