ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཕུགས་འདུན་ཡིན།
དབུལ་ཕོངས་མང་ཚོགས་གཅིག་ཀྱང་རྗེས་ལུས་ཐེབས་སུ་གཏན་ནས་འཇུག་མི་རུང་། 2020ལོར་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བར་འགན་ལེན་བྱས་ནས་ཀྲུང་གོའི་མི་དམངས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས། འདི་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་བརྗིད་ཉམས་ཆེ་བའི་དམ་བཅའ་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཚད་མཐའི་དམིགས་འབེན་དང་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཁྱོན་ཡོངས་ནས་སྤེལ་བ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། “སུ་ལ་རོགས་སྐྱོར”དང་“སུས་རོགས་སྐྱོར་བྱེད་པ། ”། “ཇི་ལྟར་རོགས་སྐྱོར་བྱེད་པ། ”“ཇི་ལྟར་ཕྱིར་འཐེན་བྱེད་པ་”སོགས་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་པ་དང་། “ལོ་བཞིའི་ནང་གཅིག་བསྡུས་མཁྲེགས་གཏོར་དང་ལོ་གཅིག་ནང་སྲ་བརྟན་རིམ་སྤར”གྱི་སྤྱིའི་བསམ་ཕྱོགས་ལྟར། ནུས་ཤུགས་ཡོད་རྒུས་དམག་འཐབ་བྱེད་པ་དང་མཁྲེགས་གཏོར་དཀའ་སེལ་བྱས་པས་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། དེ་ནི་དམངས་ཆེད་དུ་དབུལ་ཕོངས་དང་དམག་འཐབ་བྱས་པའི་ལོ་ལྔ་རེད།
2019ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ42དང་སྡེ་བ་དབུལ་པོ1622ཚང་མ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གསུམ་སྟོང་དགུ་ཇེ་ཉུང་དུ་སོང་ཡོད།
དེ་ནི་དབུལ་ཐར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པའི་ལོ་ལྔ་རེད།
དབུལ་ཕོངས་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར་2196ནས་2019ལོའི་སྒོར10504བར་ཇེ་མཐོར་སོང་ཏེ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི36.8འཕར། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་བཅོས་བྱུང་བ་དང་། སྡེ་བའི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འགན་སྲུང་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད།
དེ་ནི་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ་དང་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བའི་ལོ་ལྔ་རེད།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་འདུ་ཤེས་ནས་ལག་ལེན་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། སྤྱི་ཚོགས་ཀྱི་ཆེ་ཕྱོགས་རྒྱུན་མཐུད་བརྟན་ལྷིང་དང་གཞི་རིམ་གྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད། དབུལ་ཕོངས་བཅོས་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཇེ་ཆེར་སོང་བ་དང་། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད།
དབུལ་ཐར་ནི་མཐའ་སྣེ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་བའི་འགོ་རྩོམ་ས་རེད། མཚམས་མི་འཇོག་པ་དང་ལྷོད་གཡེང་མི་གཏོང་བར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད།
བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
2015ལོའི་ཟླ11ཚེས27ཉིན་ནས་ཚེས28ཉིན་བར་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཐེངས་དེའི་གྲོས་ཚོགས་ནས་མཚོ་སྔོན་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ཀྲུང་དབྱང་ལ་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་རིམ་པ་བཞིན་དམག་བཀའ་ལྟར་སྒྲུབ་རྒྱུའི་ཁག་ཐེག་ཞུ་ཡིག་བཀོད་དེ། བརྗིད་ཉམས་ཆེ་བའི་གཡུལ་འགྱེད་དངོས་སུ་འགོ་ཚུགས་པ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དམ་འཛིན་བྱས་ཏེ། བསམ་བློའི་ཐད་མོས་མཐུན་དང་། ཆབ་སྲིད་ཐད་མིག་ལྟོས་བྱེད་པ། བྱ་སྤྱོད་ཐད་རྗེས་སུ་འབྲངས་པ་བཅས་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་དབུལ་ཐར་མཁྲེགས་གཏོར་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་ཚིས་ལས་གཞི་ཨང་དང་པོར་བརྩིས་ནས་དམ་འཛིན་དང་ཕྲག་ཏུ་བླངས།
དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་ཐད་ནས། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་འཛུགས་པ་དང་། སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་ཐར་མཁྲེགས་གཏོར་འཆར་གཞི། ལས་རིགས་བཅུའི་དབུལ་སྐྱོར་ཆེད་དོན་གྲོས་གཞི་བཅས་གནད་འཁེལ་དབུལ་སྐྱོར་བྱ་སྤྱོད་ཀྱི་ཐབས་ལམ་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་རང་བཞིན་གྱི་ཡིག་ཆ281འཐུས་ཚང་དུ་བཏང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་ཚུལ་གཙོ་བོ་འཛུགས་སྐྲུན་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་མ་ལག་ཐད་ནས། རིམ་པ་ལྔའི་ཧྲུའུ་ཅི་ཡིས་དབུལ་སྐྱོར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་འཐབ་ཁུལ་འགན་ལེན་བྱེད་པ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གནས་འབྲེལ་ལྟ་སྐུལ་སློབ་སྟོན་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དངོས་སུ་བཀོད་འདོམས་བྱེད་པ། སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་ཐེངས320ལྷག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས24དང་། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་ཐེངས39། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས29བཅས་རྩ་འཛུགས་བྱས་ནས་སྐོང་འཚོགས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྣ་ཚོགས་དངོས་འབེབས་བྱེད་པར་ཆེད་དུ་ཞིབ་འཇུག་དང་སྐུལ་འདེད་བཏང་ཡོད།
དབུལ་ཐར་མཁྲེགས་གཏོར་གྱི་དཔྱད་ཞིབ་མ་ལག་ཐད་ནས། གྲོང་ཁྱེར་དང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་དཔྱད་ཞིབ་དབང་ཆ12%དང་རྫོང་རིམ་པ་70%བར་ཇེ་མཐོར་བཏང་སྟེ། ལོ་རེར་རིམ་པ་བཞིན་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ་དང་དཔྱད་ཞིབ་ནན་མོ་ལག་བསྟར་བྱས་ཡོད།
དབུལ་ཐར་མཁྲེགས་གཏོར་ཐད་མ་དངུལ་གཏོང་བའི་ཐད་ནས། ལོ་ལྔའི་རིང་རིམ་བསགས་ཀྱིས་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་ཉེར་བདུན་ལྷག་བཏང་བ་དང་། ལོ་རེར་ཆ་སྙོམས་ཀྱིས18%འཕར། དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་སྒོར་དུང་ཕྱུར་སོ་བཞི་དངོས་འབེབས་བྱས་པ་དང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་བདུན་བརྒྱ་ལྷག་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱས་ཡོད།
ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་མི་ཁྲི་གཅིག་སྟོང་བཞི་དགུ་བརྒྱ་བདམས་མངག་བྱས་པ་དང་། ཁོ་ཚོས་འདུ་ཤེས་གསར་བསྒྱུར་དང་། ལས་གཞིར་རོགས་སྐྱོར་བྱེད་པ། མ་དངུལ་ནང་འདྲེན་སོགས་དབུལ་སྐྱོར་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཡོད།
2019ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་ཡིས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་དཔེ་དབྱིབས་འཚོལ་ཞིབ་བྱེད་འགོ་བརྩམས། སྲིད་གཞུང་གིས་གསོ་སྦྱོང་བྱས་པ་བརྒྱུད། རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་འབྲོག་པ་ཉེར་གཉིས་སྐྱེ་ཁམས་ཕྱོགས་སྟོན་པར་གྱུར་ཏེ། འཛམ་གླིང་གི་ས་གནས་ཁག་ནས་ཡོང་བའི་རང་བྱུང་ཉམས་ཞིབ་པར་སྣེ་ལེན་བྱེད་བཞིན་ཡོད། 2019ལོར། རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཉམས་ཞིབ་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལས་གཞིས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་ཉམས་ཞིབ་ཚོགས་པ་98ལ་སྣེ་ལེན་ཞུས་པ་དང་། ཉམས་ཞིབ་མི་ཐེངས302ལ་སླེབས་ཏེ་གཉེར་སྐྱོང་ཡོང་འབབ་སྒོར་ས་ཡ་གཅིག་ལྷག་ཟིན་ཡོད།
མཚོ་སྔོན་ནི་འཛམ་གླིང་གི་ཡང་རྩེར་གནས་པ་དང་སྐྱེ་ཁམས་ཀྱི་གནད་ཆེ་ས་ཡིན། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་སྲོལ་ཡོད་པ་དང་ལོ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ཕྱིར་འདྲེན་བཞིན་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་ལ། འོད་ནུས་དང་ཆུ་ནུས། རླུང་ནུས་སོགས་ཐོན་ཁུངས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཡིན་ནའང་མཚོ་སྔོན་ནི་དཔལ་འབྱོར་དབུལ་བའི་ཞིང་ཆེན་ཞིག་ཡིན་པ་དང་2015ལོར་དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གཉིས་གནད་འཁེལ་དབྱེ་འབྱེད་བྱས་ཤིང་། ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་ཡིན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དཀའ་ཚེགས་ཆེ་བ་རེད།
སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། གནད་འཁེལ་དབུལ་སྐྱོར་བཅས་ཀྱི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱིས་ཕན་འབྲས་ཐོབ་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས། 2016ལོར། རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་མདའ་ཆེན་སྡེ་བའི་སྡེ་མི་སྐལ་བཟང་ཡེ་ཤེས་ཀྱིས་བཟའ་ཟླ་དང་བྱིས་པ་གཉིས་ཁྲིད་དེ་སྦྲ་གུར་ནས་རྫོང་མཁར་གྱི་འབྲོག་པའི་རེ་བའི་ གཞིས་ཁྱིམ་སྨི་གྲུ་བཞི་མ80ཟིན་པའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ཁོ་ཉིད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར། དེ་ནི་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་སྤྱི་ཕན་ལས་གནས་ཤིག་ཡིན་པས་ཚོད་ལྟའི་ཁྱབ་ཁོངས་ནང་གི་འབྲོག་ཁྱིམ་ཚང་མས་ལས་གནས་གཅིག་གི་རེ་འདུན་བྱས་ཆོག་པ་རེད། སྐྱེ་ཁམས་ལྟ་སྲུང་པ་རེར་ཟླ་རེར་གླ་ཕོགས་སྒོར1800ཡོད་པ་དང་། ཁོ་ཚོས་དུས་ལྟར་སྐོར་སྲུང་གི་བྱ་བ་ལེགས་པོར་སྒྲུབ་ནས་རྒྱལ་ཁབ་སྤྱི་གླིང་གི་སྟོབས་ཤུགས་གསར་པ་དང་གདོང་ལེན་རུ་ཁག་ཏུ་གྱུར་ཡོད།
ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་སྣ་ཚོགས་ཁྲི་བརྒྱད་ལྷག་དོན་འཁྱོལ་བྱས་ཡོད། དེའི་ནང་དབུལ་ཕོངས་མང་ཚོགས་ཁྲི་བཞི་ལྷག་གིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི34%ཟིན་ཡོད། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་པར་མ་ཟད། སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་ནན་མོ་བྱས་ཏེ། དབུལ་ཕོངས་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་ཕན་ཁེ་ཐོབ་པར་བྱས་ཤིང་། “ གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར”རང་རྟོགས་སྒོས་སྲུང་སྐྱོབ་བྱས།
མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་པས། ལྗང་མདོག་ཐོན་ལས་ཀྱི་དབུལ་སྐྱོར་འཕེལ་རྒྱས་ལམ་བུ་སྔར་ལས་ཇེ་ཡངས་སུ་གྱུར་ཡོད།
2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་བརྒྱ་ཆའི60ཡན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཐད་བཀོལ་ཏེ་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་ཐིག་སུམ་ཅུ་ལས་མཐོ་བ་རེད། ཁྱོན་ཡོངས་ནས་རྫོང་དང་། སྡེ་བ། ཁྱིམ་ཚང་བཅས་སུ་ཁྱབ་པའི་ཐོན་ལས་དབུལ་སྐྱོར་མ་ལག་བཙུགས་ཏེ། ཤུགས་ཆེན་པོས་ཁྱད་ལྡན་འདེབས་གསོའི་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ནུས་ཁུངས་གསར་པའི་ཐོན་ལས་སོགས་མཐོ་སྒང་གི་ལྗང་མདོག་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་འབུམ་བཞི་ཁྲི་བརྒྱད་ལྷག་གི་ཡོང་སྒོ་བརྟན་བརླིང་ངང་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་ཡོད།
ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ལས་གཞི208ལག་བསྟར་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཁྲི་གཅིག་སྟོང་ལྔ་ལྷག་གི་མི་ཁྲི་ལྔ་སྟོང་ལྔ་ལྷག་ལ་སྐུལ་ཁྲིད་བྱས་ཡོད། རིམ་རྩིས་བྱས་ན་འོད་ཤུགས་དབུལ་སྐྱོར་དམིགས་ཚད་ཀྲའོ་ཝ733ལྷག་བརྩོན་ལེན་བྱས་ཏེ། ཁྱིམ་ཚང་ཁྲི་བདུན་སྟོང་བདུན་གྱི་དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་བརྒྱད་ལྷག་གི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་ཤིང་། རྒྱལ་ཡོངས་ཀྱི་སྤུས་ཚད་ལེགས་ཤོས་དང་། དོ་དམ་ཡག་ཤོས། ཕན་འབྲས་བཟང་ཤོས། མ་རྩ་དམའ་ཤོས་བཅས་ཀྱི་འོད་ཤུགས་དབུལ་སྐྱོར་གྱི“མཚོ་སྔོན་གྱི་དཔེ་མཚོན”བཏོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་རེད།
རྒྱལ་ཡོངས་སུ་ཁ་གསལ་གཏན་འཁེལ་བྱས་པའི་གཅིག་བསྡུས་མུ་འབྲེལ་དམིགས་བསལ་དབུལ་ཕོངས་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང14གཞིར་བཟུང་སྟེ། ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞི་ཕུད་པ་ལས་གཞན་མཚོ་སྔོན་ཞིང་ཆེན་གྱི་བཅད་ཁུལ་བདུན་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་གྱི་བཅད་ཁུལ་གཉིས་ནང་གི་རྫོང42ཚང་མ་དུས་སྐབས་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ར་གཙོ་བོར་བཀོད་ཡོད། རི་མཐོ་གཡང་གཟར་དང་། གནས་བབ་རྙོག་འཛིང་ཆེ་བ། གནམ་གཤིས་ཞན་པ། རྨང་གཞི་རྗེས་ལུས་ཡིན་པ་སོགས་ཀྱི་དངོས་ཡོད་དཀའ་ཁག་གནས་ཡོད་ལ། དབུལ་སྐྱོར་གསར་སྤེལ་དེ་དཀའ་ངལ་ཁྱད་བསད་དང་མཁྲེགས་གཏོར་འགག་སྒྲོལ་གྱི་མཇུག་མཐའི་གདོང་མཆོང་གི་དུས་སུ་སླེབས་ཡོད།
དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་དཔའ་མི་ཞུམ་པར། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་སྤྱིའི་སྐུལ་སློང་གི་བཀའ་རྒྱ་བཏང་ཏེ། ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྟོབས་ཤུགས་འདོན་པ་དང་སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།
མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་བཅད་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལག་བསྟར་འཆར་འགོད》བཟོས་ནས་བཅད་ཁུལ་གྱི་རྫོང7དང་། དབུལ་ཕོངས་སྡེ་བ804ཡི་མི་གྲངས་དབུལ་པོ་འབུམ་གཉིས་ལྷག་བཅས་ལ་དམིགས་ནས་མཁྲེགས་གཏོར་བྱ་བ་ཤུགས་ཆེན་པོས་སྤེལ་བ་རེད།
མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་རྫོང་30དང་། དབུལ་ཕོངས་སྡེ་བ658། དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་བདུན་བཅས་ལ་དམིགས་ནས་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་གྱི61%དང་གཙོ་གནད་ལས་རིགས་སྡེ་ཁག་གི་དབུལ་སྐྱོར་མ་དངུལ་གྱི73%བོད་འབྲེལ་རྫོང་གི་དབུལ་ཐར་མཁྲེགས་གཏོར་ཐད་བཀོལ་ནས། ཏན་ཏན་ཏིག་ཏིག་གིས་དབུལ་སྐྱོར་ལས་གཞི་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དབུལ་བའི་རྫོང15དང་། ཆེས་དཀའ་ཁག་ཆེ་བའི་ཞང་གྲོང129། ཆེས་དབུལ་བའི་མི་གྲངས་འབུམ་གཉིས་ཁྲི་བཞི་སྟོང་གཅིག་བཅས་གཟབ་ནན་གྱིས་གཏན་འཁེལ་བྱས་ཤིང་། མིག་སྔའི་བར་དུ་རིམ་རྩིས་བྱས་ན་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་སུམ་བརྒྱ་ཞེ་ལྔ་ལྷག་བཏང་ནས《མཚོ་སྔོན་གྱི་ཆེས་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི》དངུལ་གཏོང་འཆར་གཞིའི137.3%ལེགས་འགྲུབ་བྱུང་ཡོད།
གནད་འཁེལ་དབུལ་སྐྱོར་དང་། གནད་འཁེལ་དབུལ་ཐར། ཡུལ་བབ་དང་བསྟུན་པ། མིའི་བབ་དང་བསྟུན་པ། བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་ཐར་གསར་གཏོད་ཀྱི་ལག་ལེན་རབ་དང་རིམ་པ་མཚོ་སྔོན་གྱི་ས་གནས་ཁག་ཏུ་ཐོན་ཡོད། དེ་དང་ཆབས་ཅིག་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། མཚོ་སྐྱོར་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས“ཕྱོགས་བཞི་གཞི་གཅིག”གི་དབུལ་སྐྱོར་ཆེན་པོའི་རྣམ་པ་ལེགས་པོ་གྲུབ་ཡོད།
ལོ་ཙཱ།སྒྲོལ་མ་སྐྱིད།