དུས་རབས་ཀྱི་དཔའ་བོར་བསྟོད་བསྔགས་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བྱ་དགོས།
2020.12.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

      མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་བརྗོད། 

ཟླ12ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཤིང་། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་དང་། ཉམས་མྱོང་བློ་འབྱེད་ཕྱོགས་བསྡོམས། རིམས་འགོག་སྙིང་སྟོབས་དར་སྤེལ། གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁ་གཉིས་ཐོབ་པར་སྐུལ་སློང་གི་བཀའ་རྒྱ་བཏང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བ་གསར་གཏོད་བྱེད་པར་བསམ་པའི་སྒུལ་ཤུགས་བསྩལ་བ་དང་། བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་སྒྲིལ་བྱས།

ན་ནིང་གི་ལོ་མཇུག་དང་ད་ལོའི་ལོ་འགོར་བྱུང་བའི་པྲོག་གསར་གློ་ཚད་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་མཆེད་ཚད་ཆེས་མགྱོགས་པ་དང་། འགོས་ཁྱབ་ཆེས་ཆེ་བ། སྔོན་འགོག་ཚོད་འཛིན་བྱེད་དཀའ་བ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་ཞིག་ཡིན་པས། མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་དཔའ་མི་ཞུམ་པ་དང་། སྦྱོང་བརྡར་བྱས་ན་ད་གཟོད་འབྲས་བུ་ཐོབ་སྲིད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་འདོམས་དང་འཕྲལ་དུ་ཇུས་ཐག་བཅད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་མགྱོགས་མྱུར་ངང་སྤེལ་ནས། འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་སྨིན་ཇུས་འདོན། ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་དང་སེམས་ཤུགས་གཅིག་སྒྲིལ།  སྟོབས་ཤུགས་སྐུལ་སློང་དང་ཐོན་ཁུངས་གཅིག་བསྡུས།   དཀའ་བ་མཉམ་སེལ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་། “བརྟན་བརླིང་དྲུག”གི་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ལ་ལྡན་པའི་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་ཀྱི་རང་བཞིན་མངོན་པར་མཚོན་ཡོད། དཀའ་སྡུག་དང་ཆར་རླུང་གདོང་གིས་བསུས་ཏེ། དམིགས་བསལ་གྱི་བྱ་ཐབས་ལ་བརྟེན་ནས་དམིགས་བསལ་གྱི་དོན་དག་ལ་ཁ་གཏད་འཇལ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ཟླ་གཅིག་གི་ནང་ངོས་འཛིན་བྱས་པའི་ནད་པ18ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཏེ་ཟླ་གཉིས་ནང་རྒྱུན་རྣམ་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་ཞིང་། སྔོན་ལ་རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་“གཙང་སེལ་ལྔ་”ཡི་དམིགས་འབེན་མངོན་འགྱུར་བྱས་བ་དང་། རྒྱལ་ཡོངས་སུ་སྔོན་ལ་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ལེན་བྱེད་པའི་རིམ་པ་དེ་རིམ་པ་གཅིག་ནས་རིམ་པ་བཞི་བར་ལེགས་སྒྲིག་བྱས་པ་དང་། རྒྱལ་ཡོངས་ནས་སྔོན་ལ་ལས་ཀ་སླར་གསོ་དང་། ཐོན་སྐྱེད་སླར་གསོ། ཁྲོམ་ར་སླར་གསོ། ཚོང་ལས་སླར་གསོ། སློབ་གྲྭ་སླར་གསོ་བཅས་བྱས་ཤིང་། རྒྱལ་ཡོངས་ཀྱིས་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཆེན་པོ་ལེན་པར་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད།

སྤྱིར་བཏང་མིན་པའི་ལོ་ཟླའི་ནང་སྤྱིར་བཏང་མིན་པའི་གཟེངས་བསྟོད་བྱས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང149དང་སྔོན་ཐོན་མི་སྒེར300། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས49དང་ཕུལ་བྱུང་གུང་ཁྲན་ཏང་ཡོན100། ད་དུང་ཟླ་9ཚེས་8ཉིན་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང5དང་སྔོན་ཐོན་མི་སྒེར་15། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་2དང་ཕུལ་བྱུང་གུང་ཁྲན་ཏང་ཡོན2ཡོད་པ་དེ་དག་ནི་དུ་བ་མེད་པའི་གཡུལ་སའི་ཐོག་རང་ནུས་ཡོད་རྒུ་བཏོན་པའི་བྱས་རྗེས་འཇོག་མཁན་དང་། དཀའ་ཚེགས་ཆེ་བའི་འཐབ་རྩོད་ཁྲོད་ཀྱི་དཔའ་བོ་ཁྲི་སྟོང་མང་པོའི་འཐུས་ཚབ་པ་ཡིན་ལ། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་སྐབས་འབད་འཐབ་ལྷོད་མེད་བྱེད་པའི་མིག་དཔེ་བཅས་རེད། ཁོ་ཚོ་མ་གཏོགས། སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་འདིའི་སྟེང་འབད་བརྩོན་དང་བློས་གཏོང་མཁན་དཀྱུས་མ་ཚང་མར་དཔའ་བོའི་རྣམ་པ་མངོན་ཡོད་ལ། དུས་རབས་འདིའི་རྒྱལ་ཁའི་གླུ་དབྱངས་ཀྱང་ཁོ་ཚོར་དཀྲོལ་བ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གཟེངས་བསྟོད་ཚོགས་ཆེན་སྟེང་བསྟུད་མར་ཐེངས11ལ་བསྟོད་བསྔགས་ཀྱི་ཡིག་འབྲུ་བརྗོད་པ་དང་། བསྔགས་བརྗོད་བྱ་ཡུལ་ཚང་མ་ནི་གྲགས་མེད་འགུལ་མེད་ངང་རང་རང་གི་ལས་གནས་སྟེང་བྱས་རྗེས་འཇོག་བཞིན་པའི་དུས་རབས་ཀྱི་བུ་ཕྲུག་ཡིན་པ་དང་བསྔགས་བརྗོད་བྱ་ཡུལ་ཚང་མ་ནི་སེམས་པ་གཅིག་མཐུན་དང་། མིག་མངས་འགྲིག་སྐོར་གཅིག  ཐག་ཚད་གཅིག་བཅས་ཀྱི་མི་དམངས་ཀྱི་སྟོབས་ཤུགས་ཡིན་པ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། དུས་རབས་ལ་དཔའ་བོ་མཁོ་བ་དང་དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་ཀྱིན་ཡོད། ང་ཚོས་དུས་རབས་གསར་པའི་དཔའ་བོ་ལ་བསྔགས་བརྗོད་བྱེད་དགོས། གོས་དཀར་གྱོན་པའི་ཆེས་མཛེས་པའི་ཕོ་ཉ་རྣམས་ཀྱིས་རང་གི་ཚེ་སྲོག་ཕངས་མེད་དུ་དོར་ནས་གཞན་གྱི་ཚེ་སྲོག་བསྐྱབས་པ་དང་། དད་སེམས་ལ་བརྟེན་ནས་ཡིད་ཆེས་འཕེལ་བར་བྱས་ལ། སྨན་པའི་བྱམས་སེམས་དང་བྱམས་སྐྱོང་ལ་བརྟེན་ནས་རིམས་ནད་འགོག་པའི་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ཏེ།  རྒྱལ་ཁབ་ཀྱི་ཁག་ཁུར་དང་དུ་བླངས་པས། ཁོ་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་སུ་འོས་པའི་མི་ཡིན། གདོང་མཆོང་གི་ཏང་ཡོན་ལས་བྱེད་པས་ཚང་མའི་སྔོན་ལ་མཆོང་བ་དང་ཀུན་ལ་སྣེ་ཁྲིད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བྱ་བའི་ལས་གནས་དང་རིམས་འགོག་གི་གཡུལ་ས་བརྟན་སྲུང་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བས། ཁོ་ཚོ་ནི་གནད་འགག་དུས་སྐབས་ཀྱི་ཆེས་སྲ་བརྟན་འགྱུར་མེད་ཀྱི་གོ་ཆ་ལྟ་བུ་ཡིན། ཕན་ཚུན་རོགས་རེས་བྱེད་པའི་སྡེ་བ་དང་སྡོད་ཁུལ་གྱི་ལས་དོན་པས་སྲང་ལམ་གོམ་པས་འཇལ་ཏེ་ཁ་ལ་སེམས་གསོ་བྱས་པ་དང་ཉེན་ཁ་གྲལ་བཤེར་བྱས་ཏེ། སེམས་དང་བརྩེ་བ། ནུས་ཤུགས་ཡོད་ཚད་བཏོན་ནས་དཀའ་ངལ་མཉམ་སེལ་གྱི་མ་དཔེ་སྐྲུན་མཁན་དེ་ཡིན་པས། ཁོ་ཚོ་ནི་སྤྱི་ཚོགས་ནད་ཡམས་ལས་ཐར་བར་བྱེད་པའི་འགོག་ཁབ་ལྟ་བུ་ཡིན། བདེ་འཇགས་སྲུང་བའི་སྤྱི་བདེ་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་དུ་སྐོར་ཞིབ་ལས་རེས་བྱས་ཏེ། ལྷག་བསམ་ལས་དམ་བཅའ་ལག་བསྟར་དང་བརྩོན་སེམས་ལས་ཉེན་རྟོག་གི་རང་རྒྱུད་མངོན་པར་བྱས་ནས་བདེ་འཇགས་ཀྱི་འགག་སྒོ་སྲུང་བ་དང་། ཚེ་སྲོག་བརྟན་སྲུང་བྱས་ཏེ་མཚོ་སྔོན་གྱི་ས་གཞི་ཆེན་མོར་སྲུང་སྐྱོབ་བྱས་པས། རིམས་འགོག་གི་གཡུལ་ས་རུ་ཉེན་རྟོག་པའི་སྣང་བརྙན་འོད་དུ་འཚེར། དབྱངས་རྟ་གཙོ་བོ་གླུ་རུ་ལེན་ཞིང་དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་བྱེད་པའི་གསར་འགྱུར་ལས་དོན་པས། རིམས་འགོག་གི་གཡུལ་ས་དེ་ནུས་པ་བཞི་ལག་ལེན་བྱེད་པའི་གཡུལ་ས་གཙོ་བོར་བརྩིས་ནས། བདེན་པ་བདེན་ཐུབ་ཀྱི་གནས་ཚུལ་དུས་ལྟར་བསྒྲགས་ནས་མི་སེམས་ལ་དྲོལ་ཁོལ་བསྐྱལ་བས། ཁོ་ཚོ་ནི་དྲང་བདེན་གྱི་བརྟན་སྲུང་བ་དང་ལག་ལེན་པ་ཡིན། ལས་གནས་བརྟན་སྲུང་བྱེད་པའི་མི་དམངས་དགེ་རྒན་རྣམས་ཤེས་བྱའི་དོགས་གནད་སེལ་བའི་སློབ་སྟོན་པ་བྱས་པར་མ་ཟད། དྲོད་འཇལ་དུག་སེལ་གྱི་རིམས་འགོག་འཐབ་མོ་བ་བྱས་ཏེ། སེམས་དྲོན་མོ་དང་སེམས་ཞིབ་མོས་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་སེམས་བདེ་བར་བྱས་པས། ཁོ་ཚོའི་ལས་རིགས་ནི་ཆེས་བླ་ན་མེད་པའི་ལས་རིགས་ཤིག་རེད། བརྩེ་བ་ཟབ་པའི་མི་དམངས་བུ་སྤུན་དམག་གིས་ཏང་གི་བཀའ་ལ་ཉན་ཞིང་གཡུལ་དྲག་པོ་བཤམས་ཏེ། དམག་དམངས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས། མི་དམངས་དམག་དཔུང་གིས་མི་དམངས་བསམ་པའི་མཛད་པ་བསྐྱངས་པས། ཁོ་ཚོ་ནི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་བློ་དཀར་སྲུང་དམག་ཡིན། ངལ་བ་ཚད་མེད་བཏོན་ནས་ལས་ཐོན་སླར་གསོ་བྱེད་པའི་ཐོན་སྐྱེད་གཉེར་མཁན་གྱིས་དོན་ཆེན་བསམ་པ་དང་ཆེ་ཕྱོགས་ལ་དམིགས་ཏེ། རིམས་ནད་འགོག་སྡོམ་དང་ཐོན་སྐྱེད་བདག་གཉེར་གྱི་ལས་ཀ་སྣ་གཉིས་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བར་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བས། ཁོ་ཚོ་ནི་བརྟན་བརླིང་དྲུག་དང་འགན་སྲུང་དྲུག་གི་ཀ་བ་ལྟ་བུ་ཡིན། སྐྱིད་སྡུག་མཉམ་མྱོང་གི་ལས་རིགས་སོ་སོའི་མི་སྣས་བརྩེ་བ་མཚོ་རུ་བསྐྱིལ་ནས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་རིམས་འགོག་ལ་རོགས་སྐྱོར་བྱེད་པའི་དྲང་ཕྱོགས་ནུས་ཚད་གཅིག་ཏུ་བསྡུས་ཤིང་། ཚང་མ་རིམས་འགོག་ཁྲོད་ཞུགས་པའི་དབྱངས་རྟ་གཙོ་བོ་ངག་ལ་བཀུག་ནས། ལུས་སེམས་གཅིག་ཏུ་འབྲེལ་བའི་གླུ་དབྱངས་མཉམ་དུ་བླངས་པས། ཁོ་ཚོ་ནི་རིམས་འགོག་གི་གྲང་ངར་འཇོམས་པའི་ཁྲི་གདུགས་ཉི་མ་ལྟ་བུ་ཡིན། ཁག་ཁུར་གྱི་འདུ་ཤེས་ཆེ་བའི་མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་པ་དང་འཇོན་མིས་མཚོ་སྔོན་མི་དམངས་དང་ལས་སྐལ་གཅིག་འབྲེལ་གྱིས་རང་ནུས་ཅི་ཡོད་བཏོན་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་གྱི་བར་དུ་ལག་གདང་མཉམ་སྦྲེལ་གྱིས་རིམས་ནད་འགོག་པའི་ཟམ་པ་བཙུགས་པས། ཁོ་ཚོ་ནི་མཚོ་སྔོན་མི་དམངས་ཀྱི་བུ་དང་བུ་མོ་འཁྲུལ་མེད་རེད། རང་རྟོགས་རང་གཅུན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རིམས་ནད་ཀྱི་ཚབས་ཆེས་ཆེ་བའི་སྐབས་སུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ལས་ཀ་དང་ཐོན་སྐྱེད། ཚོང་ལས། སློབ་སྦྱོང་བཅས་སླར་གསོ་བྱེད་པའི་ཁྲོད་དུ་དཔྱིད་ཀྱི་དཔལ་ཡོན་ལྟ་བུའི་འཚོ་བ་སླར་གསོ་བྱས་པ་དང་། དུས་ཚོད་དམ་འཛིན་གྱིས་རིམས་ནད་ལས་བཟོས་པའི་གྱོང་གུན་ཁ་གསབ་བྱས་པས། ཁོ་ཚོ་ནི་ངོ་མཚར་མཛད་རྗེས་བསྐྲུན་མཁན་གྱི་དཔའ་བོ་རེད་ཟེར།

མི་ལ་སྙིང་སྟོབས་མེད་ན་བྱ་བ་འགྲུབ་མི་ཐུབ་པ་དང་རྒྱལ་ཁབ་ཞིག་ལ་སྙིང་སྟོབས་མེད་ན་རྒྱལ་ཁབ་དེ་སྟོབས་ལྡན་དུ་འགྱུར་མི་སྲིད།   ཉེན་ཁའི་དུས་སུ་དཔའ་བོའི་རང་མདངས་མངོན་ཡོང་། ང་ཚོས་རིམས་ནད་འགོག་པའི་འཐབ་རྩོད་ཀྱི་རླབས་ཆེན་ལག་ལེན་ཁྲོད་མངོན་པའི་ཚེ་སྲོག་བླ་ན་མེད་པ་དང་། རྒྱལ་ཡོངས་བློ་ཁ་གཅིག་མཐུན། ཚེ་སྲོག་བློས་གཏོང་ ཕོད་པ། ཚན་རིག་ལ་བརྩི་འཇོག་དང་སྐྱིད་སྡུག་མཉམ་མྱོང་གི་རིམས་ནད་འགོག་པའི་སྙིང་སྟོབས་ཆེན་པོ་ལས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་རྩ་ཆེའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་མངོན་ཡོད་ལ། དུས་རབས་གསར་པའི་འོད་ཟེར་འཕྲོ་བ་ནི་ང་ཚོས་ཀྱག་ཀྱོག་གི་ལམ་བུའི་ཐོག་བསྐྱོད་པར་སྣེ་ཁྲིད་བྱེད་པ་དང་། རི་བོ་བརྒལ་ནས་སླར་ཡང་གཞོམ་གཞིག་བྲལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། མིག་དཔེར་སློབ་སྦྱོང་དང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བར་མིག་དཔེའི་སྟོབས་ཤུགས་དང་སྙིང་སྟོབས་དེ་རླབས་ཆེན་གྱི་ལག་ལེན་གསར་པའི་ནང་ཁྱབ་པ་དང་ལས་དོན་སྣ་ཚོགས་ཀྱི་ཁྲོད་འདྲེས་པར་བྱས་ཏེ། དཀའ་བ་ཁྱད་བསད་དང་རླབས་གཤག་མདུན་སྐྱོད་བྱེད་དགོས་ལ། འཐབ་འཛིང་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་བྱེད་དགོས།

མིག་སྔར། འཛམ་གླིང་དུ་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སུ་གནས་ཡོད་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་པས། ང་ཚོས་དུས་རབས་གསར་པར་གཞི་ཚུགས་པ་དང་། དུས་རིམ་གསར་པ་ཁོང་དུ་ཆུད་པ་བྱེད་པ། འདུ་ཤེས་གསར་པ་ལག་བསྟར་དང་། རྣམ་པ་གསར་པ་གསར་སྐྲུན་བྱས་ཏེ། ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ།  རིམས་ནད་འགོག་པའི་རླབས་ཆེན་གྱི་སྙིང་སྟོབས་དེ་“ལོ་ལྔའི་འཆར་གཞི་བཅུ་གསུམ་པ་” མཇུག་བསྡུ་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ་”འགོ་རྩོམ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འགྲོ་ལམ་གསར་པར་སྐྱོད་པའི་སྒུལ་ཤུགས་ཆེན་པོར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་”ཀྱི་འཐབ་ཇུས་རྒྱུན་འཁྱོངས་དང་། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ཡག་པོ་དང་། “དཔལ་འབྱོར་གྱི་རྣམ་པ་བཞི་”སྐྱེད་སྲིང་ཡག་པོ་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་ཡག་པོ་བྱས་ནས“བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱལ་ཁ་གཉིས་བླངས་པའི་རྩ་ཆེའི་འབྲས་བུ་སྲ་བརྟན་དུ་གཏོང་དགོས།

བརྗིད་ཉམས་ཆེ་བའི་དུས་རབས་སུ་ཞུམ་པ་མེད་པའི་དཔའ་བོ་སྐྱེད་སྲིང་བྱེད་པ་དང་། རླབས་ཆེན་ལག་ལེན་ལས་རླབས་ཆེན་གྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ། བླ་ན་མེད་པའི་ལས་དོན་ལ་བསམ་པའི་ཁྲིད་སྟོན་བྱ་དགོས་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་བསམ་པའི་སྒུལ་ཤུགས་སྐུལ་སློང་བྱེད་དགོས་ལ། མཐོ་སར་འཛེགས་ནས་རྒྱང་རིང་ལ་ལྟ་བ་དང་། རང་ལ་ཡིད་ཆེས་ཀྱིས་བློ་སྒོ་འབྱེད་པ། མཐུན་སྒྲིལ་གྱིས་ལེགས་སྐྱེས་འབུལ་བ། འབད་འཐབ་ལྷོད་མེད་བཅས་བྱས་ཏེ་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དུ་འགྱིང་ངེར་ལངས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་བ་རྩོམ་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།