གཅན་ཚའི་ཐོན་ལས་དབུལ་སྐྱོར་གྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་རེད།
2020.12.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

 ཟླ11པའི་ཚེས27ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་གློག་རྡུལ་ཚོང་ར་སྒོ་འབྱེད་པའི་མཛད་སྒོ་ཚ་ཚ་འུར་འུར་གྱིས་སྤེལ། ཚོང་ར་དེའི་ནང་དུ་རང་ས་གནས་ཀྱི་ཀུང་སི་དང་ཆེད་ལས་མཉམ་ལས་ཁང་། བཟོ་གྲྭ་བཅས་ཀྱིས་གསར་གཏོད་ཀྱི་བློ་སྤོབས་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ཚོང་རྫས་སྣ་ཁ90ཙམ་ཁང་མིག་བདུན་བརྒྱད་ལྷག་གི་ནང་དུ་བསྒྲིགས་ཡོད་པས། ལོ་ངོ་འགའི་རིང་ལ། མི་གྲངས་ཁྲི6ལ་མི་ལོན་པའི་རྫོང་ཆུང་ཆུང་འདི་ནས་ཚོང་རྫས་འདི་འདྲ་མང་པོ་བྱུང་བར་ངོ་མཚར་དང་ཡིད་སྨོན་སྐྱེས་ཏེ་འདིའི་སྐོར་གྱི་གནས་ཚུལ་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་དྲག་པོས་རྒྱུས་ལོན་བྱེད་དུ་སོང་།

ཟླ11པའི་ཚེས28ཉིན། མཚོ་སྔོན་རྨ་ཀླུང་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་འགོ་གཙོའམ་གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་གངས་ཞུན་དང་མཉམ་དུ། གཅན་ཚ་རྫོང་མཁར་གྱི་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ20ཙམ་གྱིས་ཆོད་པའི་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བའི་ནས་ཆང་གི་དྲི་མ་གང་སར་འཐུལ་བའི་ར་སྐོར་ཞིག་ཏུ་འབྱོར། དེ་ནི་མ་གཞི་ལོ་ཆང་ཁམ་པ་སྟེ་ནས་ཆང་འཚག་ས་རེད། ལོ་ཆང་ཁམ་པ་ནས་ཆང་གི་སྦྱིན་བདག་རབ་བརྟན་གྱིས་རྭ་རྫའི་སྦུ་གུ་ནས་བཞུར་བཞིན་པའི་ནས་ཆང་གི་ཏུའུ་གྲངས་འཇལ་བཞིན་འདུག “འདི་ནི་སྣ་ཁུ་ཡིན་པས་ཏུའུ་གྲངས་ལྔ་བཅུ་ནས་དྲུག་ཅུ་ལ་སླེབས”ཟེར། དེ་ནི་མ་གཞི་ནས་བཅུད་ཀྱི་འདུས་ཚད་ཡིན་ལ། ཏུའུ་གྲངས་ལྔ་བཅུར་སླེབས་ན་ནས་བཅུད་ཀྱི་འདུས་ཚད་ཕྱེད་ཀ་ཟིན་ཡོད་པ་དང་། ད་ལོར་ཁོ་ཚང་གིས་སྣ་ཁུ་རྒྱ་མ12000བཙགས་པ་རེད།

དེ་ནས་ཁོ་དང་མཉམ་དུ་ཁང་མིག་ལྔ་ཅན་ཞིག་གི་ནང་དུ་རྫ་སྣོད་མང་པོ་བསྒྲིགས་ཤིང་དེ་དག་གི་ཁ་འགྱིག་ཤོག་གིས་བཏུམས་པ་དེར་འབྱོར། རབ་བརྟན་གྱིས་རྫ་སྣོད་ཅིག་གི་ཁ་ཕྱེ་སྟེ་འདི་ནི་འབྲུ་སྣ་ནས་ནག་དང་སྲན་ནག སོ་བ་གསུམ་སྦང་གླུམ་དུ་བསྙལ་བའི་རྫ་སྣོད་ཡིན་ཟེར། ཁོས་རྫ་སྣོད་དུ་བསྙལ་ཡོད་པའི་འབྲུ་རློན་སྤར་བ་གང་ལག་ཏུ་བླངས་ནས་ཞིབ་ཏུ་བལྟས་རྗེས་ད་རུང་འཚག་རན་དུ་ཐོན་མེད་ཟེར། ཏུའུ་གྲངས་འཇལ་བ་དང་འབྲུ་རློན་སྦང་གླུམ་དུ་ཆགས་ཡོད་མེད་ལ་བརྟག་པ་སོགས་ལ་བལྟས་ན་ཁོ་རང་ཆང་འཚག་པའི་ལས་རིམ་ཡོད་དོ་ཅོག་ལ་བྱང་ཆ་ལྡན་པ་ཤེས་ཐུབ་ལ། ཞིང་པ་ཕལ་པ་ཞིག་ཅུང་རྙོག་འཛིང་ཆེ་བའི་ཆང་འཚག་པའི་ལས་རིམ་འདི་དག་ལ་བྱང་ཆ་ལྡན་པར་ང་རང་ཡིད་སྨོན་ཤོར་ནས། ཆང་འཚག་པའི་ལག་རྩལ་འདི་ཇི་ལྟར་ཤེས་ཚུལ་དྲིས་དུས། ཁོའི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཤར་ཏེ། ཆུང་དུས་ལོ་བདུན་བརྒྱད་ཀྱི་སྟེང་དུ་རང་གི་ཁུ་བོ་གུ་རུ་ཡིས་ཐབ་གཉའ་རུ་རྭ་རྫ་ཞིག་བཞག་སྟེ་དེ་ལས་ནས་ཆང་འཚག་བཞིན་པ་མཐོང་། 2005ལོ་ནས་བཟུང་། རང་གིས་ཆུང་དུས་མཐོང་བའི་ཁུ་བོའི་ཆང་འཚག་ལག་རྩལ་བཀོལ་ནས་ཚོད་ལྟའི་ཚུལ་དུ་ལོ་གཉིས་ཀྱི་རིང་ལ་ཡང་དང་བསྐྱར་དུ་ཆང་བཙགས་རུང་ལེགས་འགྲུབ་མ་བྱུང་། 2007ལོ་ནས་བཟུང་ཞུན་ཧྭ་རྫོང་གི་བིས་མདོ་དང་ཀ་རིང་། ཧྭ་ལུང་རྫོང་སོགས་སུ་ཡང་དང་བསྐྱར་དུ་བསྐྱོད་ནས་ཆང་བཙགས་མྱོང་བའི་རྒན་པ་རྣམས་ལ་བློ་འདྲི་བྱས་པའི་ཁར། སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་དང་རྔ་བ། ཧོ་ནན་ཞིང་ཆེན་གྱི་ཀྲེང་ཀྲོའུ་སོགས་ཀྱི་ཆང་འཚག་ཁང་ཆེ་ཆུང་སྣ་ཚོགས་སུ་སོང་སྟེ་ཆང་འཚག་པའི་ལག་རྩལ་ལ་སྦྱོང་བ་བྱས། ཁ་བཤད་ཆུ་ཡི་ལྦུ་བ་དང་ལག་ལེན་གསེར་གྱི་ཐིགས་པའི་དཔེ་བཞིན། 2008ལོའི་ལོ་མགོར་ངས་ནས་ཆང་རྒྱ་མ500བཙགས་ནས་ཕྱིར་བཙོང་བར་ཟླ་ངོ་འགའི་ནང་དུ་བཙོངས་ཚར། ལོ་སྨད་དུ་ཡང་བསྐྱར་རྒྱ་མ1000བཙགས་པའང་ལོ་དེར་བཙོངས་ཚར་ཞེས་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ནས་ང་ལ་ཞིབ་མོར་བཤད་ཞོར་དུ། རྒྱལ་ཁབ་ཀྱི་ཚོང་ར་ཆེན་མོར་བཀྲམ་ཆོག་པའི་ཚད་ལྡན་ཚོང་རྫས་ཡིན་པའི་དཔང་ཡིག་རེ་རེ་བཞིན་གསར་འགོད་པར་བསྟན་སོང་། དེ་ལས་ཆེད་ལས་མི་སྣ་ནི་ལྷན་སྐྱེས་སུ་བྱུང་བ་མིན་ལ། མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་ལ་བརྩོན་པ་ལྷུར་ལེན་བྱས་པའི་ཁྲོད་ནས་བྱུང་བ་ཡང་རིམ་གྱིས་ཤེས་ཐུབ།

ཉེ་བའི་ལོ་འགའི་རིང་ལ། གཅན་ཚ་རྫོང་དུ་ཚོང་ར་ཆེན་མོ་ནས་ཕྱིར་འཚོང་བྱས་ཆོག་པའི་རྒྱལ་ཁབ་ཀྱི་ཚད་ལྡན་ཚོང་རྫས་ལོ་ཆང་ཁམ་པ་ཁོ་ན་མ་ཡིན་པར། ད་དུང་མདའ་སྟོན་གསོལ་ཇ་དང་གསེར་ལྗོངས་སྒྲོལ་མའི་མེ་ཏོག་སྦྲང་རྩི། ནོར་གཡང་འབྲི་མོའི་འོ་ཞོ་སོགས་ཚོང་རྫས་མང་པོ་ཡོད། ཚོང་རྫས་དེ་དག་ནི་ལས་ལ་བརྩོན་པའི་རོང་འབྲོག་མང་ཚོགས་ཀྱི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་སྨིན་ཞིང་གཅིག་རྗེས་གཉིས་མཐུད་དུ་ཚོང་རར་བཀྲམ་པ་ཡིན་ལ། ཚོང་རྫས་དེ་དག་གི་རྒྱབ་ལོགས་སུ་མངར་སྐྱུར་འདྲེས་མའི་གཏམ་རྒྱུད་རེ་ཡང་ཡོད་པ་སྨོས་མེད་རེད།

བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོ་དང་ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་མཚོ་སྔོན་ནས་ལག་བསྟར་བྱས་པ་དང་བསྟུན། གནའ་སྔ་མོ་ནས་འབྲོག་པས་ཕྱུགས་འཚོ་བ་དང་རོང་པས་ཞིང་འདེབས་པའི་ལས་རིགས་ཁོ་ན་གཉེར་བའི་གཅན་ཚ་རྫོང་གི་རོང་འབྲོག་མང་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་དེ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་བྱིས་པ་གཅིག་ཀྱང་མ་ལུས་པར་སློབ་གྲྭར་འགྲིམ་པ་དང་དར་མ་གཅིག་ཀྱང་མ་ལུས་པར་ཞོར་ལས་སུ་འགྲོ་བའི་སྲོལ་བཟང་ཞིག་དར་ནས། གཅན་ཚའི་ཤིང་བཟོ་དང་གཅན་ཚའི་བཟོ་པ(འཚེམ་བཟོ)། གཅན་ཚའི་ལྷ་བཟོ་ཞེས་སྡེ་བ་གང་པོ་ཤིང་བཟོ་དང་སྡེ་བ་གང་པོ་བཟོ་པ། སྡེ་བ་གང་པོ་ལྷ་བཟོ་ཡིན་པའི་སྣང་ཚུལ་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་པ་དང་ཙུང་ལི་ལི་ཁི་ཆིང་གིས“ཀུན་གྱིས་བྱ་གཞག་བསྐྲུན། །དམངས་ཀྱིས་གསར་གཏོད་བྱེད། །”ཅེས་པའི་འབོད་སྐུལ་བཏོན་པའི་ཁྲོད་ནས། གཅན་ཚ་རྫོང་དུའང་ཀུང་སི་ཐོ་འགོད་བྱེད་མཁན་དང་ཚོང་ལས་ཀྱི་ལམ་ཁར་བསྙེགས་ནས་ཚོང་རྫས་གསར་གཏོད་བྱེད་པའི་ཚོང་པ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་།

ཟླ11པའི་ཚེས29ཉིན་གྱི་སྔ་དྲོར། གསར་འགོད་པ་གཅན་ཚ་རྫོང་མཁར་གྱི་ནུབ་ཕྱོགས་སུ་བར་ཐག་སྤྱི་ལེ5ཙམ་གྱིས་ཆོད་པའི་གཅན་ཚ་རྫོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཐོན་ལས་ར་བ་ཁུལ་དུ་གཞིས་ཆགས་ཡོད་པའི་བཀའ་བསྟན་གསེར་བྲིས་གླིང་དུ་ཕྱིན། བཀའ་བསྟན་གསེར་བྲིས་གླིང་ནི་ཐོན་ལས་ར་བ་ཁུལ་གྱི་ཐོག་ཁང་ཞིག་གི་བཞི་ཐོག་ཏུ་ཡོད་ལ། བཞི་ཐོག་ཧྲིལ་པོ་བཀའ་བསྟན་གསེར་བྲིས་གླིང་གི་ལས་ཡུལ་རེད། ནང་དུ་སླེབས་དུས་ལ་ལས་ཡི་གེ་འབྲི་བ་དང་ལ་ལས་གསེར་འདུལ་བ། ལ་ལས་ཤོག་བུ་ལས་སྣོན་བྱེད་པ། ལ་ལས་དབུ་ལྷ་འབྲི་བ་སོགས་བཟོ་གྲྭའི་ནང་གི་ལས་བཟོ་པ་རྣམས་རང་རང་ས་ན་ལས་ཀར་བྲེལ་བཞིན་པ་མིག་མདུན་དུ་མངོན་ཡོང་།

གསེར་འདུལ་ཚན་ཁག་ཏུ་སེམས་པ་རྩེ་གཅིག་ཏུ་ཕབ་ནས་སྡེར་མའི་ནང་གི་གསེར་འདུལ་བཞིན་པའི་ལས་བཟོ་པ་བདུད་ལྷ་བྱམས་དང་ཁ་བརྡ་བྱེད་སྐབས། ཁོ་ཚང་ནི་མ་གཞི་གཅན་ཚ་རྫོང་གཡོན་རུ་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་ཤེས། བཀའ་བསྟན་གསེར་བྲིས་གླིང་དུ་ཡོང་ནས་ལོ་ངོ་གཉིས་ལྷག་འགོར་ཡོད་ལ། ཁོ་ཚང་གི་གནས་ཚུལ་དྲིས་དུས། ཁོས་དགའ་ལྷང་ལྷང་ངང་ཁོ་ཚང་གི་གནས་ཚུལ་རགས་ཙམ་བཤད་སོང་། ཁོ་ནི་བཀའ་བསྟན་གསེར་བྲིས་གླིང་གི་གསེར་འདུལ་པ་ཡིན་ལ། ཆུང་མའང་བཀའ་བསྟན་གསེར་བྲིས་གླིང་གི་ཤོག་བུ་ལས་སྣོན་བྱེད་མཁན་རེད། ཁོ་ལ་ཟླ་རེར་ཟླ་ཕོགས་སྒོར3000རེ་དང་ཆུང་མར་ཟླ་ཕོགས་སྒོར2500རེ་ཡོད་པ་དང་། དེའི་ཁར་གཅན་ཚ་ཐང་ཡུལ་ཚོ་གཡོན་རུ་སྡེ་བའི་རྩྭ་སའི་ཁ་གསབ་ལ་ལོ་རེར་སྒོར2400དང་རང་ལ་དབང་བའི་རྩྭ་ར་གཞན་ལ་ལོ་རེར་སྒོར6000རེ་བྱས་ནས་གླས་ཡོད་པས། སྔོན་ཆད་ལྟར་འཚོ་བ་ངན་ངོན་རོལ་མི་དགོས་པའི་ཁར་རང་ཉིད་ཀྱི་མཆིན་ནད་ཀྱང་སྔོན་ལས་ལྡབ་འགྱུར་གྱིས་ཇེ་བདེར་གྱུར་ཡོད་ལ། ད་ལོར་མཚོན་ན་སྒོར་ཁྲི་བཞི་གསོག་ཐུབ་སོང་ཟེར།

བཀའ་བསྟན་གསེར་བྲིས་གླིང་དུ་ལས་ཀ་མ་ལས་པའི་སྔོན་གྱི་གནས་ཚུལ་དྲིས་དུས། ཁོས་གདོང་ལ་སྡུག་ཉམས་ཤིག་ཤར་ནས་སྔོན་ཆད་ཀྱི་འབྲོག་སའི་འཚོ་བར་ཕྱིར་དྲན་བྱེད་ཞོར། “ང་ལ་མཆིན་པ་ལྡེམ་བུའི་ནད་ཡོད་པས་ལས་ཀ་ཅུང་ཚེགས་ཆེ་ན་ནད་ཇེ་སྡུག་ཏུ་འགྲོ་བས། ནོར་འགའ་དང་ཤིང་ཁང་ཁང་མིག་བཞི་མ་གཏོགས་ཅི་ཡང་མེད། ཆུང་མ་དང་ངེད་གཉིས་ཀྱིས་ལོ་རེའི་དཔྱིད་ཀར་དབྱར་རྩྭ་དགུན་འབུ་བརྐོས་པའི་ཡོང་སྒོ་ལ་བརྟེན་ནས་འཚོ་བ་ངན་ངོན་རོལ་བཞིན་ཡོད་པས། མཚམས་ལན་རེར་གཞན་ལ་སྒོར་མོ་བསྐྱིས་ནས་འཚོ་བ་རོལ་དགོས་དུས་ཀྱང་མང”ཟེར།

བཀའ་བསྟན་གསེར་བྲིས་གླིང་དུ་ལས་བཟོ་པ125ཡོད་ལ། མང་ཆེ་བ་ནི་བདུད་ལྷ་བྱམས་ལྟར་སྔོན་ཆད་ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང་གི་དབུལ་ཕོངས་མི་འབོར་ཡིན་རུང་། ད་ལྟ་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་བཟང་པོའི་འོག་བཀའ་བསྟན་གསེར་བྲིས་གླིང་ལ་བརྟེན་ནས་ཟླ་རེ་རེར་ཟླ་ཕོགས་ལེན་བཞིན་ཡོད།

གཅན་ཚ་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཞིག་ཡིན་ལ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ9རུ་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང2572དང་མི་འབོར10190ཡོད། ལོ་འདི་གའི་རིང་ལ། གཅན་ཚ་རྫོང་གིས་རི་མགོའི་གནད་དོན་རི་འདབས་ནས་བསལ་ཞེས་པའི་རིགས་ལམ་བཏོན་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་རྣམས་གནས་སྤོར་བྱེད་པའི་ཁྲོད་དུ་མང་ཆེ་བ་རྫོང་མཁར་གྱི་མཐའ་འཁོར་དུ་གནས་སྤར་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཕོངས་ལས་ཐར་དུ་བཅུག དེའི་ནང་གི་དབུལ་ཐར་འགག་སྒྲོལ་གྱི་ཐབས་ལམ་གཙོ་བོ་གཅིག་ནི་ལས་ཚུད་དབུལ་ཐར་ཡིན་པས། འདིའི་ཐད་དུ་བཀའ་བསྟན་གསེར་བྲིས་གླིང་མ་གཏོགས། ད་རུང་རྡོ་རྗེ་ཁྱིམ་ཆས་དང་ནོར་གཡང་འབྲི་མོའི་འོ་ཞོ། གསེར་ཟམ་སྐྱེ་ཁམས་ཡུལ་སྐོར། ལྷ་དར་བཟའ་བཏུང་། འབྲུ་སྣའི་རི་མོ་སོགས་ཀུང་སི328དང་མཉམ་ལས་ཁང209པོས་རང་གི་ནུས་ཚོད་ཀྱིས་སྟོབས་ཤུགས་གང་མང་བཏོན་དང་འདོན་མུས་སུ་མཆིས།

ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། གསར་འགོད་པ་སྣང་ས་ཤ་ད་མ་བོད་ཀྱི་སྲོལ་རྒྱུན་སྣམ་བུ་ཐོན་སྐྱེད་བཟོ་གྲྭ་རུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། བཟོ་གྲྭ་དེ་ནི་གཅན་ཚ་རྫོང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཐོན་ལས་ར་བ་ཁུལ་གྱི་ཐོག་བརྩེགས་གཉིས་ཅན་ཞིག་གི་ཁེར་ཐོག་ཏུ་གནས་ཡོད་ལ། བཟོ་གྲྭའི་ནང་དུ་ཕྱིན་མ་ཐག་མིག་ལམ་དུ་ཤར་བ་ནི་གནའ་བོའི་སྣམ་འཐག་འཁོར་ལོ་གྲལ་ཕྲེང་དགུ་རིང་པོར་བསྒྲིགས་ཡོད་ལ། བུད་མེད་མང་པོ་ཞིག་གིས་སེམས་རྣལ་དུ་ཕབ་ནས་སྣམ་བུ་འཐག་པ་དང་སྐུད་པ་འཁེལ་བཞིན་ཡོད། སྐབས་དེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟོ་ལས་དང་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲེན་ལགས་ཀྱང་དེར་སླེབས་ཡོང་། ཁོ་རང་ཡོང་དོན་བཟོ་གྲྭའི་སྦྱིན་བདག་གམ་གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྡོ་རྗེ་ལས་གནས་ཚུལ་འདྲི་ཞོར་ཁོའི་སྐད་འཕྲིན་ནང་འཇུག་བྱེད་དུ་ཡོང་བ་རེད། ཁོས“རྗེས་ཕྱོགས་གོང་རིམ་གྱི་རྒྱབ་སྐྱོར་དང་རོགས་སྐྱོར་སྲིད་ཇུས་ཚང་མ་ཚོགས་གཙོ་ཁྱེད་ཀྱི་སྐད་འཕྲིན་ནང་དུ་བསྐུར་ཡོང་། ཁྱེད་ཀྱིས་ཀྱང་གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱི་ཁོངས་མིའི་ཚོགས་པ་ནང་དུ་བསྐུར་རོགས”ཟེར།

དེ་ནས་རིན་ཆེན་རྡོ་རྗེ་དང་ཁ་ཏ་བྱས་པ་ཡིན། ཁོའི་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ནས། འདི་ནི་བོད་ཀྱི་སྲོལ་རྒྱུན་སྣམ་བུའི་ཕ་སར་གྲགས་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་གྲ་ནང་རྫོང་ནས་ནང་འདྲེན་བྱས་པའི་ལག་རྩལ་ཞིག་ཡིན། བོད་ཀྱི་སྲོལ་རྒྱུན་སྣམ་བུའི་འཐག་རྩལ་འདི་ནི་ཞིབ་ཚགས་ལྡན་ལ་གོ་རིམ་རྙོག་འཛིང་ལྡན་པ་ཞིག་ཡིན་པས། གནའ་ནས་ད་རག་བར་དུ་ཉེ་མི་དང་ནང་མིར་ཁྲིད་པ་ལས། མི་གཞན་ལ་འཐག་རྩལ་འདི་ཤེས་སུ་མི་འཇུག ང་དང་བཟོ་གྲྭའི་བཟོ་པ་སྐོར་ཞིག་ཐོག་མར་ལེ་དབར་སྟོང་གིས་ཆོད་པའི་བོད་ལྗོངས་སུ་ཐེངས་མང་པོར་བརྒྱུགས་ཏེ་ཐབས་ཤེས་སྣ་ཚོགས་བཀོལ་ནས་འཐག་རྩལ་སྦྱངས་པ་དང་། བར་དུ་གྲ་ནང་རྫོང་གི་སྣམ་འཐག་ལག་རྩལ་པ་མང་པོ་གདན་དྲངས་ནས་རང་བཟོ་གྲྭར་བཟོ་པར་འཐག་རྩལ་ཁྲིད་པ་དང་། མཐའ་མར་རང་བཟོ་གྲྭའི་བཟོ་པ་རྣམས་ཀྱིས་ཡང་དང་བསྐྱར་དུ་ཚོད་ལྟའི་ཚུལ་དུ་སྣམ་བུ་འཐག་པའི་ཁྲོད་ནས་ཁ་སང་འཐག་པ་བཟང་ཡང་དེ་རིང་མི་བཟང་བ། སྔ་དྲོ་བཟང་ཡང་ཕྱི་དྲོ་མི་བཟང་བ་སོགས་དཀའ་ལས་མང་པོ་མྱངས་པའི་ཁྲོད་ནས་ལས་ཀ་འདི་རྒྱབ་ཏུ་བསྐྱུར་འདོད་པའི་བསམ་པའང་ཐེངས་མང་པོར་སྐྱེས་མྱོང་། ཡིན་ཡང་། དཀའ་ཁག་ལ་འཕྲད་ཐེངས་རེར་གཅན་ཚ་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ཀྱི་མགོ་ཁྲིད་པ་རྣམས་ང་ཚོའི་བཟོ་གྲྭའི་ནང་དུ་བལྟ་རུ་ཡོང་ཞིང་། སྔ་གཞུག་ཐེངས་གསུམ་ལ་བསྡོམས་པས་སྒོར་ཁྲི42ལྷག་གི་རོགས་དངུལ་བྱིན། འདི་ལྟར་གཅན་ཚ་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་རྒྱབ་རྩ་བརྟན་པོའི་འོག་ཏུ། རང་ཉིད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རྒྱུན་འཁྱོངས་ལྷོད་མེད་བྱས་མཐར། 2019ལོའི་ལོ་མཇུག་ཏུ་བཟོ་གྲྭས་འཐག་པའི་སྣམ་བུ་དེ་བདེ་བླག་ངང་ཚོང་རྫས་སུ་གྱུར་ནས་ཚོང་ཟོག་མངག་ཐོའང་མང་པོ་འབྱོར་སོང་ཟེར།

འདས་པའི་ལོ་ངོ5ཡི་རིང་ལ། གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི5824བཏང་སྟེ། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ཞིང་ཕྱུགས་ཐོན་རྫས་ལས་སྣོན། སྐྱེལ་འདྲེན་ལས་རིགས། བཟའ་བཏུང་ཞབས་ཞུ་སོགས་གཉེར་བའི་ཀུང་སི་དང་མཉམ་ལས་ཁང་། བཟོ་གྲྭ་བཅས་མང་པོ་གསོ་སྐྱོང་བྱས་ཏེ། དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་བར་འགན་སྲུང་བྱས་པར་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་དང་འདིང་བཞིན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།