ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར། ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུ་མགོ་ཁུངས་སྡེ་བའི་སྡེ་མི་སྐལ་བཟང་སྐྱབས་སྔ་མོ་ནས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བོད་སྨན་གྱི་དངོས་ལུགས་གསོ་བཅོས་བྱེད་དུ་ཡོང་བ་དང་། ཁོས་ཁྱིམ་གྱི་སྒོ་ཁ་ནས་དངོས་ལུགས་གསོ་བཅོས་བྱེད་ཐུབ་པས། ང་ཚོ་ལོ་ན་ཆེ་བའི་མི་ཞིག་ལ་མཚོན་ན་དེ་ནི་དོན་བཟང་ཞིག་ཡིན་པ་དང་། ཚང་མ་ང་ཚོ་མི་རིགས་རང་གི་སྐད་གོ་བའི་སྨན་པ་ཡིན་པས། འབྲེལ་འདྲིས་བྱས་ནའང་ཧ་ཅང་སྟབས་བདེ་ཡིན་ལ། བོད་སྨན་གྱི་བརྐུ་མཉེ་བྱེད་པ་དང་། ཁབ་བཙའ་སོགས་ཀྱིས་གསོ་བཅོས་བྱས་ན་ཕན་ཐོགས་ཡང་ཤིན་ཏུ་ཆེན་པོ་ཡོད་པ་རེད་ཅེས་བཤད།
བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བོད་སྨན་ཁང་ནང་དུ། སྨན་པ་ཚེ་ལོ་སྐྱབས་ཀྱིས་གསར་དུ་ཐོན་པའི་བོད་སྨན་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། བོད་སྨན་ཁང་གི་ནང་དུ་བཀོལ་སྤྱོད་བྱས་ཆོག་པའི་སྨན་སྣ་ལྔ་བཅུ་ལྷག་ཡོད་ལ། དེའི་ནང་གི་བོད་སྨན་ཁ་ཤས་འཐུང་དགོས་པ་དང་།ཁ་ཤསམཕྱི་བཅོས་ཀྱང་བྱེད་ཆོག་པའི་ནུས་པ་ལྡན་པ་རེད། དངོས་ལུགས་སྨན་བཅོས་བྱེད་པའི་ནང་དུ། སྨན་པ་རྣམ་གླིང་ཚེ་རིང་གིས་ཡང་བསྐྱར་ནད་ལ་ལྟ་རུ་ཡོང་བའི་ནད་པའི་གནས་ཚུལ་ཞིབ་འདྲི་བྱས་རྗེས། སོ་སོའི་ནད་ཀྱི་གནས་ཚུལ་གཞིགས་ཏེ་ཧོར་མེ་དང་། བརྐུ་མཉེ། སྣུམ་བྱུགས། མེ་བཙའ། གཏར་ཁ་སོགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱས། ཚོད་ལྟའི་ལས་གཉེར་བྱས་པ་བརྒྱུད། ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། གདང་ལ་གྲོང་བརྡལ་བོད་སྨན་ཁང་དངོས་སུ་འཁོར་བསྐྱོད་བྱས་པ་དང་། ཉིན་འདི་གཉིས་ཀྱི་རིང་ལ་ནད་ལ་ལྟ་རུ་ཡོང་བའི་འབྲོག་པ་མང་ཚོགས་མང་པོ་ཡོད་པ་རེད།
གདང་ལ་གྲོང་བརྡལ་ནི་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ས་ཁོངས་དུ་ཡོད་ལ། ཆ་སྙོམས་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་བདུན་བརྒྱ་ཡན་ཡོད་ལ། དེ་ནི་འཛམ་གླིང་སྟེང་གི་ས་མགོའི་མཐོ་ཚད་ཆེས་མཐོ་བའི་གྲོང་རྡལ་ཞིག་ཡིན་པ་དང་། སྤྱིའི་མི་གྲངས་སྟོང་གཅིག་དང་དགུ་བརྒྱ་ལྷག་ཡོད་པ་རེད། དམིགས་བསལ་གྱི་རང་བྱུང་ས་ཁམས་ཆ་རྐྱེན་དང་འཚོ་བའི་རྣམ་པའི་འགྱུར་ལྡོག་གི་རྐྱེན་གྱིས་གྲོང་རྡལ་འདིའི་འབྲོག་པ་མང་ཚོགས་ཁྲོད་གཅིན་སྙིའི་ནད་དང་། ཤ་རྒྱགས་པ། ཁྲག་ཚིལ་མཐོ་བ་སོགས་དལ་བའི་རང་བཞིན་གྱི་ནད་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཐོ་སྒང་གི་ནད་རིགས་མང་པོ་འབྱུང་བཞིན་ཡོད་པ་རེད། དེ་བས། གདང་ལ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ས་ཁོངས་རང་གི་དངོས་ཡོད་གནས་ཚུལ་ལ་རྐང་ཚུགས་ཏེ། བོད་སྨན་གྱི་ལག་རྩལ་འོས་འཚམ་གྱིས་རྒྱ་སྐྱེད་དང་བོད་སྨན་གྱི་མ་རྩ་དམའ་བའི་ཞབས་ཞུ་འདོན་སྤྲོད་བྱེད་པ་བརྒྱུད་དེ། མུ་མཐུད་དུ་བོད་སྨན་གྱི་ཞབས་ཞུ་དང་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ས་གནས་རང་གི་འབྲོག་པ་མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བའི་གནད་དོན་ཇེ་ཡང་དུ་བཏང་སྟེ། མང་ཚོགས་སྔར་ལས་མང་པོར་ཁེ་ཕན་དང་། མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས།
མིག་སྔར། མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་ལྔ་བཏང་ནས་ལས་པའི་གདང་ལ་གྲོང་རྡལ་འཕྲོད་བསྟེན་ཁང་བོད་སྨན་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་དྲུག་ཅུ་ཡོད་པ་དང་། ཕུར་མཉེད་བྱེད་སའི་མལ་ཁྲི་གསུམ་དང་། བོད་སྨན་གྱི་ཚ་ངར་གསོ་བཅོས་ཀྱི་མལ་ཁྲི་གཅིག སྐེ་ཚིགས་དང་སྒལ་ཚིགས་འཐེན་པའི་གསོ་བཅོས་བྱེད་སའི་མལ་ཁྲི་གཅིག བོད་སྨན་གྱི་རྐང་བ་འཁྲུ་བྱེད་ཀྱི་ཟོ་བ་གསུམ་བཅས་ཡོད་པ་དང་། འཕྲོད་བསྟེན་ཁང་དུ་སྨན་པ་དཀའ་བཅུ་བ་གཅིག་དང་། ལས་རོགས་སྨན་པ་གཅིག སྨན་པ་དཀྱུས་མ་གཉིས། ནད་གཡོག་གཉིས་བཅས་ཡོད་པ་རེད།
གདང་ལ་གྲོང་བརྡལ་འཕྲོད་བསྟེན་ཁང་གི་འགོ་གཙོ་ཞའེ་ཡུན་ཆོན་གྱིས་བཤད་རྒྱུར། ང་ཚོས་སྔོན་ལ་ཡོངས་ཁྱབ་སྒོས་སྤེལ་བའི་སྤྲ་མེ་དང་། མེ་བུམ། ཕུར་མཉེད་སོགས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་ནད་བརྟག་སྨན་བཅོས་བྱེད་པའི་རྨང་གཞིའི་སྟེང་། མི་རིགས་སྨན་རྫས་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་རྒྱ་ཁྱབ་སྒོས་བཀོལ་སྤྱོད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བར་མ་ཟད། ཆེད་མངགས་བོད་སྨན་ལག་རྩལ་རྐང་འཛིན་པ་མཚོ་ནུབ་ཁུལ་སོག་བོད་སྨན་ཁང་དུ་གསོ་སྦྱོང་དང་། སློབ་སྦྱོང་བྱེད་དུ་སོང་བ་དང་། སློབ་སྦྱོང་བྱས་རྗེས་སྐེ་ཚིགས་དང་སྒལ་ཚིགས་འཐེན་བཅོས་དང་། བོད་སྨན་གྱི་ཚ་ངར་གསོ་བཅོས། སྨན་དབྱུག་གསང་མིག་ཕུར་མཉེད་གསོ་ཐབས་སོགས་གསོ་བཅོས་བྱེད་ཐབས་བཅུ་ལྷག་ཧུར་ཐག་སྒོས་ཁྱབ་གདལ་དུ་བཏང་བ་དང་། དེ་དག་རྒྱ་ཁྱབ་དུ་བཀོལ་སྤྱོད་བྱེད་པའི་ཚད་ཇེ་ཆེར་བཏང་ལ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཀྱང་གཟེངས་བསྟོད་བྱེད་བཞིན་འདུག་ཟེར།
བོད་སྨན་གྱི་ལོ་རྒྱུས་འཕེལ་རྒྱས་ཡུན་རིང་ཞིང་། གྲངས་ཉུང་མི་རིགས་ཀྱི་འཚོ་གནས་དང་སྐྱེ་འཕེལ་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་གི་འབྱུང་ཁུངས་གཙོ་བོ་དང་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། གསོ་བཅོས་བྱས་པའི་ནད་མང་ཆེ་བ་ནི་མཚོ་བོད་མཐོ་སྒང་གི་རྒྱུན་ལྡན་གྱི་ནད་དང་། ནད་བྱུང་ཚད་མང་བའི་རིགས་ཤིག་ཡིན་པ་དང་། ལྷག་པར་དུ་མཐོ་སྒང་གི་ནད་དང་། ཀླད་པའི་ཁྲག་རྩའི་ནད། གྲུམ་ནད་སོགས་གསོ་བཅོས་ཐད་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད། གོ་རིམ་རྗེས་མར་གདང་ལ་གྲོང་བརྡལ་འཕྲོད་བསྟེན་ཁང་གིས་ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ས་ཁུལ་རང་གི་མང་ཚོགས་རྣམས་ཀྱིས་ནད་ལ་ལྟ་བའི་དགོས་མཁོ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བོད་སྨན་གྱིས་འཕྲོད་བསྟེན་བདེ་སྲུང་ཕྱོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྨན་རྫས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཇེ་ཆེ་དང་འཐུས་ཚང་དུ་བཏང་སྟེ། སྨན་རྫས་སྒྲིག་ཆས་ཐད་ལ་ཤུགས་སྣོན་དང་། འོས་འཚམ་སྒོས་ལག་རྩལ་རྒྱ་སྐྱེད་དང་བཀོལ་སྤྱོད་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས། མུ་མཐུད་དུ་གདང་ལ་གྲོང་བརྡལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་བདེ་ཐང་སྲུང་བ་དང་། འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་ཐད་ལ་བྱས་རྗེས་སྔར་ལས་གསར་བ་བཞག
ལོ་ཙཱ། ཚེ་རིང་སྒྲོལ་མ།