མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་དྲིས་ལན་གསལ་བོ་ཞིག
2020.12.21 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 15

 —ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

“མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་དྲིས་ལན་གསལ་བོ་ཕུལ་ཡོད”ཅེས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལོ་གཅིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། 2020ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་ཞིབ་མོ་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ནན་མོ་བྱས། 2021ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་སྟེ། ང་ཚོར་སང་ལོའི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་རྩོམ་པར་འགན་ལེན། དུས་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བསྐྲུན་པ་བཅས་ཀྱི་ཆེད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།

ད་ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་། དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས།  བརྟན་བརླིང་གསུམ་གྱི་ལས་འགན་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་།  གནས་བབ་ལ་བརྡར་གཅོད་ཡང་དག  ཇུས་འགོད་བཀོད་སྒྲིག་ཞིབ་ཚགས། བློ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་པ་བརྒྱུད། ཐོབ་པར་དཀའ་བའི་གྲུབ་འབྲས་བླངས་ཡོད། རང་རྒྱལ་གོ་ལ་ཧྲིལ་པོར་དཔལ་འབྱོར་འཕར་སྣོན་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་གཅིག་པུར་གྱུར་ནས། ཉེན་ཁ་འགོག་པའི་ནུས་པ་ཆེན་པོ་མངོན་པ་དང་།  མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་ལ་འཕེལ་རིམ་གལ་ཆེན་ཐོན་པ།  བཅོས་སྒྱུར་སྒོ་འབྱེད་ལ་ཐོད་བརྒལ་ཆེན་པོ་བྱུང་བ། དམངས་ཚིས་འགན་སྲུང་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད། འགལ་རྐྱེན་སྣ་ཚོགས་བྱུང་བའི་གནས་ཚུལ་འོག་གྲུབ་འབྲས་ལྗིད་ཏིག་ཏིག་འདི་འདྲ་ཐོབ་པ་ནི།  མི་གྲངས་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན་ཧ་ལས་དགོས་པ་ཞིག་ཡིན་པས། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་རྦད་དེ་འཁོད་ངེས་ཡིན།

ལས་གཏོད་དཀའ་ཚེགས་ཆེ་ན་ཡང་། འབད་འཐབ་བྱས་ན་འགྲུབ་ངེས་ཡིན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དཀའ་ཁག་དང་ཉེན་ཁ་ཆེན་པོ་བརྒྱུད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་ལ་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཡོད། འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ལམ་སྟོན་པ་དང་དེད་དཔོན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་དུ་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཚེ། མདུན་སྐྱོད་ཀྱི་འགྲོ་ལམ་སྟེང་འཕྲད་པའི་དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་བས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ལག་ལེན་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད།

ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ཞིང་། ལོ་ལྔའི་རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་གལ་ཆེན་ཡོངས་འགྲུབ་བྱས་ཡོད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག ཞིང་སྡེའི་མི་གྲངས་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་ནས། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་ཅན་བསྐྲུན་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཐོབ་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལས་དོན་མདུན་ཕྱོགས་སུ་འཕེལ་རྒྱས་གསར་པ་བྱུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་སྔར་ལས་བརྗིད་ཉམས་ལྡན་པའི་ངང་འཛམ་གླིང་གི་ཤར་ཕྱོགས་སུ་འགྱེང་ངེར་གནས་ཡོད། ད་ལྟ་མི་དམངས་མང་ཚོགས་ཀྱིས་སེམས་ཁོང་ནས་ཏང་གི་འགོ་ཁྲིད་ལ་གོང་བཀུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་ཚོར་བ་དང་། སྔར་ལས་སྙིང་ཐག་པ་ནས་རང་རེའི་རླབས་ཆེན་མེས་རྒྱལ་ལ་སྤོབས་པ་སྐྱེས་པ། སྔར་ལས་གདེང་ཚོད་བརྟན་པོའི་ངང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་མཆིས།

མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། རིམས་ནད་ལས་བྱུང་བའི་འགྱུར་ལྡོག་དང་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལ་ངེས་གཏན་མེད་པའི་རང་བཞིན་མང་པོ་གནས་ཡོད།  སང་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན་ཞིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་རྩོམ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དགོས་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སྒོ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་རྩོམ་དགོས། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་ངེས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་གི་དོན་དག་ཡག་པོ་སྒྲུབ་པ་དང་།  ཚད་མཐའི་བསམ་གཞིག་མཐའ་འཁྱོངས་བྱེད་པ། ཉེན་ཁ་སྔོན་མཐོང་དང་སྔོན་ཚུད་ནས་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་ཟོན་ནན་མོ་བྱ་དགོས།

“མིག་སྔའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། གོ་སྐབས་ཡག་པོ་མི་ཤོར་བ་བྱེད”དགོས། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ། ང་ཚོར་གདེང་ཚོད་སྔར་ལས་ཆེན་པོ་ཡོད་པར་བྱ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བྱེད་པ།  དཀའ་བ་མཉམ་སེལ་དང་གསར་གཏོད་བརྩོན་ལེན་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

གཞན་ཡང་། སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་་གྲོས་བསྡུར་བྱས།

དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱ་ཡི་འགྱུར་ལྡོག་མཉམ་གནས་ཁྲོད་རྫོགས་ཉེར་ཡོད་པའི2020ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ12ཚེས་16ཉིན་ནས་ཚེས18ཉིན་བར་པེ་ཅིན་དུ་འཚོགས་ནས་2020ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ། 2021ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས།

སྤྱི་ཚོགས་ལས་རིགས་ཁག་གིས། ལོ་དེར་དཀའ་ཚེགས་དང་ཉེན་ཁ་སྣ་ཚོགས་བརྒྱུད་ནས་བླངས་བའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ལོ་གསར་པར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དམ་འཛིན་ལེགས་པོ་བྱས་ནས་དམངས་སེམས་གཅིག་སྒྲིལ་དང་དཀའ་བ་ཁྱད་བསད་བྱས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་རྩོམ་རྒྱུར་འགན་ལེན་བྱས་ཤིང་། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ངོས་འཛིན་བྱས་པ་རེད།

འགྲན་སློང་དྲག་པོའི་ཁྲོད་སྤྱིར་བཏང་མིན་པའི་ལས་འགན་སྒྲུབ་དགོས།

པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པ་རེད། ཚོགས་འདུའི་སྟེང་འདི་ནི“ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད”ཅེས་བསྟན་ཡོད།

ཚོགས་འདུའི་སྟེང་མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་ཅེས་བསྟན་པ་དེ་ནི་མི་སེམས་ལ་སྐུལ་ལྕག་ཐེབས་པ་ཞིག་རེད་ཅེས་ཆིན་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་འགོ་གཙོ་ཅང་ཞའོ་ཅོན་གྱིས་དེ་ལྟར་བཤད་བྱུང་། ཁོས་མུ་མཐུད་དུ་བཤད་རྒྱུར། རང་རྒྱལ་གྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁོག་སྲིད་ཇུས་ཐད་ནས་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་བ་དང“བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། སྔོན་དང་མི་འདྲ་བར་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད།

ཟླ3ཚེས28ཉིན་མི་9300ལྷག་ཙམ་ལས་གནས་སུ་ཕྱིར་ལོག་པ་དང་། ཟླ་བཞི་པར་ཕྱོགས་ཡོངས་ནས་ཐོན་སྐྱེད་སླར་གསོ་བྱས་ཤིང་། ཟླ་དྲུག་པར་ཟོག་འགྲེམས་དྲ་བ་རང་འགུལ་ཅན་སྒྲིག་སྦྱོར་བྱས་ནས་སྤྱོད་འགོ་ཚུགས་པ་བཅས་མཉམ་འབྲེལ་དྲ་རྒྱའི་ཝུའུ་ཧན་རྟེན་གཞིར་ཐོབ་པའི་གྲུབ་འབྲས་དེ་དག་ནི།  “ལས་སླ་པོ་ཞིག་མིན”ཞེས་མཉམ་འབྲེལ་དྲ་རྒྱའི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་མཐོ་རིམ་འགོ་གཙོ་གཞོན་པ་ཀོན་ཝེས་ཀྱིས་བསྔགས་བརྗོད་བྱས་པ་མ་ཟད། འདི་ནི་རྒྱལ་ཁབ་ཀྱི་འཁོར་འབྲེལ་བརྟན་པོ་དང་འཁོར་འབྲེལ་སྲ་བརྟན་གྱི་རོགས་སྐྱོར་སྲིད་ཇུས་དང་དེ་བཞིན་མཉམ་འབྲེལ་ཀུང་སིས་ལོ་མང་རིང་བསྐྲུན་པའི་མཁོ་སྤྲོད་འཁོར་འབྲེལ་དྲ་རྒྱ་ཡིས།  ལྟེ་བའི་མཁོ་སྤྲོད་ཚོང་པ་རྣམས་ལ འཁོར་འབྲེལ་མི་ཆད་པའི་འགན་ལེན་བྱས་ཡོད་ཅེས་བཤད།

ད་ལྟ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་རིམ་གྱིས་སླར་གསོ་བྱུང་ཡོད་མོད། འོན་ཀྱང་རིམས་ནད་ཀྱི་འགྱུར་ལྡོག་དང་ཕྱིའི་ཁོར་ཡུག་ཐད་ད་དུང་ངེས་གཏན་མེད་པའི་གནས་ཚུལ་མང་པོ་གནས་ཡོད་པ་དང་དཔལ་འབྱོར་སླར་གསོའི་རྨང་གཞིའང་ད་དུང་བརྟན་པོ་མིན་པ་རེད།

ཚོགས་འདུའི་ཐོག་འགྲན་སློང་དྲག་པོའི་འོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཆེན་པོ་ལྔ་གསལ་སྟོན་བྱས་པ་དང་། “སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ”དང“རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས”པ་ནན་གྱིས་བསྟན་ཡོད།

“ཇི་ཙམ་གྱིས་གཏན་འཁེལ་རང་བཞིན་མེད་ན། དེ་ཙམ་གྱིས་རང་འགུལ་ངང་ལས་དོན་བསྒྲུབ་དགོས”། ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཅུན་གྱིས་ཚོགས་འདུའི་ཐོག་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག“རྒྱུན་མཐུད་ཆོག་པའི་རང་བཞིན” དེའི་ཐོག་ནས་དུས་ཐུང་དང་རྒྱང་རིང་གཉིས་ཟུང་འབྲེལ་བྱས་པ་མཚོན་ཡོད་ཅེས་བཤད་བྱུང་།

ཚོགས་འདུའི་ཐོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར།  སང་ལོར་གོམ་སྟབས་དང་པོ་ཡག་པོ་སྤོས་ནས་རྣམ་པ་གསར་པ་མཐོང་ཐུབ་པ་བྱེད་པ་དང་ཆབས་ཅིག   གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཆགས་པར་བྱ་རྒྱུ་དེ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

“ང་ཚོའི་འཛད་སྤྱོད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་མོད། འོན་ཀྱང་འཛད་སྤྱོད་ཁོར་ཡུག་དང་འཛད་སྤྱོད་ཆུ་ཚད་ད་དུང་མཐོར་འདེགས་གཏོང་བའི་བར་སྟོང་ཆེ་བ་རེད” །   ཁྲུང་ཆིན་ལེང་ཅང་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཀྲི་ཅེ་ཡིས་བཤད་རྒྱུར། ལེང་ཅང་ཁུལ་གསར་གྱིས“བཟའ་བཏུང་དང་འགྲོ་སྡོད། ཡུལ་སྐོར། རོལ་རྩེད། ཉོ་སྒྲུབ”བཅས་ལ་དམིགས་ནས་རིག་ལྡན་ཚོང་ཚོགས་གསར་པ་རབ་དང་རིམ་པ་བསྐྲུན་ཏེ། སྤུས་ཚད་རིམ་སྤོར་ལ་བརྟེན་ནས་འཛད་སྤྱོད་རིམ་སྤོར་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།