གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནས་དུས་ཚོད་གསུམ་ལྷག་གི་རིང་ལ་སོང་མཐར། “གནམ་མཐའི་སྨུག་གཞུང་ཡུལ་ཚོ”མིག་ལམ་དུ་མངོན་བྱུང་། སྨུག་གཞུང་ཡུལ་ཚོའི་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་བརྒྱད་བརྒྱ་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དང་འདབས་འབྲེལ་ཡོད་ཅིང་། རྫ་སྟོད་རྫོང་ལས་བར་ཐག་རིང་ཤོས་དང་ས་མགོའི་མཐོ་ཚད་མཐོ་ཤོས། མི་གྲངས་ཉུང་ཤོས་ཀྱི་ཡུལ་ཚོ་ཞིག་རེད། ཡུལ་ཚོ་འདིར་མི་གྲངས་སྟོང་དྲུག་དང་སུམ་བརྒྱ་ཉེར་གསུམ་ཡོད་པ་དང་། དེ་ལས་བོད་རིགས་གཙོ་བོ་ཡིན་པས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་དགུ་ཟིན་ཡོད།
ཏག་ཏག་ཉིན་གུང་གི་དུས་ཚོད་ཡིན་པས་ནམ་མཁའ་གཡའ་དག་པ་དང་། ཕྱིའི་དྲོད་གྲངས་ཏུའུ་བརྒྱད་ལས་མེད་ཅིང་ལྷགས་རླུང་ལྡང་བཞིན་འདུག སྨུག་གཞུང་ཡུལ་ཚོ་སྲིད་གཞུང་ཉེ་འགྲམ་གྱི་ཚོང་ཁང་ཆུང་ཆུང་གི་སྒོ་མདུན་དུ། འབྲོག་པ་བདེ་སྐྱིད་ཀྱིས་ཚོང་ཁང་ནང་དུ་ཚོང་རྫས་ཁ་གསབ་བྱེད་ཀྱིན་འདུག སྐབས་དེར་སྨུག་གཞུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་གཟུངས་ཀྱིས་བདེ་སྐྱིད་བསྟན་ནས་བཤད་རྒྱུར། ད་ལྟའི་ཚོང་དཔོན་བདེ་སྐྱིད་ནི་སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ཟེར།
བདེ་སྐྱིད་ཚང་ལ་བཟའ་མི་བཞི་ཡོད། ལོ་བཅུའི་ཡར་སྔོན་དུ་ཁོ་ཚང་ལ་ཕྱུགས་ཟོག་མང་པོ་ཡོད་པས་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད་མོད། ཡིན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་ཚང་ལ་ཆག་སྒོ་དང་ན་ཚ་བྱུང་བའི་དབང་གིས་ཕྱུགས་ཟོག་ཐམས་ཅད་བཙོང་ཞིང་། ངལ་རྩོལ་པ་ཁོ་གཅིག་པུ་མ་གཏོགས་མེད་པས། ཉིས་སྟོང་བཅོ་ལྔ་ལོར་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་བདམས། སྐབས་དེར། བདེ་སྐྱིད་ལ་འབྲོག་པའི“རྩྭ་ཆུར་བརྟེན་ནས་འཚོ་སྡོད་བྱེད་པ”ཡི་སྲོལ་རྒྱུན་འདུ་ཤེས་ཡོད་པ་དང་། ཐབས་བཀོད་འཐེན་ཏེ་ཕྱུགས་འཚོས་ཚེ། ད་གཟོད་མུ་མཐུད་དུ་འཚོ་བ་རོལ་ཐུབ་པར་སྙམ།
ཁོས་སྐབས་རེར་རང་ཉིད་ཕྱུགས་ཟོག་འཚོ་མཁན་གྱི“འབྲོག་པ”ཞིག་བྱེད་བསམ་པ་དང་སྐབས་རེར་ཁྱིམ་གྱི་ནད་པར་བདག་སྐྱོང་བྱེད་དགོས་སྙམ། ཁྱིམ་གྱི་གནས་ཚུལ་དེ་དག་གིས་བདེ་སྐྱིད་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་ཞིང་ཁོས་བསམ་བློ་ཞིབ་མོ་མི་གཏོང་ཐབས་མེད་བྱུང་། ཁོའི་སེམས་སུ་རྩྭ་ས་བཀོལ་སྤྱོད་མ་བྱས་པར་ཡུན་རིང་ཞིག་འགོར་ཡོད་པས་མཉམ་ལས་ཁང་ནང་མ་རྐང་དུ་འཇོག་པ་དང་ནོར་ལུག་ཡོད་ཀྱང་འཚོ་ཁོམ་མེད་བསམས། ཡིན་ཡང་ད་ལྟའི་སྲིད་ཇུས་བཟང་བས་སྨན་བཅོས་དང་སློབ་གསོར་སེམས་ཁྲལ་བྱེད་མི་དགོས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་རོགས་རེས་མ་དངུལ་བཀོལ་སྤྱོད་བྱས་ན་སྐྱེད་ཀ་སྤྲོད་མི་དགོས་པས་ཡུལ་ཚོ་སྲིད་གཞུང་གི་ཉེ་འགྲམ་དུ་ཚོང་ཁང་ཞིག་འབྱེད་དགོས་སྙམ།
འདི་ལྟར་བསམ་བློར་འགྱུར་ལྡོག་བྱུང་བའི་བདེ་སྐྱིད་ཀྱིས་ཚོང་རྒྱག་མགོ་བརྩམས། ཡུལ་ཚོ་འདིར་རུ་མི་གྲངས་མང་རྒྱུ་མེད་ཡང་། ཁེངས་སྐྱུངས་གཤིས་འཇམ་ཡིན་པའི་བདེ་སྐྱིད་ཀྱི་ཚོང་ཧ་ཅང་བྲིན་པར་གྱུར་ལ། དེའི་ཁར་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་མཉམ་ལས་ཁང་གི་ལོ་མཇུག་གི་ཁེ་སྤོགས་བགོས་པ་བརྒྱུད། བདེ་སྐྱིད་ཀྱི་ལོ་གཅིག་གི་ཡོང་སྒོ་སྒོར་མོ་ཁྲི་བཞི་ལ་སླེབས། སྔོན་ཆད་ཀྱི་ལྟོ་རྒྱབ་འགྲངས་པ་ཙམ་དང་འགྲོ་ཐབས་འདུག་ཐབས་བྱས་པར་བསམ་བློ་བཏང་ནས་ཕྱིར་འདང་རེ་བརྒྱབ་ཚེ། བདེ་སྐྱིད་ཧ་ཅང་འགྱོད་པ་སྐྱེ་བཞིན་འདུག ཡིན་ཡང་བདེ་སྐྱིད་ཀྱིས་མ་འོངས་པར་རེ་བ་ཆུང་ཆུང་ཞིག་བཅངས་པ་དེ་ནི་བྱིས་པ་ཚོས་སློབ་ཆེན་ལ་རྒྱུགས་འཕྲོད་ཚེ་ཁོ་ཚོ་དང་མཉམ་དུ་མེས་རྒྱལ་གྱི་རི་ཆུ་བཟང་པོར་ལྟ་སྐོར་བྱེད་དུ་འགྲོ་འདོད་པ་དེ་རེད།
“འདུ་ཤེས་བསྒྱུར་ཚེ་ཡུལ་ཁམས་གསར་བསྒྱུར་བྱེད་ཐུབ་ལ། འདུ་ཤེས་མ་བསྒྱུར་ཚེ་རང་སར་བསྡད་པ་དང་མཚུངས། འདུ་ཤེས་ཀྱིས་སེམས་ཁམས་ཐག་གཅོད་བྱེད་ཐུབ་ལ། སེམས་ཁམས་ཀྱིས་བྱ་སྤྱོད་ཐག་གིས་གཅོད་ཐུབ།”རྫ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་དོན་གྲུབ་ནི་ཆུང་དུས་ནས་རྫ་སྟོད་རྫོང་དུ་ནར་སོན་ལ། འབྲོག་པ་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་མཐོང་ཚེ་སེམས་སུ་སྤྲོ་སྣང་སྐྱེ་བཞིན་ཡོད།
རྟ་ཡན་སྡེ་བ་ནི་སྨུག་གཞུང་ཡུལ་ཚོ་སྲིད་གཞུང་དང་བར་ཐག་ལ་སྤྱི་ལེ་བརྒྱད་ཅུ་ཡོད་པ་དང་དུས་ཚོད་གསུམ་རིང་ལ་འགྲོ་དགོས། ཚེ་རིང་དོན་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་བོད་འབྲེལ་ས་ཁུལ་དུ་ཕྱུགས་ཟོག“བཙོང་མི་ཕོད”པའི་མི་ཧ་ཅང་མང་།
རྟ་ཡན་སྡེ་བ་རུ་ཁག་གཉིས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པའི་བཀྲ་བྷ་ནི་ད་ལོ་ལོ་ཞེ་ལྔ་ཡིན་ལ། ཁོ་ཚང་ལ་བཟའ་མི་ལྔ་ཡོད། ལོ་འདི་འགའི་རིང་གི་འགྱུར་ལྡོག་གླེང་ཚེ་བཀྲ་བྷའི་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་ཤར་ཡོང་། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། རྩྭ་ཐང་དུ་བསྡད་ཡོད་རུང་ཁང་བ་གསར་བ་ནི་རིན་གོང་སྒོར་མོ་ཁྲི་དགུ་བྱིན་ནས་ལས་པའི་རྣོ་ལྕགས་ངར་མའི་ཁང་བ་ཡིན་ཞིང་། ཁང་རྙིང་གི་འགྲམ་དུ་ཡོད། ཁང་བ་དེ་ལ་དྲོད་སྲུང་བ་དང་ས་ཡོམ་འགོག་པ། གཅན་གཟན་འགོག་པའི་ནུས་པ་བཅས་ལྡན། བྱིས་པ་གཉིས་ཀ་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་ཡོད་ལ་སློབ་རིན་སོགས་གཅིག་ཀྱང་སྟེར་མི་དགོས། ལོ་རེར“རྩྭ་སའི་ཁ་གསབ”སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་ཡོད་པ་དང་རང་ཉིད་ཀྱང་སྐྱེ་ཁམས་བདག་སྐྱོང་པ་བྱས་ཡོད་པས་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་ཡོད། དེ་ལས་ཀྱང་གླེང་རིན་ཡོད་པ་ནི་ལོ་འདི་གསུམ་པོར་ནོར་གནག་བཞི་བཅུ་ཡོད་ལ། སུམ་ཆའི་གཅིག་གི་བསྡུར་ཚད་ལྟར་བཤས་ཁོངས་སུ་གཏོང་བཞིན་ཡོད། བཀྲ་བྷས་མཛུབ་རྩིས་བརྒྱབ་ནས་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་བརྒྱད་ལྷག་ལ་སླེབས་ཡོད་ཟེར།
བཀྲ་བྷའི་སེམས་སུ་ཆེས་བཀའ་དྲིན་ཞུ་དགོས་པ་ནི་ལོ་འདི་དག་གི་རིང་ལ་རྒྱུན་པར་ཁོ་ཚང་ལ“ལྟ་སྐྱོང”བྱེད་པའི་ཡུལ་ཚོའི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པ་ཡིན་པར་འདོད། བཀྲ་བྷས་བཤད་རྒྱུར། ལས་བྱེད་པ་འདི་ཚོ་ལོ་རེར་ཐེངས་བཅུ་ཕྲག་ལྷག་ལ་ངེད་ཚང་དུ་ཡོང་སྟེ། སྲིད་ཇུས་བཤད་པ་དང་ཐབས་བཀོད་འཐེན་ཏེ་ང་ཚོ་དབུལ་ཐར་ཕྱུག་བསྒྱུར་བྱེད་དུ་བཅུག ང་ཚོར་ད་དུང་འགྱུར་ལྡོག་རེ་མ་བྱུང་ཚེ་ཁོ་ཚོའི་ལྷག་བསམ་དཀར་པོ་དེར་འོས་མེད་བྱས་པ་ཡིན་ཟེར།
མ་འོངས་པར་བཀྲ་བྷ་ལ་རང་ཉིད་ཀྱི་འཆར་གཞི་ཞིག་ཡོད་པ་དེ་ནི་ཕྱུགས་ལས་ཐད་ཀྱི་ཤེས་བྱ་མང་པོར་སློབ་སྦྱོང་བྱས་ཏེ་ཚན་རིག་དང་ཕན་མཐོས་གསོ་སྤེལ་བྱས་ཏེ་རང་ཉིད་ཀྱི་ནོར་གནག་ཇེ་མང་དུ་གཏོང་རྒྱུ་དང་། རང་ཉིད་རྒས་ཚེ་ནོར་གནག་དང་རྩྭ་ས་ཡོད་ཚད་མཉམ་ལས་ཁང་ལ་མ་རྐང་དུ་བཞག་སྟེ། “ལས་འཁྱུར་ངལ་གསོ”ཡི་འཚོ་བ་ཞིག་ལོངས་སུ་སྤྱོད་འདོད་པ་དང་། དེ་མིན་བྱིས་པ་གཉིས་མུ་མཐུད་དུ་སློབ་གྲྭར་བསྐྱལ་ན། མ་འོངས་པར་“ཤེས་བྱར”བརྟེན་ནས་སྒོར་མོ་བཙལ་ཐུབ་པར་འདོད་ཡོད་པ་དེ་རེད།
“ཤེས་བྱར”བརྟེན་ནས་སྒོར་མོ་བཙལ་དགོས་པ་དེར་ཚེ་རིང་དོན་གྲུབ་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་ཁོའི་བསམ་བློའི་གོ་རྟོགས་ལ་བསྟོད་པ་བྱས། རྫ་སྟོད་རྫོང་ནི་མདོ་དབུས་མཐོ་སྒང་གི་དབྱར་རྩྭ་དགུན་འབུ་ཡི“ཐོན་ཚད་ཆེས་བཟང་བའི་གནས”ཡིན་པས། གནས་འདིའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་མང་བ་དང་རྒྱུ་སྤུས་བཟང་བ། རིན་གོང་མཐོན་པོ་ཞིག་ཡིན། འདས་པའི་ལོ་མང་པོར་རྫ་སྟོད་རྫོང་གི་འབྲོག་པས་དབྱར་རྩྭ་དགུན་འབུར་བརྟེན་ནས་སྒོར་མོ་བཙལ་བ་དང་། དཔལ་འབྱོར་གྱི་ཕན་ནུས་མཐོ་བས་དེར་བརྟེན་པ་ལས་ཐོན་ལས་གཞན་དག་གི་འཕེལ་རྒྱས་སྣང་མེད་དུ་བསྐྱུར་བས་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ཐོབ་པར་ཤུགས་རྐྱེན་ཐེབས།
སྨུག་གཞུང་ཡུལ་ཚོ་དང་ཁ་འབྲལ་སྐབས་གསར་འགོད་པར་ཚོར་བ་ཟབ་མོ་ཞིག་བྱུང་བ་ནི། འདུ་ཤེས་འགྱུར་ཚེ་གནམ་ས་ཡང་གསར་པར་འགྱུར་སྲིད། རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཚད་ཐིག་དེ་རིང་གི་འདི་ལྟ་བུར་སླེབས་པ་ནི་སྐྱེ་ཁམས་དང་དམངས་ཚིས་གཉིས་ཀྱི་ངོ་མཚར་བའི་འགྱུར་ལྡོག་ཕྱིར་མངོན་པ་ཞིག་ཡིན་པ་དང་། ང་ཚོས་གསར་རྙེད་བྱུང་བ་ནི“བསམ་བློ་བཅིངས་བགྲོལ”དང“ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་དུ་བསྐྱོད་པ”གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་བཏང་སྟེ། རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་ཐད་དུས་རིམ་རང་བཞིན་གྱིས་རྒྱལ་ཁ་ཐོབ་པར་རོགས་རམ་བྱས་པ་དེ་རེད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།