ཧོར་ཝན་སྡེ་བའི་སྡེ་དར་དམངས་ཕྱུག་གི་འབྱོར་འབྲིང་ལམ་བུ།
2020.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཧོར་ཝན་སྡེ་བའི་ཕྱུགས་ལས་ཐོན་རྫས་ཐད་འཚོང་ཁང་གི་ནང་དུ་ལྷ་མོ་ཚེ་རིང་གིས་མགྲོན་པོ་ལ་གྲོ་མ་རྒྱ་མ་ཚད་བཞིན་པ།

ནམ་མཁའ་སྔོ་ཞིང་དྭངས་ལ་རྩྭ་ཐང་ལ་གསེར་མདོག་གི་ལྭ་བ་མནབས་ཡོད། རྒྱང་ཐག་རིང་བོའི་གནས་ཀྱི་གངས་རིའི་སྟེང་གཡོགས་པའི་ཁ་བའི་རྩྭ་ཐང་ལ་མཛེས་རྒྱན་སྤྲས་ཡོད་ལ། དྲོད་འཁོལ་གྱིས་ཁེངས་བའི་སྡོད་ཁང་དུ། གདུགས་དཀར་སྐྱབས་ཀྱིས་ཞིམ་མངར་གྱི་འོ་ཇ་འཐུང་བཞིན་ན་ནིང་ལོ་གཅིག་གི་ནང་སྡེ་བའི་གཅིག་བསྡུས་ཐོན་ལས་ཀྱི་གྲུབ་འབྲས་ལ་རྩིས་རྒྱག་བཞིན་འདུག

གདུགས་དཀར་སྐྱབས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཧོར་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། སྡེ་བ་དེ་ནི་ཧི་ནན་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་། མངའ་ཁོངས་སུ་རུ་ཁག་ལྔ་ཡོད་ལ་རྩྭ་སའི་རྒྱ་ཁྱོན་མུའུ་འབུམ་གཉིས་དང་ཁྲི་གཉིས་ཡོད། སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་ང་བརྒྱད་དང་མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་ང་བདུན་ཡོད་ལ། སྡེ་བ་ཡོངས་སུ་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་རེ་གཅིག་དང་མི་གྲངས་ཉིས་བརྒྱ་ཉེར་གཅིག་ཡོད། ན་ནིང་ལོ་མཇུག་ཏུ། ཧོར་ཝན་སྡེ་བའི་མི་རེའི་ལོ་རེའི་ཡོང་སྒོ་སྒོར་སྟོང་དགུ་དང་བརྒྱད་བརྒྱ་ཡོད།

ད་ལོའི་སྡེ་བའི་གཅིག་བསྡུས་ཡོང་སྒོ་ཞིབ་རྩིས་བརྒྱབ་མེད་ལ། ཕལ་ཆེར་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཡས་མས་ཡོད། སྡེ་བའི་ནང་དུ་བགོ་བཤའ་བརྒྱབ་ཆོག་པའི་མ་དངུལ་སྒོར་འབུམ་བདུན་ཡས་མས་ཡོད། སྐབས་དེར། སྡེ་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་ལས་བརྒལ་སྲིད་ཞེས་གདུགས་དཀར་སྐྱབས་ཀྱིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

ཧོར་ཝན་སྡེ་བ་ནི་ཕྱུགས་ལས་ས་ཁུལ་དུ་གནས་ཡོད་པ་དང་ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་དཀའ། ཁྱད་པར་དུ་ལོ་འགའི་སྔོན་ལ། སྡེ་དམངས་རྣམས་ས་ཁང་དུ་བསྡད་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་གི་རྒྱ་ཁྱོན་མུས་གྲུ་བཞི་མ་བཞི་བཅུ་ཙམ་ཡིན་པ་དང་། ཡོང་སྒོ་ནོར་ལུག་ཁོ་ནར་བརྟེན་བཞིན་ཡོད་པས། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཅིག་ཡས་མས་ཡིན་ལ། སྡེ་བར་གཅིག་བསྡུས་ཀྱི་མ་དངུལ་མེད་པས་སྡེ་བའི་ལས་བྱེད་མི་སྣས་སྐད་ཆ་བཤད་སྐབས་ཀྱང་ཟིལ་ཤུགས་མེད་པ་ཞིག་རེད།

གདུགས་དཀར་སྐྱབས་ཀྱིས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་རྗེས། འཕེལ་རྒྱས་ཀྱི་བསམ་བློ་བསྒྱུར་བ་དང་། འབྲོག་པ་མང་ཚོགས་ཆེས་བྱང་ཆ་ལྡན་པའི་ཕྱུགས་ལས་ནས་དམ་འཛིན་བཟང་བོ་བྱས་ཏེ། ཏང་ཀྲི་པུའུ་དང་ཐོན་ལས། མཉམ་ལས་ཁང། འབྲོག་པ་ཁྱིམ་ཚང་། དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་འཕེལ་རྒྱས་རྣམ་པ་བསྐྲུན་ནས། དངོས་ཕུང་ཐོན་ལས་ལྔ་གསར་དུ་དར་སྤེལ་བཏང་བ་དང་། ཐོན་རྫས་ཆུང་གྲས་ལ་བརྟེན་ནས་ཁྲོམ་ར་ཆེན་པོ་དར་སྤེལ་བཏང་བས། ཐོན་ཁུངས་ཁྱད་སྟོབས་ནས་ཐོན་ལས་ཁྱད་སྟོབས་སུ་བསྒྱུར་བ་མངོན་འགྱུར་བྱུང་བ་དང་། ཕྱུགས་ལས་གཙོ་ཁྲིད་ཡིན་པའི་རྣམ་པ་རིམ་བཞིན་ཆགས་ཏེ། ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས།

གདུགས་དཀར་སྐྱབས་ཀྱིས་ཁྱིམ་ཚང་རེ་རེར་སྡེ་བའི་དངོས་ཕུང་ཐོན་ལས་མཚམས་སྦྱོར་བྱས་པ་དང་། 2013ལོར་ཧོར་ཝན་སྡེ་བའི་མཉམ་ལས་ཁང་བཙུགས། ཞིང་ཕྱུགས་སྡེ་ཁག་གི་འབྲེལ་ཡོད་ལས་གཞིའི་རྒྱབ་སྐྱོར་དང་ལས་རིགས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་མ་དངུལ་བེད་སྤྱོད་བྱས་ཏེ། དངུལ་རའི་ལུག་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས། ཞིང་ཆེན་རིམ་པའི་ཞིང་ལས་ཆེད་སྤྱོད་ཀྱི་ལས་གཞི་བཅུ་གཉིས་དང་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བཞི་ཁྲི་གཉིས་སྟོང་ལྔ་བརྩོན་ལེན་བྱས་ཏེ། ནོར་གནག་ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་བཏང་ནས་ཧོར་ཝན་སྡེ་བའི་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས། ཧི་ནན་རྫོང་གི་ཁྱད་ལྡན་ཐོན་ལས་རྒྱབ་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་བརྩོན་ལེན་བྱས་ཏེ་རླངས་འཁོར་ཞིག་གསོ་ཁང་གསར་དུ་བཙུགས། རང་སྡེ་བའི་ལག་རྩལ་འཇོན་མི་སྔོག་འདོན་བྱས་ནས་མེ་ཏོག་སེར་ཆེན་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་བཙུགས།

གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར། 2019ལོར། སྡེ་བའི་གཅིག་བསྡུས་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གཅིག་སྟོང་གཉིས་ལ་སླེབས་ཡོད་པ་དང་། སྡེ་བ་རིམ་པའི་འཕེལ་རྒྱས་མ་དངུལ་གསོག་འཇོག་བྱེད་པའི་རྨང་གཞིའི་སྟེང་། ཁྱིམ་ཚང་རེ་རེར་སྒོར་སྟོང་གཅིག་དང་ཉིས་བརྒྱ་བགོ་བཤའ་བརྒྱབ་པ་དང་། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་ང་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

ཁ་ནས་མཚམས་སྦྱོར་བྱས་པའི་གྲངས་ཀ་ལ་དོན་སྙིང་ཆེན་པོ་མེད། དེས་ཧོར་ཝན་སྡེ་བའི་སྡེ་དམངས་ཀྱི་བདེ་སྐྱིད་འཚོ་བ་མངོན་མི་ཐུབ། ཧོར་ཝན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་རྫོང་མཁར་དུ་ཡོད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགྲམ་དུ་བཟོ་གྲྭའི་ཁང་བ་ཕྲེང་ལྟར་བསྒྲིགས་ཡོད་ལ། བཟོ་གྲྭའི་ཁང་བའི་ནང་དུ་སོང་བ་ན་མིག་ལམ་དུ་མངོན་པ་ནི་བྲེལ་འཚུབ་ཀྱི་ལས་ཀ་ལས་པའི་རྣམ་པ་ཡིན་ལ། འཕྲུལ་ཆས་ཀྱི་ཐག་སྒྲ་མ་གཏོགས་ཐོས་མི་ཐུབ་པ་དང་། ཕར་འགྲོ་ཚུར་འོང་བྱེད་པའི་ལས་བཟོ་བའི་གོམ་སྟབས་ཀྱང་ཧ་ཅང་མགྱོགས།

ལས་སྣོན་བཟོ་གྲྭའི་ནང་དུ་འཕྲུལ་འཁོར་འཁོར་བཞིན་ཡོད་ལ། གུ་སྟིག་ས་རུ་བཙོག་ནས་ཚ་རུ་མཉེད་བཞིན་ཡོད་པ་དང་འགྲམ་དུ་འཚེམ་འཁོར་འགའ་བཞག་ཡོད། ཁང་བ་འགའི་ནང་དུ་བཟོས་ཟིན་པའི་ཐོན་རྫས་བཞག་ཡོད་པ་དང་། དེའི་ནང་སོག་པོའི་ལྭ་བ་དང་རྟ་སྒ། ས་གདན་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཡོད།

མི་རིགས་ཀྱི་གྱོན་ཆས་ཚོན་མདོག་རྣམ་པར་བཀྲ་ལ་སྤུས་ཀ་ལེགས། རིན་གོང་ཡང་མཐོན་པོ་བཙོང་ཐུབ། མཉམ་ལས་ཁང་ཡོད་པ་ནས་བཟུང་། ང་ཚོས་ཚོགས་པ་བྱས་ཏེ་ཚེམ་བཟོ་དང་ཚོང་གཉེར། ཕྱིར་འཚོང་བྱེད་ཀྱིན་ཡོད་པ་དང་། དེ་དང་ཆབས་ཅིག་མང་ཚོགས་སྔར་ལས་མང་པོའི་སྣེ་ཁྲིད་དེ་ལས་ཞུགས་བྱས་ན་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་ཐུབ། ཧོར་ཝན་སྡེ་བའི་མཉམ་ལས་ཁང་གི་མེ་ཏོག་སེར་ཆེན་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭའི་ནང་གུ་སྟིག་གིས་ལག་གི་ལས་ཀ་བྲེལ་བཞིན་དེ་ལྟར་བཤད།

ད་ལོ་ལོ་ང་གཅིག་ཡིན་པའི་གུ་སྟིག་ནི་མེ་ཏོག་སེར་ཆེན་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭའི་འགན་ཁུར་བ་ཡིན་ལ། ཁོའི་དེ་སྔོན་ཕྱུགས་ལས་སུ་འཚོ་བ་རོལ་བཞིན་ཡོད། ཁྱིམ་དུ་ནོར་བརྒྱ་ལྷག་དང་རྩྭ་ས་མུའུ་ཉིས་བརྒྱ་ལྷག་ཡོད། མཉམ་ལས་ཁང་བཙུགས་རྗེས། ནོར་ཚང་མ་མཉམ་ལས་ཁང་དུ་སྤྲད་པ་དང་། རྩྭ་ས་ལོ་རེར་སྒོར་ཁྲི་གཅིག་བྱས་ཏེ་ཕྱི་རུ་གླས། ལས་སྣོན་བཟོ་གྲྭ་རུ་ཟླ་གཅིག་ལ་སྒོར་སྟོང་གསུམ་གྱི་གླ་ཕོགས་ཡོད་པ་དང་། བྱིས་པ་གཉིས་སློབ་གྲྭར་འགྲོ་བ་སྟབས་བདེ་བཟོ་ཆེད། ཁོས་རྫོང་ཐོག་ཏུ་ཁང་བ་ཞིག་ཉོས།

མེ་ཏོག་སེར་ཆེན་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་རུ་གུ་སྟིག་དང་འདྲ་བའི་ལས་བཟོ་བ་ལྔ་ཡོད་པ་དང་། དེ་དག་ཚང་མ་ཧོར་ཝན་སྡེ་བའི་སྡེ་མི་རེད། དེ་སྔོན་ཁོ་ཚོའི་རུ་བ་སྤོ་བའི་འཚོ་བ་རོལ་བཞིན་ཡོད་ལ། སྡེ་བའི་གཅིག་བསྡུས་ཐོན་ལས་ཇེ་རྒྱས་སུ་སོང་ནས་ཕན་འབྲས་ཆེན་པོ་ཐོབ་པས། ད་ལྟ་རྫོང་མཁར་དུ་བརྟན་འཇགས་ཀྱི་བྱ་བ་ཡོད་པར་གྱུར།

མེ་ཏོག་སེར་ཆེན་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭའི་འགྲམ་དུ་ལྕགས་ལེབ་ཁང་བ་འགའ་ཕྲེང་ལྟར་བསྒྲིགས་ཡོད། དེ་དག་ནི་ཧོར་ཝན་སྡེ་བའི་གཅིག་བསྡུས་ཐོན་ལས་གཞན་ཞིག་ཡིན་ལ། དེ་ནི་རླངས་འཁོར་ཞིག་གསོའི་གནས་རེད། ལྕགས་ལེབ་ཁང་བར་བསྡོམས་པས་ཁང་བ་ཆུང་ཆུང་ཉེར་བཞི་ཡོད། སྡེ་བའི་ནང་དུ་རླངས་འཁོར་ཞིག་གསོ་བྱེད་ཤེས་མཁན་མེད་པས། ཞབས་ཞུ་འདོན་སྤྲོད་དང་ཁང་བ་ཕྱི་རུ་གླ་བའི་བྱེད་ཐབས་སྤྱད་དེ་འཁོར་སྐྱོད་བྱེད་ཀྱིན་ཡོད་པས། ཁང་བ་རེའི་གླ་རིན་ལོ་རེར་སྒོར་ཁྲི་གཅིག་ནས་གཉིས་ལ་སླེབས་ཡོད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མདུན་ནི་ཐང་ཆེན་ཞིག་ཡིན་ལ། དེ་ནི་ཧོར་ཝན་སྡེ་བའི་མང་ཚོགས་ཀྱི་གར་སྟེགས་ཡིན་པ་དང་། སྡེ་དམངས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ས་རེད། ལོ་རེའི་བདུན་གཅིག་ཏང་བཙུགས་ཉིན་མོ་དང་གསུམ་བརྒྱད་བུད་མེད་དུས་ཆེན། བརྗོད་དོན་ཏང་གི་ཉིན་མོ་སོགས་སུ་ཚང་མས་གནས་འདི་རུ་བྱ་འགུལ་སྤེལ་བཞིན་ཡོད་པས། སྡེ་དམངས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར། དེ་སྔོན་སྡེ་བའི་ནང་དུ་གཅིག་བསྡུས་ཀྱི་མ་དངུལ་མེད་པ་དང་། སྡེ་བའི་ནང་དུ་སྤྲོ་གསེང་གི་གནས་མེད་ལ་བྱ་འགུལ་ཡང་རྩ་འཛུགས་བྱེད་མི་ཐུབ། སྡེ་དམངས་རྣམས་རང་རང་གི་བྱ་བར་བྲེལ་བཞིན་ཡོད་ལ། ཐོན་ལས་འཕེལ་རྒྱས་ལ་ཡང་གྲུབ་འབྲས་ཅི་ཡང་མེད་ཟེར།

གསར་འགོད་པ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཁ་བྲལ་ཏེ། རྫོང་མཁར་གྱི་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ཁང་ཞིག་ཏུ་ཐོན། དེ་ནི་སྡེ་བའི་ཕྱུགས་ལས་ཐོན་རྫས་ཐད་འཚོང་ཁང་ཡིན་པ་དང་། ཚོང་ཁང་གི་ཚོང་སྒྲོམ་སྟེང་དུ་ཐུམ་བརྒྱབ་ཡོད་པའི་ཤ་སྐམ་དང་མར། ཞོ། གྲོ་མ་སོགས་ཐོན་རྫས་བཤམ་ཡོད། མགྲོན་པོར་འོ་མ་བཙོང་བཞིན་པའི་ལྷ་མོ་ཚེ་རིང་གིས་བཤད་རྒྱུར། དེ་རིང་འོ་མ་རྒྱ་མ་བརྒྱ་དང་ལྔ་བཅུ་བཙོང་བ་དང་། འོ་མ་དེ་དག་ནི་ཧོར་ཝན་སྡེ་བའི་མཉམ་ལས་ཁང་ནས་འཁྱེར་ཡོང་བ་ཡིན་ཟེར།

ལྷ་མོ་ཚེ་རིང་ནི་ཧོར་ཝན་སྡེ་བའི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། མོ་གཅིག་པུས་བུ་དང་བུ་མོ་གཉིས་སྐྱོང་བཞིན་ཡོད་པ་དང་། ཁྱིམ་དུ་ནོར་ལུག་ཅི་ཡང་མེད་ལ་རྩྭ་ས་མུའུ་བརྒྱ་ཡོད། ཡོང་སྒོ་ཚང་མ་ཞོར་ལས་ལ་བརྟེན་ནས་བཙལ་བཞིན་ཡོད།

ལོ་འགའི་སྔོན་ལ། ལྷ་མོ་ཚེ་རིང་ནི་སྡེ་བའི་ནང་གི་ཕྱུགས་རའི་འོ་མ་བཞོ་མཁན་ཡིན་ལ། ཟླ་རེར་གླ་ཕོགས་སྒོར་སྟོང་གཉིས་ཡོད། ས་གནས་གཞན་ལ་གནས་སྤར་རྗེས། ལྷ་མོ་ཚེ་རིང་བཟའ་མི་གང་བོ་རྫོང་མཁར་གྱི་བདེ་སྐྱིད་སྡོད་ཁུལ་དུ་གནས་སྤར་བ་དང་། མུས་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་བ་ཞིག་བགོས། བྱིས་པ་བདག་སྐྱོང་དང་སློབ་གྲྭར་འགྲོ་དགོས་པ་བསམ་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལྷ་མོ་ཚེ་རིང་རྫོང་མཁར་གྱི་ཕྱུགས་ལས་ཐོན་རྗེས་ཐད་འཚོང་ཁང་དུ་བྱ་བ་བཀོད་སྒྲིག་བྱས་པ་དང་། གླ་ཕོགས་ལ་འགྱུར་ལྡོག་མེད། འོན་ཀྱང་། བྱ་བ་སྔོན་ལས་ཇེ་ཡང་དུ་སོང་ཡོད་ལ་ཁྱིམ་ཚང་དང་བྱིས་པ་ཡང་བདག་སྐྱོང་བྱེད་ཐུབ།

ད་ལྟ་ངས་རང་ཁྱིམ་གྱི་སྒོ་ཁའི་བཟོ་གྲྭའི་ནང་ལས་ཀ་གཉེར་བཞིན་ཡོད་ལ། དེ་ལྟར་བྱས་ན་བྱིས་པ་བདག་སྐྱོང་བྱེད་པར་སྟབས་བདེ་ལ། ཡོང་སྒོ་ཡང་ཇེ་མང་དུ་སོང་ཡོད་པ་མ་ཟད་ལོ་མཇུག་ཏུ་ད་དུང་ཡོང་སྒོ་བགོ་བཤའ་རྒྱག་རྒྱུ་ཡང་ཡོད་ཞེས་ལྷ་མོ་ཚེ་རིང་གིས་དེ་ལྟར་བཤད་ཞོར་མིག་ནང་དུ་སྐྱིད་སྣང་ཞིག་ཤར་ཡོད།

གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར། སྡེ་བ་ཡོངས་སུ་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་རེ་གཅིག་རྫོང་མཁར་གྱི་བདེ་སྐྱིད་སྡོད་ཁུལ་དུ་གནས་སྤར་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་མ་དངུལ་ཚང་མ་ནོར་གནག་ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི་རུ་བཏང་ཡོད་པས། ཁྱིམ་ཚང་རེར་ཕལ་ཆེས་ལས་གནས་གཅིག་རེ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་སྡེ་བའི་དངོས་ཕུང་ཐོན་ལས་གནས་སུ་སོང་ནས་ལས་ཞུགས་བྱེད་ཀྱིན་ཡོད།

ད་ལྟ། ཧོར་ཝན་སྡེ་བའི་སྔོན་གྱི་གནས་སུ་ཕལ་ཆེར་མི་མེད་པ་དང་། ཕྱུགས་ལས་གཉེར་བཞིན་པའི་ཁྱིམ་ཚང་འགའ་མ་གཏོགས། མང་ཆེ་ཤོས་རྫོང་ཐོག་ཏུ་གནས་སྤར་ནས་བསྡད་ཡོད། དེ་དག་ལས་ཁ་ཤས་ཀྱིས་རང་གི་མ་དངུལ་བཏང་ནས་ཁང་བ་ཉོས་པ་དང་། ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་ས་གནས་གཞན་ལ་སྤོར་བའི་སྲིད་ཇུས་རོལ་མྱོང་བྱས་པ་རེད། ད་ལྟ་ཁོ་ཚོས་རྫོང་མཁར་དུ་སྨན་བཅོས་དང་སློབ་གསོ་སྔར་ལས་བཟང་བོ་རོལ་མྱོང་བྱེད་ཐུབ།

ཧོར་ཝན་སྡེ་བར་མཚོན་ནས་བཤད་ན། སྡེ་བའི་ནང་གི་དངོས་ཕུང་ཐོན་ལས་ཆེན་པོ་ལྔ་ནི་འབྱོར་འབྲིང་གི་ལམ་དུ་བསྐྱོད་བཞིན་པའི་རྨང་རྡོ་ལྟ་བུ་ཡིན་ལ། རྫོང་མཁར་དུ་གནས་སྤར་བ་དང་ཡོང་སྒོ་བགོ་བཤའ་རྒྱག་པ། ལས་ཞུགས་གནད་དོན་བརྟན་པོ་ཡིན་པ་འདི་དག་ནི་ཧོར་ཝན་སྡེ་བའི་འབྱོར་འབྲིང་གི་འཚོ་བ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།