མཚོ་ལྷོ་ཁུལ་གྱིས་འབྱོར་འབྲིང་ལམ་དུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།
2020.12.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

ལོ་ལྔའི་འཆར་གཞི་བཅུ་གསུམ་པ་སྤེལ་བའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག སྟོབས་ཤུགས་གཅིག་སྒྲིལ་དང་དོན་དངོས་ལེགས་སྒྲུབ་ཀྱིས་ལས་དོན་སོ་སོ་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།

ལོ་ལྔའི་རིང་ལ་འབད་བརྩོན་ལྷོད་མེད་དང་ལོ་ལྔའི་རིང་གི་དབུལ་ཐར་མཁྲེགས་གཏོར་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ངོ་མཚར་གྱི་རྒྱུགས་འབྲས་ཤིག་སྤྲད་ཅིང་། དྭངས་གཙང་གི་མཚོ་ལྷོ་འདི་སྔར་ལས་སྟོབས་ལྡན་དང་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་ཡོད།

ཉིས་སྟོང་ཉི་ཤུ་ལོའི་དཔྱིད་མགོ་ཚུགས་པ་དང་མཉམ་དུ་མཚོ་ལྷོ་ཁུལ་གྱི་ཆེས་མཐའ་མཇུག་གི་རྫོང་གཉིས་དབུལ་ཐར་བྱས་པ་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་བྱས་སོང་ལ། དེས་ཁུལ་ཡོངས་ཀྱི་རྫོང་ལྔ་ཡིས་ཕྱོགས་ཡོངས་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་དུས་རབས་གསར་པ་ཞིག་ཏུ་བསྐྱོད་པ་མཚོན།

ཉིས་སྟོང་བཅོ་ལྔ་ལོར་གནད་འཁེལ་དབུལ་སྐྱོར་བྱ་ཡུལ་ངོས་འཛིན་བྱེད་སྐབས། མཚོ་ལྷོ་ཁུལ་དུ་བསྡོམས་པས་དབུལ་ཕོངས་སྡེ་བ་བརྒྱ་དང་དོན་གསུམ་ཡོད་པའི་ནང་དབུལ་ཕོངས་མི་གྲངས་ཁྲི་ལྔ་དང་སྟོང་གཉིས་དགུ་བརྒྱ་གོ་ལྔ་ལ་སླེབས་ཏེ་དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་བཅུ་བཞི་གྲངས་ཆུང་བརྒྱད་ཟིན་ཡོད། ད་ལྟ་ལོ་ལྔའི་རིང་གི་དབུལ་སྐྱོར་ལམ་བུར་ཕྱིར་མིག་ཅིག་བལྟས་ཚེ། ང་ཚོས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཕོད་པ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་འགྱེད་ཁྲོད། མཚོ་ལྷོ་ཁུལ་གྱི་རྫོང་དང་ཡུལ་ཚོའི་ལས་བྱེད་པ་དང་གུང་ཁྲན་ཏང་ཡོན་གྱིས་ཏང་གཤིས་བརྟན་པོ་དང་ཡིད་ཆེས་བརྟན་པོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་དབུལ་ཕོངས་རྩ་བ་ནས་མེད་པར་བཟོས་ཏེ་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཤིང་། དུས་རབས་གསར་པའི་དམངས་འགན་ཐེག་པའི་གཟི་བརྗིད་དེ་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཀྱི་མཛད་རྗེས་ཆེན་མོར་བཀོད་ཡོད།

མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཀྱི་དགོངས་དོན་གལ་ཆེན་མཛུབ་སྟོན་མཐའ་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་དབུལ་ཐར་མཁྲེགས་གཏོར་གྱི་ཚན་གཙོའི་འགན་ཁུར་བ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བཀོད་འདོམས་མ་ལག་འཐུས་ཚང་དུ་བཏང་སྟེ། མགོ་ཁྲིད་ཀྱིས་གཙོ་གནད་འཐབ་ཇུས་ལ་ལྟ་སྐུལ་དང་ལས་བྱེད་པས་ཁ་གཏད་རོགས་སྐྱོར་བྱེད་པར་འབད་བརྩོན་བྱས་ཏེ་དབུལ་སྐྱོར་བྱ་བ་གྲུབ་འབྲས་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་ཡོད།

འབྱོར་འབྲིང་གི་ལམ་དུ་མཚོ་ལྷོ་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་གཙོར་བཟུང་ནས་ཡང་བསྐྱར་ཕྱུགས་ལས་ས་ཁུལ་ཆེན་མོ་དར་སྤེལ་བཏང་སྟེ་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད། མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་གཅིག་བཏང་སྟེ། མི་རེར་ནོར་གནག་གཅིག་དང་ལུག་བཅུའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་དེ་ཀོས་ནན་རྫོང་དུ་ལག་བསྟར་བྱས་ནས། མི་སྟོང་བརྒྱད་དང་དགུ་བཅུ་གོ་དྲུག་ལ་ཁེ་ཕན་ཐོབ་པ་དང་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གསུམ་ལྷག་ལ་སླེབས། དེ་མིན་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོ་ཆུ་སྐྱ་སྡེ་བར་ནོར་ནག་གསོ་སྤེལ་མཉམ་ལས་ཁང་དང་། ཁྲི་ཀ་རྫོང་ལྷ་སྡེ་སྡེ་བར་བོད་ལུགས་གསོ་སྤེལ་ལས་རིགས་མཉམ་ལས་ཁང་བཙུགས་ནས་ལོ་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ཡན་གྱི་ཁེ་སྤོགས་བགོ་རྒྱུ་ཡོད་པ་དང་། དྲ་རྒྱར་བསྟེན་ནས་མང་ཚོགས་ཕྱུར་འགྱུར་དུ་བསྐྱོད་པའི་ལམ་ཁ་བཙལ་ཏེ། མཚོ་ལྷོ་ཁུལ་གནད་འཁེལ་དབུལ་སྐྱོར་དག་གཙང་ཐོན་ལས་འཕེལ་རྒྱས་གླིང་བཙུགས་ཤིང་། གླིང་ཁུལ་ནང་ཞུགས་པའི་ཁེ་ལས་ང་གཉིས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཚོང་རྟགས་གྲགས་ཅན་བདུན་བརྒྱ་ལྷག་དང་། ཐོན་རྫས་རིགས་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་མཉམ་སྦྲེལ་དྲ་རྒྱའི་ནང་ཞུགས་ཐོག རྒྱ་དང་བོད། ཧོས་རིགས་སོགས་མི་རིགས་ཀྱི་རིག་གནས་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཐད་གཏོང་མཁན་དག་གིས་རྒྱལ་ཡོངས་དབུལ་སྐྱོར“832”སྟེགས་བུ་སྤྱད་དེ་ཚོང་ཟོག་ཕྱིར་འཚོང་དང་། ཁེ་ལས་དག་གིས་ཐབས་ལམ་མང་པོ་བརྒྱུད་དེ་ཚོང་ཟོག་ཕྱིར་འཚོང་བྱས་མཐར།  ལོ་ཕྱེད་ནང་ཡོང་སྒོ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་བཞི་ལ་སླེབས་ནས་ཁེ་སྤོགས་སྒོར་མོ་བྱེ་བ་གཅིག་བླངས་པས། དྲ་ཐོག་ཚོང་དོན་དབུལ་སྐྱོར་དང་འཛད་སྤྱོད་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར་དེ་མཚོ་ལྷོའི་ཐོན་ལས་གླིང་ཁུལ་གྱི་མ་ལག་ཏུ་གྲུབ་ནས་དྭངས་གཙང་གི་མཚོ་ལྷོ་དེ་འཛམ་གླིང་དང་བར་ཐག་ཇེ་ཉེ་རུ་ཕྱིན་ཡོད། དེ་ལས་གཞན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་ལྷག་བཏང་ནས་རྫོང་ལྔ་ཡི་དབུལ་ཕོངས་སྡེ་བ་བཅུ་གཅིག་ལ་གློག་འདོན་ཤོང་ཚད་ཀྲའོ་ཝ་ལྔ་བཅུ་གྲངས་ཆུང་ལྔ་ཅན་གྱི་འོད་ཧྥུའུ་དབུལ་སྐྱོར་ས་ཚིགས་བཙུགས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་བའི་ཟླ་མཇུག་བར་བསྡོམས་པས་གློག་ཏུའུ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་བ་ལས་ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་དོན་གསུམ་གྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་གཉིས་ཡན་ལ་སླེབས་པ་དང་། དབུལ་ཕོངས་ཁྱིམ་ཚང་སྟོང་བདུན་དང་ཉིས་བརྒྱ་རེ་དགུ་ཡི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གསུམ་ལ་སླེབས་པར་མ་ཟད། བསྟུད་མར་ལོ་ཉི་ཤུའི་རིང་ལ་ཡོང་སྒོ་འདིས་མང་ཚོགས་ལ་ཁེ་ཕན་ཐོབ་ཐུབ་ངེས།

འབྱོར་འབྲིང་གི་འཚོ་བར་བསྐྱོད་པའི་ལམ་དུ་མཚོ་ལྷོ་ཁུལ་གྱིས་ལས་ཞུགས་བྱ་བ་ཆེས་གནད་འགག་ཏུ་བཟུང་ནས། ལས་ཞུགས་དབུལ་སྐྱོར་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། དབུལ་ཕོངས་མང་ཚོགས་ཁྲི་གསུམ་དང་སྟོང་གཅིག་ལས་ཞུགས་བྱས་པ་དང་། མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་དགུ་ལྷག་བཏང་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་སྟོང་ལྔ་དང་སུམ་བརྒྱ་སོ་གཅིག་བཀོད་སྒྲིག་བྱས་ཐོག འོད་ཧྥུའུ་ལ་བརྟེན་ནས་ཡོང་སྒོ་ཡོད་པའི་ལས་གནས་རིགས་སྟོང་བདུན་དང་ལྔ་བཅུ་ང་ལྔ་གསར་གཏོད་བྱས་པ་དང་། རོང་འབྲོག་མང་ཚོགས་ཅང་སུའུ་དང་ཀན་སུའུ་སོགས་སུ་མངགས་ནས་མི་སྟོང་བརྒྱད་དང་དྲུག་བརྒྱ་ཞེ་གཅིག་ལས་ཞུགས་བྱེད་ཐུབ་པ་བྱུང་སྟེ།“མི་གཅིག་ལས་ཞུགས་ཐུབ་པ་དང་། ཁྱིམ་ཚང་གཅིག་དབུལ་ཐར་བྱེད་ཐུབ་པ”ཡི་དམིགས་འབེན་མངོན་འགྱུར་བྱུང་ལ། གནས་སྤོ་དབུལ་སྐྱོར་གཙོར་འཛིན་པ་དམིགས་འབེན་དུ་བཟུང་ནས་ཞིན་ཧེ་རྫོང་གི་རོང་འབྲོག་མང་ཚོགས་བརྒྱད་བརྒྱ་དང་ང་གསུམ་དང་ཁྲི་ཀ་རྫོང་གི་རོང་འབྲོག་མང་ཚོགས་དྲུག་བརྒྱ་དང་བཅུ་གཉིས་རི་ཁུག་ནས་རྫོང་མཁར་དུ་གནས་སྤར་བ་དང་། སྲིད་གཞུང་གིས་ཏང་ཀྲི་པུའུ་དང་སྡེ་ཁུལ་བཙུགས་ནས་ལས་ཞུགས་ལས་གནས་གསར་གཏོད་དང་རྗེས་མཐུད་ཐོན་ལས་གསར་གཏོད། རིག་གནས་དང་ལུས་རྩལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་ཆས་གསར་འཛུགས་བྱས་པ་བརྒྱུད། ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་དང་། ཁྲི་ཀ་རྫོང་འཕྲང་དམར་གཞིས་ཁྱིམ་གསར་དུ་བཙུགས་ཏེ། མང་ཚོགས་འབྱོར་ཕྱུག་གི་ལམ་ཁ་བསྙེག་པར་ནུས་པ་གལ་ཆེན་ཐོན། ཁུལ་ཡོངས་ཀྱི་རྫོང་ལྔ་བོར་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བདུན་ལྷག་བཏང་ནས་རོང་འབྲོག་ཁྱིམ་ཚང་སྟོང་གསུམ་དང་བདུན་བརྒྱ་ང་བདུན་གནས་སྤོ་བཀོད་སྒྲིག་བྱས་ཏེ། “སྤོར་ཐུབ་པ་དང་སྡོད་ཐུབ་པ། ཕྱུག་འགྱུར་ཐུབ་པ”དེ་མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོར་དོན་འཁྱོལ་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་གཙོར་འཛིན་པ་དམིགས་འབེན་དུ་བཟུང་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཁོངས་གཏོགས་ཀྱི་ཁྱིམ་ཚང་དྲུག་བརྒྱ་དང་སོ་བརྒྱད་གནས་སྤོ་བྱ་རྒྱུར་བཀོད་སྒྲིག་བྱས་པ་དང་། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་བཏང་ནས་སྤྲེལ་ནག་དང་རྟ་ནག་མ་གྲོང་རྡལ་མཛེས་པའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱས་ཐོག ཞང་གྲོང་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཀར་ཕན་འབྲས་ཐོན་པར་བྱས་ཤིང་། དམངས་འཚོའི་འགན་སྲུང་དམ་འཛིན་བྱས་ཏེ་མང་ཚོགས་ལ་ནད་བྱུང་བ་དང་སློབ་སྦྱོང་ལ་དཀའ་ངལ་ཡོད་པ། རང་བྱུང་གི་གནོད་འཚེ་སོགས་ཀྱིས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ཆེད་དུ། ཐུན་ཏེ་རྫོང་དུ“ཏང་སྲིད་དམག་དང་ཁེ་ལས་ཀྱི་དབུལ་འགོག་ཐེབས་རྩ”ཐོག་མ་བཙུགས་རྗེས། ཁུལ་ཡོངས་ནས“གནད་འཁེལ་དབུལ་འགོག་འགན་བཅོལ་ཐེབས་རྩ”གསར་དུ་བཙུགས་ཏེ། རོང་འབྲོག་མང་ཚོགས་ཁྲི་བརྒྱད་དང་སྟོང་གཉིས་གནད་འཁེལ་དབུལ་འགོག་གི་ཁོངས་སུ་བཅུག་ནས། དབུལ་ཕོངས་སུ་འགྱུར་བའི་འབྱུང་རྩ་གཞི་ནས་མེད་པར་བཟོས།

འབྱོར་འབྲིང་གི་ལམ་དུ་མཚོ་ལྷོ་ཁུལ་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་དམ་འཛིན་བྱས་ཏེ། ཉིས་སྟོང་བཅུ་ལོའི་ཟླ་བདུན་པ་ནས་མཚོ་སྔོན་བོད་འབྲེལ་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མགོ་བརྩམས་ཤིང་། ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ཁག་ཅིག་གིས་ཀྲུང་དབྱང་གི་ཐབས་ཇུས་ལག་བསྟར་ནན་མོ་བྱས་ཏེ། ལོ་བཅུའི་ནང་ཁྱོན་བསྡོམས་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བཏང་ནས་རོགས་སྐྲུན་ལས་གཞི་བརྒྱ་དང་རེ་བདུན་ལག་བསྟར་བྱས་པ་དང་། ཅང་སུའུ་སྨན་བཅོས་ལས་ཁུངས་ཉེར་བདུན་གྱིས་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་སྨན་ཁང་ལ་ཁ་གཏད་རོགས་སྐྲུན་བྱས་པ་དང་། སྨན་བཅོས་ཀྱི་ཆེད་མཁས་པ་ཉིས་བརྒྱ་དང་སུམ་ཅུ་ལྷག་མཚོ་ལྷོར་སོང་ནས་འོས་འགན་སྨན་བཅོས་བྱས་ཏེ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ང་བཞི་དང་། ལིང་ཏོག་གི་ནད་པ་དྲུག་བརྒྱ་ལྷག་ལ་རིན་མེད་ཀྱིས་སྨན་བཅོས་བྱས། ནན་ཅིང་ཅང་ཉིང་སློབ་འབྲིང་དུ་མཚོ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་འཛིན་གྲྭ་བཙུགས་ཏེ། སྔ་གཞུག་ཏུ་མཐོ་འབྲིང་སློབ་མ་དྲུག་བརྒྱ་དང་བཞི་བཅུར་ཅང་སུའུ་རུ་སློབ་གཉེར་བྱེད་པའི་གོ་སྐབས་ལྡན་ལ། མཐོ་རྒྱུགས་ལ་ཞུགས་རྗེས་སློབ་ཆེན་གྱི་དངོས་གཞིའི་ནང་ཚུད་ཚད་བརྒྱ་ཆའི་གོ་ལྔ་གྲངས་བརྒྱད་ལ་སླེབས་ཡོད།

ལོ་ལྔའི་རིང་། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་དབུལ་སྐྱོར་རིགས་ཀྱི་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་བཏང་བ་དང་། མི་རབས་ནས་མི་རབས་པར་དབུལ་པོར་འགྱུར་བའི་གནས་བབ་སློབ་གསོར་བརྟེན་ནས་མེད་པར་བཟོ་དགོས་པ་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་ལོ་རན་པའི་བྱིས་པ་ཕྱིར་སློབ་གྲྭར་ལོག་ཚད་བརྒྱ་ཆའི་བརྒྱ་ལ་ཐོན་ཡོད་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་ལྔ་ལ་སླེབས་ཡོད། དབུལ་ཕོངས་མི་གྲངས་ཁྲི་ལྔ་དང་སྟོང་གསུམ་གྱི་སྨན་བཅོས་དང་རྒན་གསོའི་འགན་བཅོལ་སྤྲོད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད་ལ། སྡེ་བའི་གཞུང་ལམ་སྤྱི་ལེ་སྟོང་གསུམ་གསར་དུ་ལས་པ་དང་མི་ཁྲི་དགུ་དང་སྟོང་བརྒྱད་ཀྱི་འཐུང་ཆུའི་བདེ་འཇགས་ཐག་གཅོད་བྱས། དེ་མིན་ཉེན་ཁ་ཆེ་བའི་ཁང་རྙིང་བསྒྱུར་བཀོད་བྱས་ནས་རིམ་པ་གསར་པའི་གློག་དྲའི་རིམ་པ་སྤོར་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྲུང་དབྱང་ཆེད་དོན་སྐོར་གཟིགས་ཚན་ཆུང་གིས་ཕྱིར་བསློགས་པའི་གནད་དོན་ཚང་མ་བསྒྱུར་བཅོས་བྱས་ཚར་བ་རེད།

ལོ་ལྔའི་རིང་མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་དགོངས་པའི་མཛུབ་སྟོན་གལ་ཆེན་ལག་ལེན་དོན་འཁྱོལ་ནན་མོ་བྱས་ཏེ། ཁུལ་ཡོངས་ཡུན་རིང་བདེ་འཇགས་ཡོང་བ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འབུངས་དམིགས་འབེན་མངོན་འགྱུར་འབྱུང་བར་གྲ་སྒྲིག་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།