དབུལ་ཐར་མཁྲེགས་གཏོར་ལ་བརྟེན་ནས་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
2020.12.08 ཁུངས། ཀློག་གྲངས། 19

 —རྨ་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་ཟུར་བྲིས།

དྭངས་གཙང་གི་རང་འབབ་ཆུ་དང་དཀར་གསལ་གྱི་ལམ་སྒྲོན། ཨར་འདམ་གྱི་གཞུང་ལམ། སྡོད་ཁང་གསར་བ་བཅས་ཀྱིས་རྨ་ལྷོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་ཁོལ་སྦྱིན་ཞིང་།  འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་བདེ་སྐྱིད་ཀྱི་གཏམ་རྒྱུད་མང་པོ་བྲིས་ཡོད།

དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། རྨ་ལྷོ་ཁུལ་གྱི་དབུལ་ཕོངས་སྡེ་བ105བདེ་བླག་ངང་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་བུད་པ་དང་།  མི་གྲངས་དབུལ་པོ་ཁྲི་ལྔ་ལྷག་དབུལ་ཕོངས་ལས་ཐར་ཡོད། གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཡོད། གྲུབ་འབྲས་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་ཞིང་། ཐེན་ཅིན་གྲོང་ཁྱེར་སོགས་ཁ་གཏད་རོགས་སྐྱོར་ས་ཁུལ་དང་སྡེ་ཁག  གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣས་རོགས་སྐྱོར་ཏན་ཏིག་དང་ལྷག་བསམ་ཟོལ་མེད་ལས་ཐོབ་པ་ཞིག་ཀྱང་རེད།  དེ་ནི་རོགས་སྐྱོར་ལས་བྱེད་པས་རྔུལ་ཆུ་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་བཏབ་པའི་མེ་ཏོག་ཅིག་ཡིན་པ་དང་། དེ་ནི་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཀྱང་རེད།

རྨ་ལྷོ་ཁུལ་གྱིས་དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་གནས་ཚུལ་མི་འདྲ་བ་ལྟར། གཅིག་བསྡུས་གནས་སྤོ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་ཁག་གཅིག་བཀོད་སྒྲིག་བྱས་པ་དང་།  ཁྱིམ་ཚང་ཁག་ཅིག་ཐར་ཐོར་དུ་བཀོད་སྒྲིག་བྱས་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཁྲི་གཉིས་ལྷག་སྡོད་ཁང་གསར་བར་སྤར་ཐུབ་པ་བྱུང་ཡོད། སྡོད་ཁང་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཅིག་བསྡུས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་ཞིག་ཏུ་གཏན་འཁེལ་བྱས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་མུས་གྲུ་བཞི་མ25ཟིན་པ་དང་རང་གྲབས་མ་དངུལ་སྒོར་ཁྲི1ལས་མི་བརྒལ་བ།   དབུལ་ཕོངས་ཁྱིམ་ཚང་མགྱོགས་མྱུར་ངང་གནས་སྤོ་ཐུབ་པ་མངོན་འགྱུར་བྱུང་ཏེ།  རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད།

རྨ་ལྷོ་ཁུལ་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཀྱི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ” ཁྲོད་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་ཏུ་བླངས་ཡོད། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་བཞི་བཏང་ཏེ། ཁྱིམ་ཚང1297གྱི་མི་ཁྲི་དྲུག་སྟོང་ལྔ་ལྷག་ཙམ་གྱི་ཞིང་སྡེའི་ཉེན་ཁང་དང་ཁང་རྙིང་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་བྱས།

རྨ་ལྷོ་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཁན་ཀོང་ཧུང་གིས་བཤད་རྒྱུར། “ཐེངས་འདིའི་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ལ་ཁུལ་རིམ་པའི་ལས་རིགས་ཀྱི་དབུལ་སྐྱོར་སྔོན་ཐོན་སྡེ་ཁག་གི་གཟི་བརྗིད་མཚན་སྙན་ཐོབ་ལ། དེ་ནི་ང་ཚོའི་ལས་དོན་ལ་སྐུལ་ལྕག་དང་གཟེངས་བསྟོད་བྱས་པ་ཞིག་རེད། ཁུལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་ཡང་དག་པའི་མཛུབ་སྟོན་འོག ཞིང་སྡེའི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ཤུགས་ཆེན་པོས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།  རྣམ་པ་གསར་བའི་མཁར་གྲོང་ཅན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱ་དགོས།

རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་དང་རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་འདེབས་འཛུགས་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས། དབུལ་ཕོངས་མང་ཚོགས་ཁྲི་གསུམ་སྟོང་དགུ་ལ་རོགས་སྐྱོར་བྱས་པ་དང་།  སྡེ་བ་དབུལ་པོ་105ལ་རོགས་སྐྱོར་མ་དངུལ་བཀོད་སྒྲིག་དང་སྡེ་བ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་ཤིང་།   དབུལ་པོ་མིན་པའི་སྡེ་བ156ལ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་མ་དངུལ་དངོས་འབེབས་བྱས། དབུལ་ཕོངས་གྲོང་ཁྱེར་དང་རྫོང་4ལ་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱས་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང648འཕེལ་རྒྱས་སུ་བཏང་ཞིང་། ཞིང་ཆེན་ཕྱི་ནང་དུ་ཞིང་ཕྱུགས་ཐོན་རྫས་ཐད་ཚོང་ཁང126བཙུགས་པ་སོགས་ཐོན་ལས་དབུལ་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས། “ཁྱིམ་ཚང་ལ་ཐོན་ལས་ཡོད་པ་དང་།  སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པ། རྫོང་ལ་དབུལ་སྐྱོར་ཐོན་ལས་གླིང་ཡོད་པ”བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད། ཐོན་ལས་རོགས་སྐྱོར་གྱི་དམིགས་སའི་རང་བཞིན་ཆེ་རུ་ཕྱིན་ནས།  དབུལ་ཕོངས་མང་ཚོགས་ལ་ཁྱིམ་ཚང་དང་བསྟུན་ནས་སྲིད་ཇུས་ལག་བསྟར་དང་གནད་འཁེལ་རོགས་སྐྱོར་བྱེད་པར་ཕྱུག་འགྱུར་གྱི་ལམ་བུ་བཏོད་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཐོན་ལས་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་དང་བརྟན་བརླིང་ངང་ཡོང་འབབ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས།

སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་།      ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱི་འགོ་གཙོ་ཚེ་རིང་རྡོ་རྗེས་བཤད་རྒྱུར། “གནད་འཁེལ་དབུལ་སྐྱོར་ལས་དོན་སྤེལ་བའི་ཚུན་ལ།   དབུལ་ཕོངས་སྡེ་བ་ཚོ་བཞི་དང་ཁ་སྒང་གཉིས་ཡོངས་སུ་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་བུད། གྲོང་རྡལ་ཡོངས་ཀྱི་ཁྱིམ་ཚང286གི་དབུལ་ཕོངས་མང་ཚོགས1138དབུལ་ཕོངས་ལས་ཐར་བ་དང་།  སྲིད་འཛིན་སྡེ་བ11ལ་སྡེ་བའི་ཐུན་མོང་དཔལ་འབྱོར་མངོན་འགྱུར་བྱུང་ཡོད།  རྗེས་ཕྱོགས་ང་ཚོས་མཁྲེགས་གཏོར་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་གོམ་པ་བརྟན་པོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་མ་ཐོབ་ན་མཚམས་མི་འཇོག་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཟེར།

2015ལོར་ཁུལ་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ238དང་སྡེ་བའི་བཅའ་སྡོད་ལས་བྱེད་རུ་མི728ཀྱིས་གཞི་རིམ་གྱི་ལས་ཡུལ་དང་པོར་འབད་འཐབ་བྱས་ཏེ།    བྱ་སྤྱོད་དངོས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་དབུལ་པོ་དབུལ་ནག་མེད་པའི་དམིགས་ཚད་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

རྨ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའམ་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཞིན་ཧྥེས་ཀྱིས་བཤད་རྒྱུར“ལོ་ངོ་གསུམ་གྱི་རིང་། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྩ་དོན་དང་དམིགས་འབེན་ལས་འགན་གལ་ཆེན་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་བཅངས་བ་དང་།  དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། ཧུར་ཐག་གིས‘གྲུབ་འབྲས་ང་ལ་ཐོབ་མི་དགོས་པའི’བསམ་བློའི་གོ་རྟོགས་དང‘གྲུབ་འབྲས་ཐོབ་ན་ང་ཡོད་ངེས་ཡིན’པའི་འགན་འཁྲི་འཁུར་སེམས་དར་སྤེལ་བཏང་ཏེ། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་ལས་དོན་ཚང་མ་ལེགས་པོར་སྒྲུབ་ནས།  ཁུལ་ཏང་ཨུ་དང་མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་གཞི་ཞིག་སྤྲོད་དགོས།

མི་རབས་གཅིག་ལ་མི་རབས་གཅིག་གི་ཕུགས་འདུན་ཡོད། རྨ་ལྷོ་ཁུལ་གྱི་མི་ཚང་མ་ནི་རླབས་ཆེན་གྱི་དུས་རབས་དེའི་བདེན་དཔང་མཁན་དང་། ཟབ་ཞུགས་མཁན། འཛུགས་སྐྲུན་བྱེད་མཁན་བཅས་ཡིན་པ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་ཀྱིས་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་མངོན་འགྱུར་བྱེད་པའི་རླབས་ཆེན་འགྲོ་ལམ་སྟེང་ཡང་བསྐྱར་ལེའུ་གསར་བ་བརྩམས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།