ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་སྤུས་ཚད་མཐོན་པོ་དང་ཕན་ནུས་མཐོན་པོ།ཞིང་སྡེ་བདེ་སྡོད་ལས་འཚམ་དང་ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
2021.01.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

 ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས2020ལོའི་ཟླ12པའི་ཚེས28ཉིན་ནས29ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱབ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། ཞིང་སྡེ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན།  ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དང་།  ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཞིང་སྡེའི་སྡོད་གནས་དང་ལས་ཀར་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་བསྟན་དོན། ང་ཚོའི་ཏང་དབུ་བརྙེས་པའི་ཚུན་དུ་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ནི་ཞིང་པའི་གནད་དོན་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ། རྒྱ་ཆེའི་ཞིང་པར་བདེ་སྐྱིད་ལྡན་དུ་འཇུག་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ། ང་ཚོའི་ཏང་གིས་ཞིང་པའི་སྣེ་ཁྲིད་དེ་བཅོས་བསྒྱུར་གྱི་ཡོལ་བ་ཐོག་མ་ཕྱེ་ནས། ཞིང་སྡེའི་སྤྱི་ཚོགས་དང་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ཐོག ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། དབུལ་ཐར་མཁྲེགས་གཏོར་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་ཅིག་ཏུ་བརྩིས་ནས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་སྔ་ན་མེད་པ་དང་ཤུགས་འདོན་ཚད་ཆེས་ཆེ་བ། ཁེ་ཕན་ཐོབ་པའི་མི་གྲངས་ཆེས་མང་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་འདི་ཉིད་རྩ་འཛུགས་བྱས་ནས་སྐུལ་འདེད་བཏང་བ་དང་། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགོ་བརྩམས་ཏེ། ཞིང་ལས་དང་ཞིང་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དེ་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་ནས། ཞིང་པའི་ཡོང་སྒོ2010ལོ་ལས་ལྡབ་གཅིག་འཕར་ཏེ།ཞིང་སྡེའི་དམངས་ཚིས་ལེགས་བཅོས་མངོན་གསལ་བྱུང་ཞིང་ཞིང་སྡེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དབུལ་ཕོངས་ས་ཁུལ་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་མང་པོར་དཀའ་ཁག་བཟོས་པའི་བལྟོས་མེད་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་བྱས་རྗེས་གལ་ཆེན་བཞག་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པ་བཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་བ་དང་། ཞིང་སྡེ་དར་སྤེལ་གཏོང་དགོས། འཛམ་གླིང་ཐོག་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཐོག་ནས་བལྟས་ན། ཞིང་ལས་ཀྱི་གཞི་རྩ་བརྟན་སྲུང་དང“ཞིང་གསུམ”གྱི་རྨང་གཞི་ཡག་པོར་སྲུང་རྒྱུ་ནི་འགྱུར་ལྡོག་དང་བསྟུན་པ་དང་། མགོ་གསར་པ་རྩོམ་པའི་རྨང་རྡོ་ལྟ་བུ་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྒྲིག་འཛུགས་བྱས་ཏེ་འཐབ་ཇུས་ཀྱི་གཞི་གནས་དེ་ནང་མཁོ་རྒྱ་བསྐྱེད་པའི་སྟེང་དུ་བཞག་ཡོད་པས། ཞིང་སྡེ་ལ་བར་སྟོང་ཆེན་པོ་དང་མདུན་ལམ་ཆེན་པོ་ཡོད་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་བཤད་རྒྱུར། ཞིང་ལས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན། རྩ་བ་བརྟན་ན་རྒྱལ་ཁབ་བདེ། ང་ཚོས་དོན་དངོས་ཀྱི་ལོ་རྒྱུས་ཆེན་པོའི་ལྟ་བར་བརྟེན་ནས་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ལ་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།“ཞིང་གསུམ”གནད་དོན་ལ་གོ་བ་ཟབ་མོ་བླངས་ན་ད་གཟོད་ང་ཚོའི་ཏང་དང་རྒྱལ་ཁབ། མི་རིགས་བཅས་ལ་གོ་བ་སྔར་ལས་ལེགས་པོ་ལེན་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་དང་ཆེས་ལྗིད་རྫོབ་ཆེ་བའི་ལས་འགན་སྔར་བཞིན་ཞིང་སྡེ་རུ་ཡོད་པ་དང་། ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞི་ནི་སྔར་བཞིན་ཞིང་སྡེ་རུ་ཡོད་པ་ངེས་པར་ཤེས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་རྗེས། ཞིང་སྡེ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དེ་ནི“ཞིང་གསུམ”བྱ་བའི་གཙོ་གནད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྤོ་བསྒྱུར་རེད། མཐའ་གཅིག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བརྟན་སྲུང་བྱེད་ན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་ཞིང་སྡེ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། བྱ་བ་དམ་འཛིན་དང་སྲིད་ཇུས་ཤེས་རྟོགས་བྱེད་དགོས། ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡང་བསྐྱར་དབུལ་པོ་འབྱུང་སླ་བའི་མི་གྲངས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པ། གཙོ་བོ་ཡོང་འབབ་ཀྱི་ཆུ་ཚད་ལ་འགྱུར་ལྡོག་དང“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”སྲ་བརྟན་དུ་བཏང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་གནད་ཁེལ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས།

དབུལ་ཐར་ས་ཁུལ་གྱི་ཐོན་ལས་ལ་མུ་མཐུད་དུ་རོགས་སྐྱོར་བྱས་ནས་ལག་རྩལ་དང་སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཐོན་ལས་རིམ་སྤར་དང་རིམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཡུལ་གཞན་ལ་གནས་སྤོར་བྱས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་སྡེབ་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་དོ་དམ་ལེགས་པོར་སྒྲུབ་པ་བཅས་ཀྱིས་གནས་སྤོར་མང་ཚོགས་སྡོད་ཐུབ་པ་དང་ལས་བཏོད་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཡོང་བ་བཅས་ཁག་ཐེག་བྱེད་དགོས། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་རྗེས། དབུལ་ཕོངས་རྫོང་དབུལ་ཕོངས་ལས་ཐར་བའི་ཉིན་ནས་བཟུང་སྟེ། ལོ5ཡི་རིང་ནི་བར་བརྒལ་དུས་སྐབས་ལ་ཐག་བཅད་ཡོད། བར་བརྒལ་དུས་སྐབས་ནང་གཙོ་བོ་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རྣམས་རེ་རེ་བཞིན་རིགས་དབྱེ་ལེགས་སྒྱུར་ལེགས་སྒྲིག་བྱེད་པ་དང་། སྙོམས་སྒྲིག་གི་མྱུར་ཚད་དང་ཤུགས་ཚད། དུས་བཅད་བཅས་ལུགས་མཐུན་དམ་འཛིན་བྱས་ཏེ། གཅིག་བསྡུས་ཐོན་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པ་ནས་ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་དང་། བརྟན་འཇགས་ངང་བར་བརྒལ་ཡོང་བར་སྐུལ་འདེད་གཏོང་བ་རིམ་བཞིན་མངོན་འགྱུར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ལོ་རེར་དམ་འཛིན་བྱེད་དགོས། རྨོ་ཞིང་མུའུ་དུང་ཕྱུར18ཀྱི་དམར་ཐིག་ནན་སྲུང་བྱེད་པ་དང་། སོ་སྐྱེས་པ་ལྟ་བུའི་བྱེད་ཐབས་བཙན་པོ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱས་ནས་ཐན་ཞོད་ཅི་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་མཐོ་བརྟན་པོ་ཡོང་བར་བྱེད་དགོས། ས་ནག་སྲུང་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས། ས་ནག་བཀོལ་སྤྱོད་དང་གསོ་སྐྱོང་བཟང་པོ་བྱེད་དགོས། ཞིང་ལས་ཚན་རྩལ་ཐད་ནས་རང་ཚུགས་རང་སྤེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཀྱི་གནད་འགག་དང་ལྟེ་བའི་ལག་རྩལ་མཁྲེགས་གཏོར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། ཞིང་པའི་འབྲུ་རིགས་འདེབས་པའི་བརྩོན་སེམས་སྐུལ་སློང་བྱེད་པ་དང་། འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་འཇགས་དང་ཤུགས་སྣོན་རྒྱག་པ། གསོག་ཉར་སྙོམས་སྒྲིག་གི་ནུས་པ་མཐོར་འདེགས་གཏོང་བ། རིན་གོང་དམའ་བའི་སྒོ་ནས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མ་རྩ་དང་ཡོང་སྒོའི་འགན་བཅོལ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་འཐུས་ཚང་དུ་གཏོང་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཡོང་བའི་ཆབ་སྲིད་འགན་འཁྲི་ཁུར་ཏེ།ཏང་སྲིད་འགན་འཁྲི་གཅིག་གྱུར་ལག་བསྟར་བྱེད་པ་དང་། “འབྲས་ཁུག”ལ་ཧྲིན་ཀྲང་གིས་འགན་འཁུར་བ་དང་། ཧྲུའུ་ཅིས་ཀྱང་འགན་འཁུར་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། ས་བོན་སྤུས་ལེགས་གསོ་སྐྱོང་དང་སྤུས་ཚད་མཐོར་འདེགས། ཆས་རྟགས་བསྐྲུན་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས། ཕག་གསོའི་ཐོན་སྐྱེད་སླར་གསོ་འབྱུང་བ་བསྟུད་མར་དམ་འཛིན་བྱས་ནས།ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཕྱི་རུ་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས། བཟའ་བཏུང་ཆུད་ཟོས་གཏོང་བ་བཀག་འགོག་ནན་མོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཟབ་ཚད་དང་རྒྱ་ཆེ་ཚད། དཀའ་ཚད་བཅས་དབུལ་ཐར་མཁྲེགས་གཏོར་ལས་མི་ཞན་ལ། ངེས་པར་དུ་སྟེང་གི་ཇུས་འགོད་ལ་ཤུགས་བསྣན་ནས། སྔར་ལས་ཤུགས་ཆེ་བའི་བྱེད་ཐབས་དང་སྔར་ལས་དྲག་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐུལ་འདེད་བྱེད་དགོས། གཅིག་ནས་མགྱོགས་མྱུར་ངང་ཞིང་སྡེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་པ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ། ཐོན་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཁེ་ཕན་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་པར་སྔར་ལས་མང་བའི་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཁེ་སྤོགས་མཉམ་སྤྱོད་བྱེད་དུ་འཇུག་དགོས། གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པ། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཞིང་སྡེའི་གོམས་སྲོལ་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། གསུམ་ནས་ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཛེར་མ་རྡེབ་པའི་སྙིང་སྟོབས་ཀྱིས་ཞིང་ལས་ཀྱི་གནས་ངེས་མེད་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། ས་རྒྱུ་སྦགས་བཙོག་དང་ས་འོག་གི་ཆུ་ཚད་བརྒལ་རྐོ་འཐེན་བྱེད་པ། ས་ཆུ་ཤོར་བ་སོགས་ཀྱི་བཅོས་སྐྱོང་དང་སླར་གསོར་ཤུགས་སྣོན་པ་བཅས་བྱེད་དགོས། བཞི་ནས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མགྱོགས་མྱུར་ངང་ཞིང་སྡེ་ཡི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལས་རིམ་བཅོས་བསྒྱུར་ལ་ཤུགས་སྣོན་པ། ཞིང་སྡེའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ། བཅོས་བསྒྱུར་ལ་མུ་མཐུད་དུ་ཐོད་རྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས། ལྔ་ནས་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཞིང་སྡེ་རུ་འཇོག་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་གྱི་ཐད་མུ་མཐུད་དུ་ཤུགས་འདོན་པར་སྐུལ་འདེད་གཏོང་བ། སྤྱི་ཕན་རང་བཞིན་དང་མཐིལ་བརྟོལ་རང་བཞིན། རྨང་གཞི་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་གཙིགས་འཛིན་དང་ཤུགས་སྣོན་དགོས། རྒྱུན་མཐུད་ངང་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པ་དང་། སྤྱོད་ཁང་ལེགས་བསྒྱུར་དང་བཙོག་ཆུ། གད་སྙིགས་ཐག་གཅོད་བྱེད་པ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས། ཞིང་སྡེའི་སྒྲིག་བཀོད་རིགས་དབྱེ་ལུགས་མཐུན་སྒོས་གཏན་འཁེལ་བྱེད་པ་དང་། སྲོལ་རྒྱུན་སྡེ་བ་དང་ཞིང་སྡེ་ཡི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་སྲུང་སྐྱོབ་གཙིགས་སུ་འཛིན་པ། རིགས་དབྱེ་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་བྱེད་དགོས། དྲུག་ནས་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་མངོན་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་གནས་སྤོར་མི་གྲངས་སྡོད་དམངས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས། རྫོང་གི་ཁྱབ་ཁོངས་དེ་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཇུག་སྒོ་གལ་ཆེན་དུ་བརྩི་བ་དང་། རྫོང་རིམ་པར་ཐོན་ཁུངས་མང་པོ་ཧྲག་སྡེབ་བེད་སྦྱོད་བྱེད་པའི་རང་བདག་དབང་ཆ་སྤྲོད་པ་དང་། རྫོང་མཁར་གྱི་སྣ་འཛོམས་ཞབས་ཞུའི་ནུས་པར་ཤུགས་སྣོན་བྱེད་དགོས། བདུན་ནས་ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། མགྱོགས་མྱུར་ངང་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་ཞིང་སྡེ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་དང་། གཏིང་ཟབ་པའི་སྒོ་ནས་བདེ་འཇགས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད། ཞིང་སྡེ་བཅོས་སྐྱོང་གི་རྣམ་པ་གསར་གཏོད། ཞིང་སྡེ་ལེགས་སྐྱོང་གི་ཆུ་ཚད་མཐོར་འདེགས་བཅས་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་དངོས་འབེབས་བྱེད་པ། སྔར་ལས་ཤུགས་ཆེན་པོས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་སེམས་ཤུགས་གཙོ་བོ“ཞིང་གསུམ”བྱ་བའི་ཐད་བཀོལ་བ་དང་། ཞིང་སྡེ་དར་སྤེལ་གྱི“སྤྱིའི་བཀོད་འདོམས་པ་དང་པོ”ལེགས་པོ་ཞིག་བྱེད་དགོས། ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཆུང་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་།ཁྱད་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། གཞི་རིམ་ནན་འཛིན་དང་། རྨང་གཞི་སྟོབས་པ། གཞི་རྩ་བརྟན་པ་བཅས་ཀྱི་བྱ་བའི་ཁྲིད་ཕྱོགས་འབུར་དུ་ཐོན་དགོས། ཐོན་ཁུངས་རིགས་སོ་སོ་གཞི་རིམ་ལ་འབབ་པར་སྐུལ་འདེད་དང་། གཞི་རིམ་ལས་མིའི་ལས་སྒོ་གསར་སྤེལ་ལ་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། ནུས་པའི་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་གྱི་ཉམས་སད་ཐེག་ཐུབ་པའི་ཞིང་སྡེ་དར་སྤེལ་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པ་དང་། ཕུལ་བྱུང་ལས་བྱེད་པ་སྐོར་ཞིག་ཞིང་སྡེ་དར་སྤེལ་གཏོང་བའི་ལས་རྐང་དང་པོར་བདམས་མངག་བྱས་ཏེ། ཞིང་སྡེ་དར་སྤེལ་གཏོང་བ་དེ་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ཁོད་ཡངས་གར་སྟེགས་བྱེད་དགོས། ལས་རིགས་སོ་སོའི་འཇོན་མི་བསྡུ་ལེན་བྱས་ནས་ཞིང་སྡེ་དར་སྤེལ་ཁྲོད་བྱས་རྗེས་འཇོག་པ་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱེད་དགོས།

ལི་ཁེ་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་ལ་སྤྱི་སྡོམ་བྱས་པ་དང་།

“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་སྤུས་ཚད་མཐོན་པོ་དང་ཕན་འབྲས་མཐོན་པོ།ཞིང་སྡེ་བདེ་སྡོད་ལས་འཚམ་དང་ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ནས་མགོ་བརྩམས་ཏེ། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་དང་། མགྱོགས་མྱུར་ངང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་བསྒྱུར་བའི་གནད་ཆེའི་དོན་སྙིང་དང་མཛུབ་སྟོན་བསམ་བློ། སྤྱིའི་བླང་བྱ་བཅས་འཆད་འགྲེལ་གསལ་པོ་གནང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་གནད་ཆེའི་གཞུང་ལུགས་རབ་དང་རིམ་པ་དང་ལག་ལེན་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ། དེ་ནི་བསམ་བློ་སྔར་ལས་གཅིག་གྱུར་དང་སྟོབས་ཤུགས་སྔར་ལས་གཅིག་སྡུད།དུས་རབས་གསར་པའི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པ་བཅས་ལ་ཧ་ཅང་གལ་ཆེ་བའི་མཛུབ་སྟོན་གྱི་དོན་སྙིང་ལྡན། ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས། བྱ་བའི་དངོས་ཡོད་དང་སྦྱར་ནས་ཐོག་མར་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གཏོང་བ་ལྟེ་བར་འཛིན་པ་དང་། ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ། མགྱོགས་མྱུར་ངང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བ། ད་ལོ་དང“ལྔ་བཅུ་བཞི”སྐབས་ཀྱི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་ལེགས་པོ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་སྤྱི་སྡོམ་གསུང་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་འགུལ་སྐྱོད་རྩ་འཛིན་དང་གཞི་རྩའི་སྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བའི་འཆར་འགོད་དམ་འཛིན་བྱེད་པར་སྐུལ་འདེད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་ཞིང་སྡེ་དར་སྤེལ་གཏོང་བར་སྦྲེལ་མཐུད་ལེགས་པོ་བྱེད་པ། འབྲུ་རིགས་དང་གནད་ཆེའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁོ་འདོན་དམ་འཛིན་བྱེད་པ། མགྱོགས་མྱུར་ངང་ཞིང་སྡེའི་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་བ། དེང་རབས་ཞིང་ལས་འཕེལ་རྒྱས་རྨང་གཞིའི་རྩ་བ་བརྟན་པོར་གཏོང་བ། མཐའ་གཅིག་ཏུ་འདེབས་འཛུགས་ལས་རིགས་སླར་གསོའི་དམག་འཐབ་ལེགས་པོ་རྒྱག་པ། ཕྱོགས་ཡོངས་ནས་ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་མགོ་རྩོམ་པ། རྫོང་གི་ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས《ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས་མགྱོགས་མྱུར་ངང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་སྐོར་གྱི་བསམ་འཆར།(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།