རྨ་ཆུ་ལི་མའི་པང་དུ་ཆགས་པའི་རྭ་རྒྱ་གྲོང་རྡལ།
2020.12.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

རྨ་ཆུ་སྔོན་མོ་གྱ་གྱུའི་འགྲོས་ཀྱིས་རི་ཚོགས་ཀྱི་ཁོང་གསེང་བརྒྱུད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མངའ་ཁོངས་སུ་སླེབས་པ་ན། མཐོ་སྒང་གི་ཆེས་མཛེས་པའི་གྲོང་རྡལ་ཏེ་སྐྱེ་སྟོབས་དང་རེ་བའི་ཁེངས་པའི་རྭ་རྒྱ་དང་འཕྲད།  མགོ་ལོག་རྩྭ་ཐང་དུ་རི་ཆུ་ནགས་གསུམ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་།རིགས་སོ་སོའི་མང་ཚོགས་གོམས་སྟབས་ཆེན་པོས་བདེ་སྐྱིད་འཚོ་བའི་ལམ་ཁར་སྙེག་བཞིན་ཡོད། ཨ་སྔོན་དབྱིངས་སུ་སྤྲིན་དཀར་ཚོམ་བུ་དང་ཚོམ་བུར་ཡོད་ལ།   ཀྲོང་ངེར་འགྱིངས་པའི་ཁང་བརྩེགས་ཀྱི་ཤེལ་མིག་ལས་འོད་མདངས་སྣོལ་མར་འཕྲོ་བར་བྱེད། མི་ཚོགས་དང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་འདུ་འཛིའི་རྣམ་པ་ལས་དེ་ནི་མཐོ་སྒང་གི་འཁྲུག་ཆ་དོད་པའི་གྲོལ་རྡལ་ཞིག་ཡིན་པ་རྟོགས་པར་འགྱུར།

རྭ་རྒྱ་གྲོང་རྡལ་ནི་མགོ་ལོག་ཁུལ་གྱི་བྱང་སྒོ་ཆེན་པོ་ཡིན་ལ། མགོ་ལོག་ཁུལ་གྱི་ས་ཆ་གཞན་དག་དང་བསྡུར་ན་གནམ་གཤིས་དྲོ་ཞིང་མི་སྡོད་ཁོར་ཡུག་དང་ཧ་ཅང་འཚམ་པོ་ཡིན་པས“མགོ་ལོག་གི་འབྲི་ཆུའི་ལྷོ་རྒྱུད་ཆུང་བ”ཞེས་པའི་མིང་ཡོད་པ་རེད།ད་སྐབས་རྭ་རྒྱ་གྲོང་རྡལ་དུ་སྡེ་བ་དང་སྡེ་ཁུལ13དང་ཕྱུགས་ལས་མཉམ་ལས་ཁང25བཅས་ཡོད། དེ་ནི་རྨ་ཆེན་རྫོང་སྲིད་གཞུང་དང་སྤྱི་ལེ69ཡོད་པའི་མཚམས་སུ་གནས་ཤིང་བོད་དང་རྒྱ། ཧོས་རིགས། ཧོར་རིགས་སོགས་མི་གྲངས་བསྡོམས་འབོར16875བཅས་མཉམ་དུ་འདུས་སྡོད་བྱས་ཡོད་པའི་མཁར་གྲོང་ཞིག་ཡིན།

ཕར་འགྲོ་ཚུར་འོང་གི་ལམ་ཁ་ནས་རྭ་རྒྱ་གྲོང་རྡལ་ལ་བྲེལ་བྲེལ་འཚུབ་འཚུབ་ངང་འབྱོར་མྱོང་མོད། ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གྲོང་རྡལ་ལ་ཤེས་རྟོགས་སྔར་ལས་མང་པོ་བྱུང་མེད། ཐེངས་འདིར་ཆེད་དུ་བཅར་འདྲི་བྱེད་སྐབས། ཡར་སྔོན་ས་ཆ་ཆུང་ངུ་ཡི་ལྟ་སྟངས་བཟུང་བའི་རྨ་ཆུའི་འགྲམ་ངོགས་སུ་ལྟེ་བའི་སྨན་ཁང་དང་། རེ་བའི་ཁེངས་པའི་ལས་རིགས་ལག་རྩལ་སློབ་གྲྭ། བདེ་སྐྱིད་འཆམ་མཐུན་གྱི་འབྲོག་པའི་གཏན་སྟོད་སྡེ་ཁུལ། གཞན་དང་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་སོགས་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱད་ཆོས་མང་པོ་འཛོམས་ཡོད་པ་མཐོང་བྱུང་།

མཐོ་སྒང་གི་ཆེས་མཛེས་པའི་གྲོང་རྡལ་ཏེ་རྭ་རྒྱ་གྲོང་རྡལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཆེས་མགྱོགས་པའི་དུས་ནི་ནམ་ཡིན་ཞེས་གླེང་ཚེ། ས་གནས་ཀྱི་མང་ཚོགས་ཀྱི་ངག་ན་རླུང་ལྟར་རྒྱུ་བ་ནི་འདི་ནས་ཡར་བརྩིས་པའི་ལོ་ངོ་བཅུ་ཡིན་ཞེས་པ་དེ་རེད།

2011ལོ་ནས་བཟུང་། མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་ལྔ་འབུམ་དགུ་བཏང་ནས་རྭ་རྒྱ་གྲོང་རྡལ་གྱི་འབྲོག་པའི་གཏན་སྡོད་ས་ཚིགས་དང་ཆ་སྡེབ་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རྭ་རྒྱ་ཡན་ལག་སློབ་གྲྭའི་འཛུགས་སྐྲུན། རྭ་རྒྱ་གྲོང་རྡལ་གྱི་ལྟེ་བའི་སྨན་ཁང་ཚད་ལྡན་དུ་གཏོང་བའི་འཛུགས་སྐྲུན་ལས་གཞི་སོགས་ཏེ་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་ལས་གཞི་བཅས་ལག་བསྟར་བྱས་ཏེ། རྭ་རྒྱ་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོའི་གསོ་སྦྱོང་། ཐོན་ལས་གོང་སྤེལ། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད།

2012ལོ་ནི་རྭ་རྒྱ་གྲོང་རྡལ་གྱི་མང་ཚོགས་ལ་མཚོན་ན་འཕྲིན་བཟང་མང་བའི་ལོ་ཞིག་ཡིན། ཚན་རིག་དང་མཐུན་པའི་འཆར་འགོད་དང་། བཀོད་པ་ལུགས་མཐུན། ཁྱད་ཆོས་འབུར་ཐོན། ནུས་པ་ཆ་ཚང་འཛོམས་པའི་གྲོང་རྡལ་སྟོབས་ལྡན་དང་མང་ཚོགས་ཕྱུག་པོར་གཏོང་བའི་ལས་གཞི་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་རེད། ལས་གཞི་གཙོ་བོ་ཁང་གླ་ཁེ་བའི་སྡོད་ཁང120དང་། གྲོང་རྡལ་ཡོངས་ལ་ཁྱབ་པའི་རང་འབབ་ཆུའི་དྲ་བ་འཛུགས་སྐྲུན། རིང་ཚད་ལ་སྤྱི་ལེ3.6ཡོད་པའི་མཁར་གྲོང་གི་གཞུང་ལམ“ལེགས་བསྒྱུར་གསུམ”གྱི་ལས་གཞི་བཅས་ལག་བསྟར་བྱས་པ་དང་། དུས་མཚུངས་སུ་མཁར་རྙིང་ལེགས་སྒྱུར་གྱི་བླང་བྱ་ལྟར། རྨ་ཆུའི་ལྷོ་འགྲམ་གྱི་མཁར་རྙིང་ས་ཁུལ་དུ་རིང་ཚད་སྤྱི་ལེ1.5ཡི་སྲང་ཆེན་ལེགས་སྒྱུར་དང་གཙང་སྒྱུར། དེ་མིན་རྨ་ཆུའི་ལྷོ་ལམ་གྱི་འགྲམ་ངོགས་སུ་ཆགས་པའི་ཨར་ལས་འཛུགས་སྐྲུན་དག་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བསྒྱུར་བ་དང་། སློབ་གྲྭ། རྒན་གསོ་ཁང་། བྱིས་སྙོར་ཁང་། རིག་གནས་ལྟེ་གནས་སོགས་ལས་གཞི་ཆེན་པོ6ལག་བསྟར་བྱས་པ་རེད།

2014ལོར། རྭ་རྒྱ་གྲོང་རྡལ་ནི་ཞིང་ཆེན་ཡོངས་ཀྱི་རེབ་ཐེངས་དང་པོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ནང་ཚུད་པ་དང་། སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ས་ཡ་བདུན་ཁྲི་བཞི་བཏང་ནས་རྭ་རྒྱ་གྲོང་རྡལ་ལྷོ་ཕྱོགས་ཐང་ཆེན་གྱི་གཞུང་ལམ་དང་། མཁར་ཁུལ་གྱི་གཞུང་ལམ། བཅའ་སྡོད་སློབ་གྲྭ་འཛུགས་སྐྲུན་ལས་གཞི། འཕྲིན་གཏོང་དྲ་བའི་བཟོ་འགོད་སོགས་ལག་བསྟར་བྱས་ཏེ། གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ཤུགས་ཆེར་བཏང་བ་རེད།

2015ལོ་ནས2019ལོའི་བར། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བཏོན་པའི་དབུལ་ཐར་མཁྲེགས་གཏོར་གྱི་བླང་བྱ་ལྟར། རྭ་རྒྱ་གྲོང་རྡལ་གྱི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རོང་འབྲོག་མང་ཚོགས་ལ་དབུལ་ཐར་མཁྲེགས་གཏོར་་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་གཏན་འཇགས་ངང་ཞིང་སྡེའི་དབུལ་ཕོངས་མི་འབོར་ཟ་མ་ཟ་བར་སེམས་ཁྲལ་མེད་པ་དང་། གྱོན་ཆས་ལ་སེམས་ཁྲལ་མེད་པ། ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པ་མངོན་འགྱུར་བྱུང་།

ཕ་ཡུལ་གྱི་འགྱུར་ལྡོག་གླེང་ཚེ་ས་གནས་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ཡོད་པ་ནང་བཞིན། ད་ལོར་ལོ་ན50ལོན་ལ་ཉེ་བའི་སེར་ཐོ་སྡེ་བའི་སྡེ་མི་དབུས་པོས་རྭ་རྒྱའི་ཟམ་ཆེན་ཁ་ནས་སྟོད་ཕྱོགས་ལ་མཛུབ་མོ་བསྟན་ནས་བཤད་རྒྱུར། མ་དངུལ་སྒོར་དུང་ཕྱུར་བརྒྱ་ལྷག་བཏང་ནས་རྭ་རྒྱ་གྲོང་རྡལ་གྱི་སྟོད་རྒྱུད་དུ་དམར་ལྡིང་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱས་པ་ལས་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཅིང་། དུས་ཡུན་ཐུང་ངུའི་རིང་ལ་ཚོང་ལས་བོག་གཏོང་ཁང་པ་དང་། ཚོང་ཁང་། ཟ་ཁང་། མགྲོན་ཁང་། རླངས་འཁོར་ཞིག་གསོ་ས་ཚིགས། དེ་མིན་གསོ་སྤེལ་ར་བ་ཆེ་གྲས་སོགས་མང་དུ་འཕེལ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

དཀའ་སྡུག་གི་ལོ་ཟླའི་ཁྲོད་དུ་རིམ་བཞིན་ཕ་ཡུལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན། ས་གནས་མང་ཚོགས་ཀྱི་བསམ་བློར་འགྱུར་བ་བྱུང་ནས་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད། ཕྱི་དྲོའི་ཉི་འོད་རི་ལ་ནུབ་པ་དང་ལྷན་དུ། མགོན་པོ་དང་སྒྲོལ་རིས་བཟའ་ཟླ་གཉིས་རྒྱུན་པར་དགོང་ཟས་ཟོས་རྗེས་གྲོང་རྡལ་གྱི་སྲང་བར་དུ་འཆམ་འཆམ་དུ་འགྲོ་བར་དགའ།

མགོན་པོ་ཁྱིམ་གྱི་འབོལ་ཁྲིའི་སྟེང་བཙོག་ནས་སྒྲོལ་རིས་ལ“ལྟོས་དང་། ཁང་བརྩེགས་སྟེང་གི་གློག་སྒྲོན་དང་ཟམ་སྐྱོར། འཁྱམ་རའི་བར་གྱི་གློག་འོད་དག་ལོ་སྔོན་མ་ལས་ཇེ་ཡག་ཏུ་སོང་ཡོད་པས། ངེད་གཉིས་དོ་དགོང་སྔ་མོ་ནས་འཆམ་འཆམ་ལ་སོང་ནས་ལྟད་མོ་ཡག་པོ་ཞིག་བལྟ། དེ་མིན་ད་ལོར་ཕྱི་ཡོང་གནས་སྐོར་པ་མང་པོ་ཡོད་པས་ངེད་གཉིས་ཀྱིས་ཟ་ཁང་ཞིག་གཉེར་ཏེ་ཡོང་སྒོ་བཙལ་ན་ཅི་འདྲ”ཞེས་གྲོས་འདེབས་པའི་ཚུལ་གྱིས་དེ་ལྟར་བཤད།

སྒྲོལ་རིས་ཀྱིས་ལག་གི་ལས་ཀ་མཚམས་བཞག་ནས་འཛུམ་ཙམ་འཛུམ་ཙམ་བྱེད།“སྔོན་ཆད། དུས་ཚིགས་བཞི་བོར་ཁ་ཆར་ནང་དུ་ནོར་རྗེས་བསྙེགས་ནས་འཚོ་བ་རོལ་དགོས་པས། བྱིས་པ་སྐྱེ་དུས་སྡུག་མི་ཉུང་བ་ཐེག་དགོས། ད་ལྟ་གྲང་ངར་བཟོད་དཀའ་བའི་གནམ་གཤིས་དང་རིང་དུ་གྱེས་ནས་རྨ་ཆུའི་ཉེ་འགྲམ་དུ་ཡོང་ཞིང་མཁར་གྲོང་གཞིས་དམངས་ཀྱི་འཚོ་བ་རོལ་ཐུབ་པ་དེ་སྔ་ཡིད་ལའང་དྲན་མ་མྱོང་། ངེད་གཉིས་འདིར་གནས་སྤར་ཡོང་ནས་ཡོང་སྒོ་འཚོལ་སའི་ཐབས་ལམ་ཞིག་བཙལ་ན་དེ་ཡག་པོ་རེད།”

དེང་སྐབས། དེང་རབས་ཅན་གྱི་རྣམ་པས་ཁེངས་པའི་རྭ་རྒྱ་གྲོང་རྡལ་དུ་སླེབས་པ་ན། རང་དབང་མེད་པར་གྲོང་རྡལ་ཆུང་བ་འདི་ལ་དགའ་འབོད་བྱེད་མཁན་གྱི་མི་མང་དུ་འབྱུང་བཞིན་ཡོད་པ་འདི་ལས་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་སྣང་བརྙན་ལ་ཕྱི་ཡོང་མགྲོན་པོས་གདེང་འཇོག་མཐོ་བ་རིམ་གྱིས་རྟོགས་ཡོང་།

འོད་ལམ་ལམ་དུ་འཚེར་བའི་མཚན་མོའི་གློག་སྒྲོན་འོག ཁོད་ཡངས་ཤིང་གྲལ་འགྲིག་པོའི་ཁྲོམ་ལམ་དང་། ཚོང་ཁང་། དྭངས་ཤིང་གཙང་བའི་ལྗང་མདོག་ཁྲོམ་གཟིགས་སྒང་། རྨ་ཆུའི་འགྲམ་ངོགས་སུ་ཡོད་པའི་ཟམ་སྐྱོར་སོགས་ལས་གྲོང་རྡལ་འདིའི་སྔ་ན་མེད་པའི་འགྱུར་ལྡོག་གསལ་པོར་མཐོང་ཐུབ། །

                                                                                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།