གྲུབ་འབྲས་ལ་ཕྱིར་མིག་བལྟས་ཏེ་མ་འོངས་པར་ཁ་ཕྱོགས་དགོས།
2020.12.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

 --མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

གྲོལ་མ་ཐག་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་སྟེང་། ད་ལོའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པ་དང་།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། གྲུབ་འབྲས་ཁས་ལེན་བྱེད་པའི་ཁྲོད་ང་ཚོར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་།  ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་ཁྲོད་ང་ཚོར་སྔ་འཛིན་ཕྱི་གཏོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

ད་ལོ་ནི་མཚོ་སྔོན་འཕེལ་རྒྱས་གཏོང་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ཚེགས་ཆེ་ལ་འགན་ཁུར་ལྗི་བའི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་གསུམ་གྱི་ལས་འགན་དང་ལྷག་པར་དུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་གྱི་གནས་ཚུལ་གྱི་མདུན་དུ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འཐབ་ལྷོད་མེད་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་སད་ཆེན་པོ་ཐེག་ནས་མི་སེམས་ལ་སྐུལ་མ་ཐེབས་པའི“མཚོ་སྔོན་གྱི་རྒྱུགས་གཞི”ཞིག་བཏོད་ཡོད། ལོ་གཅིག་གི་རིང་ལ་ང་ཚོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ།  རྒྱལ་ཡོངས་ཀྱི་རིམས་འགོག་གི་ཆེ་ཕྱོགས་ལ་བྱས་རྗེས་འཇོག་པ་དང་། རྒྱུན་སྲིང་ལྷོད་མེད་ངང་མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ།  ཆུ་ཚད་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ།  མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ཏང་འཛུགས་སྐྱོང་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བ་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་”འཆར་འགོད་མཇུག་བསྡུ་བར་རྨང་གཞི་བརྟན་པོ་བཏིང་།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་ཡིན། ལོ་ལྔའི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི་”ཡི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་ བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས།“རྒྱལ་ཁབ་ཀྱི་དོན་ཆེན་”གྱི་མཐོ་ཚད་ཐོག་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས།  བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་ལས་བྱུང་བའི་དུས་རིམ་གསར་པ་དང་འཚམ་པར་བྱས་པ་དང་།  རིམ་གྲས་སྤར་བའི་ལྗང་མདོག་འཕེལ་རྒྱས་ཀྱིས་དཔལ་འབྱོར་རིགས་བསྒྱུར་གྱི་གནས་བབ་གསར་པའི་རྗེས་སྙེགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཚོ་སྔོན་དུ་གསོན་ཉམས་དོད་པའི་ལག་ལེན་ཐེངས་ཤིག་བྱས་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་བུ་གསར་པ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་ཕྱོགས་བསྡོམས་ནན་ཏན་བྱེད་འོས། ད་ལོ་དང་དེ་བཞིན་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་”རིང་གི་མཚོ་སྔོན་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ།  འགོ་ཁྲིད་ཀྱི་བསམ་བློ་ནི་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་རྩ་བའི་ཁྲིད་སྟོན་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་དཀའ་ཁག་ལས་རྣམ་པར་རྒྱལ་བར་བྱེད་པའི་ཐབས་མཆོག་ཡིན་པ། སྐྱེ་ཁམས་སྲུང་སྐྱོབ་ནི་འདོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཡིན་པ། ལྗང་མདོག་འཕེལ་རྒྱས་ནི་མ་འོངས་པར་ཁ་ཕྱོགས་པའི་དགོས་ངེས་ཀྱི་ལམ་བུ་ཡིན་པ། མི་དམངས་གོང་དུ་བཀུར་རྒྱུ་ནི་ལས་དོན་ཐམས་ཅད་ཀྱི་རིན་ཐང་གི་ལྟ་བ་ཡིན་པར་ང་ཚོར་མྱོང་ཚོར་སྔར་ལས་ཟབ་པ་ཐོབ་ཡོད།  ང་ཚོས་གཡུར་དུ་ཟ་བའི་གྲུབ་འབྲས་ཁྲོད་ནས་ཉམས་མྱོང་བསྡུ་ལེན་དང་། སྙིང་སྟོབས་རྒྱུན་འཛིན། ཡིད་ཆེས་ཆེར་གཏོང་། སྟོབས་ཤུགས་ཆེར་གཏོང་བཅས་བྱས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དང་དཀའ་བ་ཁྱད་གསད་ཀྱི་བསམ་པའི་སྙིང་སྟོབས་ཐོག་ནས་ཡང་འབད་བསྐྱར་འབད་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འགོ་རྩོམ་པའི་ལོའི་དམིགས་འབེན་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་ཏེ་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་བྱེད་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།