“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཡུས་ཧྲུའུ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་རྩིས་བཤེར་བྱས་པ།
2020.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 636

“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་བསྡུ་བའི་དུས་ལ་སླེབས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”འགོ་རྩོམ་གྲབས་ཡོད་པའི་སྐབས་འདིར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་གང་དག་བླངས་ཡོད་པའི་སྐོར་ནས། ཉེ་སྔོན་ཡུས་ཧྲུའུ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་ཚེ་རིང་ཐར་གྱིས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས།

གསར་འགོད་པ།  འདས་ཟིན་པའི་ལོ་ལྔ་སྟེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ག་འདྲ་རེད།

ཚེ་རིང་ཐར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་ཆགས་ཡོད་ལ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་དང་། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་ཁྲི་དྲུག་སྟོང་བདུན་ཡོད་པས།  མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་གྱི37.02%ཟིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི4200ཡོད། ཁུལ་དེའི་ཁོངས་སུ་ཡུས་ཧྲུའུ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་གྲོང་ཁྱེར1དང་རྫོང5ཡོད་ལ། གྲོང་རྡལ11དང་ཡུལ་ཚོ34། སྲང་ལམ་དོན་གཅོད་ཁྲུའུ4། སྡེ་བ258དང་སྡོད་ཁུལ49ཡོད། སྤྱིའི་མི་གྲངས་འབུམ་བཞི་ཁྲི་གཉིས་སྟོང་གཉིས་ལྔ་བརྒྱ་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་བསྟུད་མར་ཇེ་མཐོར་འགྲོ་བ་དང་།  སྐྱེ་ཁམས་ཁོར་ཡུག་གི་ཚོད་འཛིན་བསྟུད་མར་ཇེ་ཆེར་འགྲོ་བ།  དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྔར་བཞིན་ལྗིད་རྫོབ་ཆེ་བ་བཅས་ཀྱི་གནས་ཚུལ་གསར་པའི་མདུན་དུ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མཛུབ་སྟོན་འོག  ཡུས་ཧྲུའུ་ཁུལ་གྱིས“ལྔ་བཞི་འཐབ་ཇུས” གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། ཧུར་ཐག་གིས“ སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་དམིགས་ཚད་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཞིང་།  ཐབས་མང་མཉམ་སྤྱོད་ཀྱིས་འཕར་སྣོན་བརྟན་པོ་དང་།  བཅོས་སྒྱུར་ལ་སྐུལ་འདེད། སྐྱེ་ཁམས་ལ་མཐོང་ཆེན། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་པ། ཉེན་ཁ་སྔོན་འགོག་བཅས་བྱས་ཡོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་ཡུས་ཧྲུའུ་ཁུལ་གྱི་དཔལ་འབྱོར་འཕར་ཚད་ནུས་ལྡན་ངང་འཕར་བའི་རྣམ་པ་སྲུང་འཛིན་བྱས་ཡོད།  མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར25655ནས2019ལོའི་སྒོར35167བར་འཕར་ཏེ། བརྒྱ་ཆའི37འཕར་སྣོན་བྱུང་ཡོད། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར5565ནས2019ལོའི་སྒོར9138བར་འཕར་ཏེ། བརྒྱ་ཆའི64འཕར་སྣོན་བྱུང་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་དེ2015ལོའི་སྒོར་དུང་ཕྱུར་བཅུ་དང་བྱེ་བ་གཅིག་ས་ཡ་བདུན་ནས2019ལོའི་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་གཅིག་ཏུ་འཕར་ཏེ།  བརྒྱ་ཆའི39འཕར་སྣོན་བྱུང་ཡོད། ཡུལ་སྐོར་བའི་མི་གྲངས2015ལོའི་མི་ཐེངས་འབུམ་ལྔ་སྟོང་དྲུག་བརྒྱད་བརྒྱ་ནས2019ལོའི་མི་ཐེངས་ས་ཡ་གཅིག་འབུམ་བཞི་ཁྲི་བདུན་སྟོང་བདུན་བརྒྱད་བརྒྱར་འཕར་ཏེ། བརྒྱ་ཆའི192འཕར་ཡོད། ཡུལ་སྐོར་ཡོང་འབབ་ཀྱི་བསྡོམས་འབོར་དེ2015ལོའི་སྒོར་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་གསུམ་ནས་2019ལོའི་སྒོར་དུང་ཕྱུར་དགུ་བྱེ་བ་བཞིར་བསླེབས་ཏེ།  བརྒྱ་ཆའི272འཕར་ཡོད། གྲོང་ཁྱེར་དང་རྫོང་དབུལ་པོ6གིས་དབུལ་ཞྭ་ཕུད་པ་དང་། སྡེ་བ་དབུལ་པོ104དབུལ་ཕོངས་ལས་ཐར་བ། མི་འབུམ་གཅིག་ཁྲི་གཉིས་སྟོང་དགུ་དུས་བཅད་ལྟར་དབུལ་ཕོངས་ལས་ཐར་ཞིང་། དབུལ་པོར་འགྱུར་ཚད2015ལོའི་ལོ་མཇུག་གི34%ནས2019ལོའི་ལོ་མཇུག་གི1%ཚུན་དུ་མར་ཆག་ཡོད། ཉེ་བའི་ལོ་གསུམ་གྱི་རིང་ཁྱིམ་ཚང7020ཡི་མི་ཁྲི་གཉིས་སྟོང་བརྒྱད་ཡུལ་གཞན་དུ་གནས་སྤོ་དང་ཁྱིམ་ཚང1669ཡི་ཁང་རྙིང་སྒྱུར་བཀོད་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་པར་མ་ཟད། ཚང་མ་ཁང་བ་གསར་བའི་ནང་སྡོད་ཐུབ་པ་མངོན་འགྱུར་བྱུང་ཞིང་།  དབུལ་ཕོངས་མི་གྲངས་དང་ཁྱིམ་ཚང་སྨན་པའི་བར་ “གན་རྒྱ་གཉིས་འཇོག་པ”དང་གན་རྒྱ་ལག་བསྟར་བྱས་ཚད100%ཟིན་ཡོད། དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར“མེད་པ་ནས་ཡོད་པ”མངོན་འགྱུར་བྱུང་ཡོད། དབུལ་ཕོངས་མི་གྲངས་མི་རེའི་ཆ་སྙོམས་ཡོང་འབབ2015ལོའི་སྒོར2970ནས་སྒོར9100ཡན་ལ་འཕར་བ་དང་།“འགན་ལེན་གསུམ་དང་མཐའ་སྐྱོང་གཅིག”གི་འགན་ལེན་ལ་ཐག་གཅོད་ནུས་ལྡན་ཐོབ་ཡོད།

གསར་འགོད་པ།  ལོ་ལྔའི་རིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་བྱ་བ་ག་འདྲ་ལས་སོང་། 

ཚེ་རིང་ཐར།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་སོགས་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། ས་ནག་ཐང་མུའུ་ས་ཡ་གཉིས་འབུམ་གསུམ་སྟོང་བདུན་ཉིས་བརྒྱ་བཅོས་སྐྱོང་བྱས།  སོར་ཆུད་སླར་གསོ་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད2010ལོའི3.2%ནས་2018ལོའི3.97%བར་ཇེ་མཐོར་སོང་ཡོད། རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་57.46ནས་བརྒྱ་ཆའི61.57བར་འཕར་ཏེ། ལོ་རྒྱུས་ཐོག་ལུས་པའི་སྔོག་འདོན་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལས་དོན་གཏིང་ཟབ་ཏུ་སྐུལ་འདེད་བཏང་། སྤྱི་ཡོངས་ནས་བལྟས་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་ཡུས་ཧྲུའུ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། རྩྭ་ཐང་དང་ནགས་ཚལ་སྤྱིའི་ཆ་ནས་འཕར་སྣོན་འབྱུང་བའི་རྣམ་པ་མངོན་པ་དང་། ནགས་ཚལ་གྱི་སྐྱེ་ཁམས་བྱེད་ནུས་སྔར་ལས་ཇེ་ཆེར་གྱུར་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ཟམ་མི་ཆད་པར་ཇེ་མང་དུ་ཕྱིན་པ་དང་། ཆུ་འགོ་གསོ་འཁྱོངས་བྱེད་ནུས་སྤྱི་ཡོངས་ནས་ཆེ་རུ་ཕྱིན་པ། གཙང་བོ་ཆེན་པོ་གསུམ་གྱི་མངའ་ཁོངས་ནང་གི་ཆུའི་བཞུར་ཚད་བརྟན་པོར་གྱུར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་སྤུས་ཚད་ཚང་མ་རིགས་དང་པོ་ཡན་དུ་སླེབས་པ་དང་། ཁུལ་ཡོངས་ཀྱི་གཅིག་བསྡུས་འཐུང་ཆུའི་འགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞིར་བསླེབས་ཚད100%ཟིན་ཡོད། ས་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞིར་སླེབས་ཚད100%ཟིན་པ་དང་། རྩྭ་ས་ཞན་འགྱུར་གྱི་འཕེལ་ཕྱོགས་རིམ་བཞིན་ཚོད་འཛིན་བྱས་ཤིང་། རྩྭ་ས་ཞན་འགྱུར་ཚབས་ཆེ་བའི་ས་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་ཆེས་ཆེར་འཕར་ཡོད། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། གཟན་ཆས་ཁ་གསབ་དང་། འབར་རྫས་ཁ་གསབ། དཀའ་ངལ་ཁ་གསབ། རྩྭ་སའི་བྱ་དགའི་ཁ་གསབ་སོགས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་རྩྭ་སའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་འབུམ་གཅིག་ཁྲི་གཅིག་སྟོང་གཉིས་སྤྲད་པ་དང་།  མི་གྲངས་འབུམ་གསུམ་ཁྲི་གཅིག་སྟོང་བཞིར་ཕན་པ་ཐོབ་ཡོད། རོང་འབྲོག་པའི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་རིམ་བཞིན་བཙུགས་པས།   སྤྱིའི་ཆ་ནས་རི་ཆུ་ནགས་གསུམ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་ཏེ།   ཁུལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་འཇགས་སུ་གྱུར་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད།

གསར་འགོད་པ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གྲུབ་འབྲས་གང་དག་བླངས་ཡོད།

ཚེ་རིང་ཐར།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ། ཆུ་གློག་ལམ་གསུམ་དང་།དྲོད་རླངས་སྡོད་ཁང་། ཁོར་ཡུག་བཅོས་སྐྱོང་། ཞིང་ཕྱུགས་ལས་འཕེལ་རྒྱས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི282ལག་བསྟར་བྱས་པ་དང་དེར་ཁྱོན་སྡོམ་མ་དངུལ་སྒོར་ཐེར་འབུམ་བཞི་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་བརྒྱད་བཏང་། ཕྱོགས་བསྡུས་ཅན་དང་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བ་རགས་ཙམ་ཆགས་པ་དང་། དཔལ་ཐང་གནམ་གྲུ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་འབུམ་གསུམ་ལས་བརྒལ་ཡོད། ཞིང་ཆེན་ལྟེ་གནས་ནས་ཁུལ་སྲིད་གཞུང་བར་གྱི་གཞུང་ལམ་མགྱོགས་མྱུར་ཅན་དུ་འགྱུར་བ་དང་། ཁུལ་ནས་རྫོང་བར་གཞི་རྩའི་ཆ་ནས་རིམ་པ་གཉིས་པའི་གཞུང་ལམ་འབྲེལ་མཐུད་མངོན་འགྱུར་བྱུང་ཡོད། རྫོང་དང་ཡུལ་ཚོའི་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད89%ཟིན་པ་དང་། ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ15794ཟིན་ཡོད། ཆུ་བེད་འཛུགས་སྐྲུན་ལས་གཞི་བརྟན་བརླིང་ངང་སྤེལ་ཏེ། རྒྱལ་སྟོན་ཆུ་མཛོད་དང་ཞའོ་ལུང་ཀོའུ་ཆུ་མཛོད་སོགས་གཙོ་གནད་ཆུ་འགོའི་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་བཏང་ཞིང་། རོང་འབྲོག་ཁུལ་གྱི་མི་གྲངས་དང་གཞི་རིམ་སློབ་གྲྭ་གཙོ་གནད་དུ་བྱས་ཏེ་འཐུང་ཆུའི་བདེ་འཇགས་གནད་དོན་ཐད“གཙང་སེལ”ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་། འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་ཕྱིན་ཏེ། ཆུ་ལོག་སྔོན་འགོག་སྲུང་སྐྱོབ་ཁུལ་གཙོ་བོའི་ཆུ་ལོག་སྔོན་འགོག་ཚད་གཞི་ལོ20ཡི་ནང་ཐེངས་གཅིག་འཕྲད་པ་དང་ཆུ་ལམ་གལ་ཆེན་གྱི་ཆུ་ལོག་ཕྱིར་འབུད་ཚད་གཞི་ལོ10ཡི་ནང་ཐེངས་གཅིག་འཕྲད་པ་མངོན་འགྱུར་བྱུང་ཡོད། གློག་འདོན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ཏེ། རྒྱལ་ཁབ་ཀྱི་དྲ་བའི་ཚད་གཞིའི་ཞབས་ཞུ་དེ་རྫོང་ཁོངས་སུ་ཁྱབ་པར་བྱས་ཡོད། གློག་དྲ་ཆེན་མོ་ཡུལ་ཚོ་དང་གྲོང་རྡལ་དུ་ཁེབས་ཚད80%ཟིན་པ་དང་སྲིད་འཛིན་སྡེ་བར་ཁེབས་ཚད56%ཟིན་ནས་ཆེས་དབུལ་བའི་ས་ཁུལ་གྱི་གློག་འདོན་ཞབས་ཞུའི་ཆུ་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གློག་དྲའི་ཆ་སྙོམས་ཆུ་ཚད་དང་ཕལ་ཆེར་འདྲ་མཉམ་དུ་གྱུར་ཡོད།

གསར་འགོད་པ། ལོ་ལྔའི་རིང་ཡུས་ཧྲུའུ་ཁུལ་གྱིས་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་ཐད་མ་དངུལ་ག་ཚོད་བཏང་བ་དང་དེ་ལས་གྲུབ་འབྲས་གང་དག་བླངས་ཡོད།

ཚེ་རིང་ཐར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའིཚུན་ལ། ཡུས་ཧྲུའུ་ཁུལ་གྱིས་རོང་འབྲོག་ཁུལ་གྱི་སློབ་གསོ་དང་། རིག་གནས་ལུས་རྩལ། རླུང་འཕྲིན་བརྙན་འཕྲིན། སྤྱི་པའི་འཕྲོད་བསྟེན། སྲོག་ཆགས་ཀྱི་རིམས་འགོག   སྐབས་བསྟུན་གནོད་འགོག་སོགས་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ལས་གཞི169དངོས་འབེབས་བྱས་པ་དང་། དེར་ཁྱོན་སྡོམ་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་དྲུག་བཏང་ཡོད། སློབ་གསོའི་བྱ་གཞག་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ཏེ། སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱུང་ཡོད། སློབ་ཆུང22དང་། ནང་ཆེན་དང་རྫ་སྟོད། འབྲི་སྟོད་བཅས་ཀྱི་མི་རིགས་སློབ་འབྲིང3དང་ཁུལ་གཏོགས་མི་རིགས་མཐོ་འབྲིང་བཞི་པ་དང་ལྔ་པ། ཡུས་ཧྲུའུ་མཚོ་ཤར་མཐོ་རིམ་སློབ་འབྲིང་བཅས་བསྐྲུན་ཡོད། སློབ་གསོ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་འདྲ་མཉམ་དུ་གྱུར་ཏེ། སློབ་སྔོན་ལོ་གསུམ་གྱི་བྱིས་པ་བྱིས་གཉོར་ཁང་དུ་ཞུགས་ཚད68%ལ་སླེབས་ཤིང་། ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས།  རྒྱུན་ཆད་མེད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་ཏེ།  འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི95.7ཟིན་པ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་ལོ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི65ཟིན་ཡོད།  རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱི་སློབ་མ་འབུམ་གཅིག་ཁྲི་གཉིས་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཡུལ་གཞན་དུ་སློབ་གཉེར་བྱེད་པའི་སློབ་མ6000ཡན་ཟིན་ཡོད། བདེ་ཐང་འགན་སྲུང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཅུང་ཇེ་མཐོར་ཕྱིན་ཏེ།  ཞང་གྲོང་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང171ཚད་ལྡན་ཅན་དུ་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་།  ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གསུམ་པ་འཛུགས་སྐྲུན་བྱས་ནས་དངོས་སུ་སྤྱོད་འགོ་ཚུགས་ཡོད། བོད་ཁུལ་གྱི་འཕྲོད་བསྟེན་འགོག་བཅོས་ནད་བརྟག་སྨན་བཅོས་ལས་དོན་གྱི་སྟོང་ཆ་བསྐངས་ཏེ། འབྲི་སྟོད་རྫོང་མ་བུ་བདེ་སྲུང་འཆར་ལྡན་ཞབས་ཞུ་ལྟེ་གནས་ལ་མཚོ་སྔོན་ལྷོ་རྒྱུད་བོད་ཁུལ་གྱི་རིམ་པ་གཉིས་པའི་ཚད་གཞི་དང་པོའི་མ་བུ་བདེ་སྲུང་སྨན་ཁང་ཐོག་མའི་ཆོག་མཆན་ཐོབ། སྨན་བཅོས་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཏེ། “ཡོངས་འདུས་ཞབས་ཞུ་རྣམ་པའི”རྩིས་ཞུ་དང་། “སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་ཞུ་བྱེད་པའི”ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་སོང་བ་དང་།  རིམ་བཞིའི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར། མཁར་གྲོང་སྡོད་དམངས་ཀྱི་བདེ་ཐང་ཞིབ་བཤེར་ལས་དོན་ཏན་ཏིག་གིས་སྤེལ་བ་དང་རོང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད98.4%ཟིན་ཡོད། ཕན་ནུས་ལྡན་པའི་སྒོ་ནས་སྨན་བཅོས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ཐུམ་འབུའི་ནད་དང་། གློ་གཅོང་ནད། མཆིན་ནད་བཅས་འབྱུང་ཚད2015ལོ་ལས་སོ་སོར71%དང་། 12%།  11%བཅས་སུ་མར་ཆག་ནས་དུས་ཡུན་རིང་པོར་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་གཅོང་ནད་རིགས་ཀྱི་ཉེན་ཁ་བཀག་འགོག་དང་ཇེ་ཆུང་དུ་གཏོང་ཐུབ་པ་བྱུང་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་ཏེ། ཁུལ་ཡོངས་ཀྱི་མཁར་གྲོང་སྡོད་དམངས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་མི་འབུམ་གསུམ་ཁྲི་བདུན་སྟོང་གཉིས་ཟིན་པ་དང་གཞི་རྩའི་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་ཚད་མི་འབུམ་གཉིས་ཁྲི་གཉིས་ཟིན་ཡོད། རིམ་རྩིས་བྱས་ན་སྤྱི་ཚོགས་འགན་སྲུང་གི་བྱང་བུ་འབུམ་གཅིག་ཁྲི་གཉིས་སྟོང་ལྔ་སྤྲད་དེ་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིAPPདང་རིག་ལྡན་མིག་གི་སྐྱེ་དངོས་ལག་རྩལ་མ་ལག་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཡོད། ལས་ཞུགས་སྤྱི་ཡོངས་ནས་བརྟན་འཇགས་སུ་གྱུར་ཏེ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད3.5%ནང་དུ་ཚོད་འཛིན་བྱས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་སྤྱིའི་ཆ་ནས་ལས་ཞུགས་ཐུབ་ཚད87%ཟིན་ཡོད། རིག་གནས་བྱ་གཞག་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཏེ། ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་སྡེ་བ་རིམ་པར་ཁྱབ་སྤེལ་བྱས་པ་དང་། སྤྱི་པའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་གདལ་བཏང་ཚད་ཇེ་མཐོར་བཏང་ཞིང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་གྲངས་ཁེབས་ཚད96.33%དང95.88%ཟིན་ཡོད།

གསར་འགོད་པ། མཇུག་མཐར་ཁྱེད་ཀྱིས་འདས་ཟིན་པའི་ལོ་ལྔའི་ཡུས་ཧྲུའུ་ཡི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པའི་སྐོར་ངོ་སྤྲོད་རགས་ཙམ་གནང་རོགས།

ཚེ་རིང་ཐར། ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཞིང་ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཐོན་རྫས་ཀྱི་ཁྲོམ་རའི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་རང་ཁུལ་གྱི་རང་བརྟེན་ནུས་པ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། སྔོ་ལྗང་གི་རི་ཆུ་གསེར་རི་དངུལ་རི་ངོ་མར་འགྱུར་བར་བྱས་ཡོད།  ཡུས་ཧྲུའུ་ཡི་རང་བྱུང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་མི་ཆོས་ཐོན་ཁུངས་ཀྱི་ཁྱད་ཆོས་སྔོག་འདོན་དང་གདམ་གསེས་བྱས་ཏེ། ཡུས་ཧྲུའུ་ཡི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འགྲན་རྩོད་ལེགས་ཆ་སྐྱེད་སྲིང་བྱས་ནས། “རྨ་འབྲི་རྫ་གསུམ་ཆུ་འགོ་དང་དྭངས་གཙང་ཡུས་ཧྲུའུ”ཡི་ཡུལ་སྐོར་སྣང་བརྙན་སྔར་བས་ཇེ་མཐོར་བཏང་ཡོད། ཞིང་ཕྱུགས་ལས་ཀྱི་རིགས་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ། “ཡུས་ཧྲུའུ་ཡི་ནོར་ནག”སོགས་ཕྱུགས་ལས་འདེགས་སྐྱོར་ཡིན་པའི་སྲོལ་རྒྱུན་ཕྱུགས་ལས་དེ་སྔར་བཞིན་ཁུལ་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་ཡིན་པ་དང2019ལོའི་ལོ་མཇུག་ཏུ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཐེར་འབུམ་གཉིས་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ས་ཡ་བདུན་ཟིན་ནས་ཐོན་ལས་དང་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི74%བཟུང་ཡོད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས“རྨ་འབྲི་རྫ་གསུམ་ཆུ་འགོ། དྭངས་གཙང་ཡུས་ཧྲུའུ་ཡི་མིང་གྲགས་ཇེ་ཆེར་ཕྱིན་པ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འགན་སྲུང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཏེ།  “རྨ་འབྲི་རྫ་གསུམ་ཆུ་འགོའི་རིག་གནས་ཡུལ་སྐོར་མཐོ་སའི”འཕེལ་རྒྱས་དེ་སྒུལ་ཤུགས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འབྱུང་བར་སྐུལ་ཁྲིད་བྱེད་པའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད།

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། ལྕགས་ཐར་ཚེ་རིང་། 

ལོ་ཙཱ་པ། སྒྲོལ་མ་སྐྱིད།