མཚོ་སྔོན་གྱིས་དུས་ཚོད་དང་དུས་ཚིགས་ངེས་མེད་ཀྱི་ཡུལ་སྐོར་བྱེད་སྟངས་སྤེལ་མགོ་བརྩམས།
2020.12.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

རིགས་ཆེན་པོ་བཅུའི་རིག་གནས་ཡུལ་སྐོར་བྱ་འགུལ་ལ་བརྟེན་ནས་དགུན་དཔྱིད་དུས་ཚིགས་ཀྱི་མཛེས་སྡུག་མ་ལུས་མངོན་པར་བྱེད།

ཉེ་ལམ། “མཛེས་སྡུག་གི་མཚོ་སྔོན། སྐྱེ་ཁམས་མཐོ་སྒང་། ཡུལ་སྐོར་གནས་མཆོག”བརྗོད་གཞི་ཡིན་པའི་མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ལུས་རྩལ་ལྟེ་གནས་སུ་བསྡུས། དེས་རང་ཞིང་གིས་དུས་ཚོད་དང་དུས་ཚིགས་ངེས་མེད་ཀྱི་ཡུལ་སྐོར་བྱེད་སྟངས་སྤེལ་མགོ་བརྩམས་པ་མཚོན་ཡོད།

མགོ་རྩོམ་མཛད་སྒོའི་སྟེང་། “རླངས་འཁོར་བརྒྱ་བསྐོར། མཛེས་ལྗོངས་བརྒྱ་མྱོང་། ལམ་ཐིག་བརྒྱ་འགྲིམ”ཞེས་པའི་མཚོ་སྔོན་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་ཆེན་ནམ་རྒྱལ་ཡོངས་ཀྱི་སྒེར་བསྐོར་ཡུལ་སྐོར་པ་ཁྲི་ཕྲག་གི་བརྙན་ཕབ་བྱ་འགུལ་གཉིས་མཉམ་དུ་སྤེལ་མགོ་བརྩམས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་ནང་དོན་དང་གཟིགས་སྐྱོང་བྱེད་ཐབས་ཁྱབ་སྒྲོག་བྱས་པ་དང་། གཟིགས་སྐྱོང་སྲིད་ཇུས་ཉེར་དྲུག་བཏོན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ཚང་མ་ནས་དགུན་དཔྱིད་དུས་ཚིགས་ཀྱི་འཛིན་བྱང་རིན་གོང་ལག་བསྟར་བྱེད་རྒྱུ་དང་། སྐར་རིམ་གསོལ་ཁང་སུམ་བརྒྱ་ལྷག་གིས་དགུན་དཔྱིད་དུས་ཚིགས་སུ་རིན་གོང་མར་ཕབ་པའི་སྐུལ་འཚོང་གཟིགས་སྐྱོང་ལག་བསྟར་བྱེད་རྒྱུ་རེད།

ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་བསྟུན་ནས། ད་ལོའི་ཟླ་བཅུ་གཅིག་པ་ནས་སང་ལོའི་ཟླ་བཞི་བའི་བར། སྔོན་ཆད་ཀྱི་གཅིག་བསྡུས་སྒོས་ཟླ་དང་པོ་དང་ལོ་གསར་སྐབས་ཀྱི་རིག་གནས་ཡུལ་སྐོར་དེ་ཟླ་ངོ་དྲུག་གི་རིང་ལ་རྒྱུན་བསྲིངས་ནས། “ཟླ་རེར་བཀོད་སྒྲིག་ཡོད་ཅིང་ཉིན་རེར་བྱ་འགུལ་ཡོད”དུ་བཅུག་པས། ཡུལ་སྐོར་ལམ་ཐིག་གིས་མཚོ་སྔོན་གྱི་མཛེས་ལྗོངས་མང་པོ་གཅིག་ཏུ་བརྒྱུས་ཡོད་པར་མ་ཟད། ཡུལ་སྐོར་པས་མཛེས་སྡུག་གི་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་རོལ་མྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ད་ལོར། རང་ཞིང་གི་རིགས་ཆེན་པོ་བཅུ་ཡི་རིག་གནས་ཡུལ་སྐོར་ལ་བརྟེན་ནས་གཙོ་གནད་བྱ་འགུལ་སུམ་བརྒྱ་ཞེ་བཞི་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁྱོན་ཡོངས་སུ་ཁེབས་པར་བྱས་ཏེ། རང་ཞིང་གི་དགུན་དུས་ཡུལ་སྐོར་དེ་ཟི་ལིང་སོགས་ཀྱི་ས་ཆ་ཁོ་ནའི་ངེས་གཏན་གཉེར་སྟངས་ལས་མཆོང་བརྒལ་བྱུང་ཞིང་། དུས་ཚོད་དང་དུས་ཚིགས་ངེས་མེད་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གཉེར་སྟངས་གསར་བ་བཏོན། རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་རྨ་ཙོང་རིག་གནས་ཀྱི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་ཡུལ་སྐོར་དང་མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་གསང་བ་ལྐོག་གྱུར་གྱི་ཡུལ་སྐོར། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་བའི་མཉམ་འདྲེས་ཡུལ་སྐོར་སོགས་ཀྱི་ལམ་ཐིག་མང་པོ་རང་ཞིང་གི་བརྗིད་ཆགས་མཛེས་སྡུག་གི་རི་ཀླུང་དང་སྐྱེ་ཁམས་གཙོ་བོ། ཡུན་རིང་བའི་རིག་གནས། “རྒྱུད་གཅིག་ལམ་གཅིག”གི་ཡན་ལག་གནས་ཡུལ་གཙོ་བོ་བཅས་དང་སྦྲེལ་ནས། སྔོན་ཆད་ཀྱི་རིག་གནས་བསྟི་གནས་ཀྱི་བྱ་འགུལ་དེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མཉམ་འགུལ་བྱེད་པར་བསྒྱུར་ཅིང་། ཡུལ་སྐོར་པ་ནང་དུ་ཞུགས་པ་དང་ཕན་ཚུན་སྒུལ་བ། ཉམས་ལེན་བཅས་ཇེ་དྲག་ཏུ་གཏོང་བར་ལྷག་ཏུ་དོ་སྣང་བྱས་ཡོད།

ད་ལོའི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་བའི་དུས་སྐབས་སུ། རང་ཞིང་གིས་ད་རུང“ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་བར་གྱི་ལས་འབྲེལ། མཛེས་སྡུག་མཚོ་སྔོན་ལྷོ་ཁོ་རེ་ཡར་བསྐྱོད་པ”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྱབ་གདལ་རབ་དང་རིམ་པ་དྲ་ངོས་ནས་ཐད་གཏོང་བྱེད་པའི་བྱ་འགུལ་སྤེལ་ནས། ཀྲུང་གོའི་ཟི་ལིང་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཧྲིག་ཨར་གཉིས་དྲ་ངོས་ནས་མཐུད་པ་དང་ཚོགས་ར་གཉིས་ཀ་ནས་མཉམ་སྤེལ་བྱེད་པ། ཡུལ་དངོས་གོ་ལ་ཧྲིལ་པོར་ཐད་གཏོང་བྱེད་པའི་བྱེད་ཐབས་བརྒྱུད་ནས། སྐྱེ་ཁམས་ཆེད་མཁས་པ་དང་རིག་གནས་ཆེད་མཁས་པར་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་དུ་འཇུག་རྒྱུ་རེད། འབར་མ་རྒྱལ་ཁབ་ཀྱི་དབྱང་ཀོང་རིག་གནས་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ“ཐང་ག་སྤུས་ལེགས”དྲ་ངོས་ནས་བཤམས་སྟོན་བྱེད་པའི་བྱ་འགུལ་སྤེལ་ནས། བཤམས་སྟོན་དུས་རིམ་དང་བརྙན་གཟུགས་དུས་རིམ། སྒུལ་རེས་དུས་རིམ་གསུམ་བརྒྱུད་དེ་ཁྱོན་ཡོངས་ནས་མཚོ་སྔོན་གྱི་མི་རིགས་སྒྱུ་རྩལ་གྱི་ནང་དོན་ཟབ་མོ་ཁྱོན་ཡོངས་ནས་སྟོན་རྒྱུ་རེད།

མཚོ་སྔོན་གྱི་ངོ་མཚར་བའི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་འོས་སྦྱོར་བྱེད་པ་ལས་གཞན། བྱ་འགུལ་གྱི་ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་གྱི་གསར་སྐྲུན་ཐོན་རྫས་བཤམས་པས་ལྟད་མོ་བ་མང་པོ་ཞིག་གི་མིག་དབང་འཕྲོག བཤམས་ཁུལ་དུ་བསྐྱོད་པ་ན། ཞིང་ཆེན་ནང་ཁུལ་ནས་ཐོན་པའི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་པ་རྣམས་ཀྱིས་སུན་སྣང་མེད་པར་སེམས་ཞིབ་མོས་ལྟད་མོ་བ་རྣམས་ལ་བཤམས་ཡོད་པའི་རྨ་ཙོང་གཙགས་དྲུབ་དང་ཧོར་རིགས་ཀྱི་གཙགས་དྲུབ། ཁུ་ལུའི་རི་མོ་སོགས་ཐོན་རྫས་རིགས་སྣ་ཚོགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་མཚམས་སྦྱོར་བྱེད་བཞིན་ཡོད། གཟུགས་འདས་རིག་གནས་ཤུལ་བཞག་མང་པོའི་ལག་རྩལ་མཉམ་འདྲེས་ཀྱི་རྫ་བུམ་དང་མཚོ་སྔོན་ཚོན་རྫ་རིག་གནས་ཉིང་བསྡུས་བྱས་ཡོད་པའི་ཤོག་འཛར་སོགས་ཐུན་མོང་མ་ཡིན་པའི་གསར་སྐྲུན་གྱི་ཐོན་རྫས་དག་གིས་ལྟ་མཁན་རྣམས་ལ་བག་ཆགས་ཟབ་མོ་བཞག

མཚོ་སྔོན་རིག་གནས་གསར་སྐྲུན་ཐོན་རྫས་བཤམས་སྟོན་བྱས་པ་དེས་མཚོ་སྔོན་གྱི་རི་ཆུའི་མཛེས་སྡུག་དང་མི་རིགས་དམངས་སྲོལ་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་རྒྱན་སྤྲས་ལེགས་པོ་བྱས་པར་མ་ཟད། མི་རིགས་མང་པོའི་རིག་གནས་ཀྱི་ཁྱད་ཆོས་མངོན་ཅི་ཐུབ་བྱས་ཡོད། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་བཤམས་སྟོན་ལ་བལྟས་རྗེས། བཤམས་སྟོན་ལ་ཞུགས་སུ་ཡོང་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་བཙུན་རྒྱལ་གྱིས་བཤད་རྒྱུར། ཁྲ་ཁྲ་རིག་རིག་གི་རིག་གནས་ཡུལ་སྐོར་ཐོན་རྫས་དག་གིས་ཁོ་ལ་མཚོ་སྔོན་གྱི་རྫོང་མཐུག་པའི་རིག་གནས་ཀྱི་ནང་དོན་ཚོར་དུ་བཅུག་ལ། ཡུལ་དངོས་སུ་བཤམས་ཡོད་པའི་ཐུན་མོང་མ་ཡིན་པའི་གསར་སྐྲུན་གྱི་རིག་གནས་ཡུལ་སྐོར་ཚོང་རྫས་དག་གིས་མཚོ་སྔོན་གྱི་ཕུན་ཚོགས་སྣ་མང་གི་ཡུལ་སྐོར་གྱི་འགུག་ཤུགས་མངོན་པར་བསྟན་ཡོད་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།