ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
2020.12.24 ཁུངས། མི་དམངས་དྲ་བ། ཀློག་གྲངས། 14

 འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར།  འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ་སྟེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ12པའི་ཚེས16ཉིན་ནས་ཚེས18ཉིན་བར་སྐོང་འཚོགས་བྱས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག 2020ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་གནང་བ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གནང་བ། 2021ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གནང་ཡོད། ལས་རིགས་ཁག་གི་མི་སྣས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་བྱ་གཙོ་བོ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་གཙོ་གནད་དུ་འཛིན་པ།  བཅོས་སྒྱུར་གསར་གཏོད་རྩ་བའི་འགུལ་ཤུགས་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་གཞི་རྩའི་དམིགས་འབེན་དུ་བརྩིས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་བྱེད་པ་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་པ་རེད།

ཚན་རྩལ་ཐད་རང་བརྟེན་རང་ཚུགས་ཐུབ་པ་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོར་སྐུལ་འདེད་གཏོང་བའི་གཞི་རྩའི་འདེགས་སྐྱོར་ཡིན་པས། ཚན་རིག་གི་སྙིང་སྟོབས་རྒྱུན་འཛིན་དང་། ཚན་རིག་དང་མཐུན་པའི་ཆོས་ཉིད་ཁོང་དུ་ཆུད་པ། རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་ན། རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དེ་སྔར་བས་བདེ་འཇགས་དང་སྔར་བས་ཡིད་རྟོན་རུང་བའི་རྨང་གཞིའི་ཐོག་འཇོག་ཐུབ་ངེས་ཡིན། གྲོས་ཚོགས་ཐོག་སང་ལོར་གཙོ་གནད་ལས་འགན་ཆེ་བ་ཁག་བརྒྱད་དམ་འཛིན་བྱེད་དགོས་པ་གཏན་འཁེལ་བྱས་ཤིང་། དེའི་ཁྲོད་ཀྱི་གཅིག་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། ཚན་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་མིན་གྱིས་བཤད་རྒྱུར། ང་ཚོས་ཕྱོགས་བཞིའི་འཐབ་ཇུས་ཁ་ཕྱོགས་ལ་གཞིགས་ནས། ཚན་རྩལ་གསར་གཏོད་ཀྱི་མཁྲེགས་གཏོར་ལས་འགན་གཅིག་སྡུད་བྱས་ཏེ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་བྱ་སྤྱོད་རྩ་གནད་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་དགེ་མཚན་ གསར་པ་ཁྱོན་ཡོངས་ནས་གཏོད་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་བསྡུས་ཅན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་དང་ས་ཁོངས་གསར་གཏོད་ཀྱི་མཐོ་ས་བཀོད་སྒྲིག་དང་འཛུགས་སྐྲུན་བྱ་དགོས་ཟེར།

ཐེན་ཅིན་ཚན་རྩལ་དངུལ་རྩའི་ལྟེ་གནས་ཀྱི་ཀྲུའུ་རིན་ཧོ་ཡུང་ཅུན་གྱིས་བཤད་རྒྱུར། མཐོ་སློབ་ཀྱི་ཚན་རིག་མཁས་པ་དང་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་ཁེ་ལས་ལ་དེ་བས་ཡག་པའི་ཚན་རྩལ་དངུལ་རྩའི་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུ་དང་། ཕུལ་བྱུང་གི་ལག་རྩལ་གཞི་ཚུགས་བརྗེ་སྒྱུར་ཐུབ་པར་རམ་འདེགས་བྱེད་དགོས། ཐན་ཏྰ་པེ་ཡང་ཧའེ་ཐང་ན་གཞོན་ཚན་རྩལ་མཁས་པའི་གྲུབ་འབྲས་བརྗེ་སྒྱུར་བྱ་དགའ་གཏོད་ནས། ཕུལ་བྱུང་དང་འགག་རྩའི་ལག་རྩལ་དེ་བས་མང་བ་དོན་འཁྱོལ་ཐུབ་པར་རམ་འདེགས་བྱེད་པ་དང་ཆབས་ཅིག ང་ཚོས་ད་དུང་ཁོང་ཚོར་ལས་གཉེར་དང་ཚོང་ལས་སྙོམ་སྒྲིག་ཚོགས་པ་དང་རུ་ཁག་འཚོལ་ཞིབ་བྱས་ནས། ཐུན་མོང་ཐོག་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་མ་རྩ་ཇེ་མང་དུ་གཏོང་བའི་རྒྱུད་རིམ་ཡོངས་ཀྱི་ཐག་གཅོད་ཇུས་གཞི་བཟོ་རྒྱུ་ཡིན་ཟེར།

ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཧྲང་ཧའེ་བཟོ་སྐྲུན་ཚོགས་པའི་ཧྭ་ཧའེ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའེ་དབྱིས་ཧུང་གིས་བཤད་རྒྱུར། ང་ཚོས་གྲོང་ཁྱེར་གྱི་ལྕགས་ལམ་བཟོ་སྐྲུན་ལག་རྩལ་ཞིབ་བཟོ་ལྟེ་གནས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་སྐུལ་སློང་དང་། འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་བྱེད་པར་ཤུགས་སྣོན་བྱེད་པ་དང་ཆབས་ཅིག་ལག་རྩལ་དམིགས་བསལ་ཅན་དེ་བས་མང་བ་བཏོན་ནས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་མཐུད་ངང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

གྲོས་ཚོགས་ཐོག་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་ཐད་སང་ལོར་གོམ་པ་དང་པོ་ཡག་པོ་སྤོ་དགོས་པ་དང་རྣམ་པ་གསར་པ་ཞིག་མཐོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་དང་བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་རྨང་གཞི་ཡིན། གྲོས་ཚོགས་ཐོག་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་རང་བདག་ཚོད་འཛིན་ཐུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སང་ལོའི་གཙོ་གནད་ལས་འགན་ཞིག་ཏུ་བརྩི་རྒྱུའི་བླང་བྱ་བཏོན་ པ་རེད། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མེའོ་ཡུས་ཀྱིས་བཤད་རྒྱུར། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་ཁེ་ལས་སྔར་ལས་ནུས་ལྡན་ངང་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་དང་དངུལ་རྩ། ཤེས་ལྡན་མི་སྣ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། ད་དུང་ཚོང་གཉེར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་ནས། ཀྲུང་གོར་ཐོ་འགོད་བྱེད་མཁན་གྱི་ཁེ་ལས་ཚང་མ་ཀྲུང་གོའི་ཁེ་ལས་ཡིན་པའི་ངོས་འཛིན་བྱེད་པ་དང་། སྲིད་ཇུས་ཐད་རིགས་ཁག་གི་ཁེ་ལས་ལ་གཅིག་གྱུར་གྱི་ལྟ་སྟངས་བཟུང་ནས། ཁེ་ལས་ལ་ཀྲུང་གོའི་ཁོངས་སུ་གཏོགས་པའི་ཚོར་བ་དང་ཐོབ་སྣང་གི་ཚོར་བ་ཡོད་པར་བྱ་དགོས་ཟེར།

ཧེང་ཀྲོའུ་ཡུས་ཧེང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཐོན་ལས་གོང་འཕེལ་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་ཀྲུང་གིས། དངོས་གཟུགས་བཟོ་སྐྲུན་ལས་རིགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་ཞིག་ཡིན་པའི་ངོས་ནས། ང་ཚོས་རྩེར་སོན་སྒྲིག་ཆས་བཟོ་སྒྲུན་དང་སྐྱེ་དངོས་སྨན་རྫས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་ལ་དམིགས་ཏེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གཉིས་ཀྱི་འགག་རྩའི་ལྷུ་ལག་མཐུན་སྦྱོར་མཉམ་སྐྲུན་ཁྲོད་དུ་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་ཕུལ་ནས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྟོབས་ཆེའི་སྒུལ་ནུས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགག་རྩ་ནི་འབྲུ་རིགས་ས་ཆར་བརྟེན་ནས་གསོག་ཉར་དང་འབྲུ་རིགས་ལག་རྩལ་ལ་བརྟེན་ནས་གསོག་ཉར་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད། གྲོས་ཚོགས་ཐོག ས་བོན་དང་རྨོ་ཞིང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད། ཨན་ཧུའེ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ལུའུ་ཧྲེ་རེན་གྱིས། འབྲུ་རིགས་ཐོན་སྐྱེད་བྱེད་རྒྱུ་དེ་ཞིང་གསུམ་ལས་དོན་གྱི་ལས་འགན་ཨང་དང་པོར་རྩིས་ཐོག འབྲུ་རིགས་ས་ཆར་བརྟེན་ནས་གསོག་ཉར་དང་འབྲུ་རིགས་ལག་རྩལ་ལག་བརྟེན་ནས་གསོག་ཉར་བྱེད་པའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཨན་ཧུའེ་ཞིང་ཆེན་གྱི་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་ཐོན་ལས། འབྲུ་རིགས་སྙོམ་སྒྲིག་ཚོད་འཛིན། འབྲུ་རིགས་བདེ་འཇགས་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རྩོམ་སྒྲིག་པ།  སྒྲོལ་མ་སྐྱིད།