སེམས་ཤུགས་གཅིག་ཏུ་སྒྲིལ་ནས“རྒྱལ་ཁ་གཉིས”བརྩོན་ལེན་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
2021.01.13 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 20

--ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་ཐོག་བསྟན་དོན། གློ་བུར་དུ་བྱུང་བ་དང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག མི་དམངས་གཙོ་བོ་ཡིན་པ་དང་། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། བཀག་འགོག་དམག་འཐབ་བཅས་གང་མགྱོགས་བརྒྱབ་སྟེ། རྒྱལ་ཡོངས་སུ་ཆེས་སྔ་མོར་ནད་རྟགས་གཏན་འཁེལ་བྱས་པ་དང་། འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ། རིམས་ནད་བྱུང་བའི་ས་ཁུལ་དུ་དུག་སེལ་བྱེད་པ། གཙོ་གནད་རིམས་འགོག་ཁུལ་དང་། གཙོ་གནད་མ་ཡིན་པའི་རིམས་འགོག་ཁུལ་དུ“གཙང་སེལ་ལྔ”མངོན་འགྱུར་ཡོང་བར་བྱས་ནས། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་འཐབ་རྩོད་བྱས་པར་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ལེན་པའི་ཐད་མཚོ་སྔོན་གྱིས་བྱས་རྗེས་ཕུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བྱས། “བརྟན་འཇགས་དྲུག”གི་བྱ་བ་ནན་ཏན་གྱིས་སྒྲུབ་པ་དང་།“འགན་སྲུང་དྲུག”གི་ལས་འགན་དངོས་འབེབ་བྱས་ཏེ། ལས་ཐོན་བསྐྱར་ཚུགས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། དཔལ་འབྱོར་བརྟན་འཇགས་ཀྱིས་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་གྲུབ་ཚུལ་མགྱོགས་མྱུར་སྒོས་ཇེ་ལེགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྒོས་རྒྱུན་མཐུད་བྱེད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་འཇགས་སུ་གཏོང་བ། ནུས་ལྡན་གྱི་སྒོ་ནས་དམངས་ཚིས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དཀའ་ངལ་གྱི་ཁྲོད་ནས་རིམ་གྱིས་སླར་གསོ་དང་འཕེལ་རྒྱས་བྱུང་།

ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། རིམས་ནད་སྔོན་འགོག་གི་རླབས་ཆེན་སྙིང་སྟོབས་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”མཇུག་བསྡུ་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་རྩོམ་པའི་ཕྱོགས་སུ་བསྒྱུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་བསྐྱོད་ལམ་བུ་གསར་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས་མགོ་མཇུག་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱས་ཏེ“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་འབུལ་རྒྱུ་ཡིན་ཟེར།

མགོ་མཇུག་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་ནན་མོ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་སྐུལ་འདེད་བཏང་སྟེ། ཕྱི་ནས་ནང་ལ་ཡོང་བ་འགོག་པ་དང་ནང་ནས་མཆེད་པ་འགོག་པའི་བྱ་བ་དེ་ལྷོད་གཡེང་དུ་མི་གཏོང་བར་ཚད་མཐོན་པོས་དོགས་ཟོན་བྱེད་པ་དང་། མགོ་ནས་མཇུག་བར་ཞིབ་ཚགས་ཀྱིས་དམ་འཛིན་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཀྱི་སྲུང་སྐྱོབ་མཁན་ལྟ་བུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཁས་ལེན་བྱས་པ་དང་། དེ་ནི་ང་ཚོ་རིམས་ནད་ཚོད་འཛིན་བྱེད་མཁན་ཞིག་ལ་མཚོན་ནས་བཤད་ན་གཟེངས་བསྟོད་དང་་སྐུལ་ལྕག་ཆེན་པོ་ཞིག་རེད་ཅེས་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོས་ནད་ཁང་མྱུར་བའི་རང་བཞིན་གྱི་འགོས་ནད་འགོག་པའི་ཚན་ཁག་གི་འགོ་གཙོ་གཞོན་པ་ཚའོ་ཧའེ་ལེན་གྱིས་དེ་ལྟར་བཤད། རིམས་ནད་བྱུང་བའི་དུས་འགོར། མྱུར་བའི་རང་བཞིན་གྱི་འགོས་ནད་འགོག་པའི་ཚན་ཁག་གི་ལས་བྱེད་མི་སྣ་ཡོངས་ཀྱིས་ཉིན་མཚན་མེད་པར་བྱ་བ་བསྒྲུབ་ནས་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་བཟོས་པ་དང་། དུས་ཚོད་དང་པོའི་ནང་པྲོག་གསར་གློ་ཚད་རིམས་ནད་ཀྱི་རིགས་སོ་སོར་བརྟག་དཔྱད་རེའུ་མིག་བཟོས་ནས་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ཉེན་ཁའི་སྐོར་ལ་དཔྱད་འཇོག་བྱས་ཏེ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོས་ཤིང་། གོ་རིམ་ཡོད་པའི་སྒོ་ནས་ཉེན་ཁ་ཆེ་བའི་མི་ཚོགས་ལ་ཞིབ་བཤེར་དང་རིམས་ནད་བྱུང་བའི་གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་པའི་བྱ་བ་སྤེལ། ཚའོ་ཧའེ་ལེན་གྱིས་བཤད་རྒྱུར། གུང་ཁྲན་ཏང་ཡོན་ཞིག་དང་། སྨན་བཅོས་བྱ་བ་སྒྲུབ་མཁན་ཞིག  རིམས་ནད་ཚོད་འཛིན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་མདུན་དུ་བསྐྱོད་པ་དང་། ལས་འགན་ལྕི་མོ་ཕྲག་ཏུ་ལེན་པ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་ནི་ངའི་གདམ་ག་གཅིག་པུ་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབ་བཟང་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་རྒྱག་པར་གྲ་སྒྲིག་བྱས་ཏེ། ཚན་རིག་ལྟར་གོ་རིམ་ཡོད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན་ཟེར།

མེ་འཁོར་འབབ་ཚུགས་ནི་གྲོང་ཁྱེར་གྱི་སྦྲེལ་ཐག་གལ་ཆེན་ཞིག་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་སྤྱོད་འདུ་གནས་གལ་ཆེན་ཞིག་ཀྱང་ཡིན། 2020ལོའི་ཟླ་དང་པོ་ནས་ད་ལྟའི་བར་དུ། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཧུར་ཐག་གིས་དངོས་འབེབ་བྱས་ཏེ། རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་དྲིལ་སྒྲོག་ལས་རོགས་པ་ལིག་རོས་ཡིས་བཤད་རྒྱུར། སྟོན་དུས་དང་དགུན་དུས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཛ་དྲག་ཆེ་བར་དམིགས་ནས། ང་ཚོ་མེ་འཁོར་འབབ་ཚུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང་ཆེད་མངགས་ཀྱི་འཕྲལ་སྡོམ་ཐབས་ཇུས་ཀྱང་བཟོས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་པ་དང་། མུ་མཐུད་དུ་ལས་གནས་བརྟན་སྲུང་དང་། འགན་འཁྲི་ཡག་པོར་འཁུར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས་སུ། དྲ་རྒྱའི་སྟེགས་བུ་བཀོལ་སྤྱོད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ལ། སྔོན་ལ་མེ་འཁོར་གཏོང་ཐེངས་ཀྱི་ཆ་འཕྲིན་བསྒྲགས་ནས་རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་དང་། ཟི་ལིང་གི་འཇུག་སྒོ་ཡག་པོ་བསྲུངས་ནས་ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

བརྟན་འཇགས་ཀྱི་ཁྲོད་ནས་ཡར་ཐོན་བརྩོན་པ་དང་། “བརྟན་འཇགས་དྲུག”གི་བྱ་བ་བཟང་བོར་སྒྲུབ་ནས“འགན་སྲུང་དྲུག”གི་ལས་འགན་དངོས་འབེབ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། དཔལ་འབྱོར་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་བྱས་ཏེ། བསྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་པའི་བྱ་བ་སྤྱི་རྒྱུན་འཁྱོངས་བྱས་པ་དང་། “བརྟན་འཇགས་དྲུག”གི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པ་དང་།“འགན་སྲུང་དྲུག”གི་ལས་འགན་དངོས་འབེབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་མཐོར་འདེགས་གཏོང་དགོས།

ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས‘བརྟན་འཇགས་དྲུག’གི་བྱ་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ‘འགན་སྲུང་དྲུག’གི་ལས་འགན་དངོས་འབེབ་བྱ་རྒྱུ་ཡིན་ཞེས་ཡུན་མཱ་སྲང་ལམ་ཤར་གྱི་སྲང་ལམ་སྡོད་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀོན་ལི་ཕིང་གིས་དེ་ལྟར་བཤད་པ་དང་། སྡོད་ཁུལ་གྱིས་ཏང་གི་དམངས་ཕན་སྲིད་ཇུས་དངོས་འབེབ་དང་། རྒན་གསོ། ཉམས་ཐག་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། མིག་སྔར་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོའི་དོན་སྙིང་གལ་ཆེན་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། བྱ་བའི་གོ་རིམ། འདེམས་མིའི་ཚད་གཞི། སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། སྐབས་བརྗེའི་ཐོག་ནས་“ཕུལ་བྱུང་གསུམ་དང་གོ་ཆོད་གསུམ”གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་དངོས་འབེབ་སྔར་ལས་བཟང་པོ་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་སྔར་ལས་མང་པོའི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་སོགས་མྱོངས་སུ་འཇུག་དགོས།

མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོ་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཚེ་རིང་ཐར་གྱིས་བཤད་རྒྱུར།  ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལྟར། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་ནང་དོན་རྒྱུན་འཁྱོངས་དང་། འདེབས་གསོ་བྱ་བ་དེ་དེང་རབས་གསོ་སྤེལ་ཐོན་ལས་མ་ལག་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། དེང་རབས་ཀྱི་ཁྱིམ་ཚང་ཕྱུགས་ར་དང་སྡེ་བ་རིམ་པའི་ནོར་ལུག་ཚོ་གསོ་ཚད་ལྡན་ཅན་གྱི་གསོ་སྤེལ་ལས་རིགས་གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱས་ཏེ། ཕན་ཚུན་རོགས་རེས་ཀྱི་འཕེལ་རྒྱས་རྣམ་པ་བཟང་པོ་ཞིག་ཆགས་པ་དང་། ‘བརྟན་འཇགས་དྲུག’གི་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་ནས‘འགན་སྲུང་དྲུག’གི་ལས་འགན་དངོས་འབེབ་བྱེད་རྒྱུ་ཡིན། དེ་དང་ཆབས་ཅིག་ སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དམངས་ཚིས་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཐད་ཤུགས་གཅིག་ཏུ་བསྡུས་ནས་ཞིང་སྡེའི་འཕེལ་རྒྱས་ལ་གཅིག་འདོམས་སྒོས་སྐུལ་འདེད་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཤུགས་ཆེན་པོས་ཡར་སྐུལ་གཏོང་བ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་མུ་མཐུད་དུ་རྒྱུན་སྲུང་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་གྱི‘རྒྱལ་ཁ་གཉིས’ཐོབ་པར་རམ་འདེགས་བྱས་ཡོད་ཅེས་བཤད།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ལྟ་སྐུལ་ཚན་ཁག་གི་ལས་བྱེད་པ་ཕིན་མེ་ཧུང་གིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་། སྟོབས་དང་ལྡན་པའི་རྣམ་འགྱུར་ལ་སྐུལ་འདེད་གཏོང་བ། རིམ་པ་སོ་སོའི་ལས་བྱེད་པས་འགན་འཁྲི་འཁུར་བར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་རྩ་འཛུགས་ཀྱི་སྐུལ་ལྕག་དང་ལྟ་སྐུལ་ཚོར་དུ་འཇུག་པ་དང་། གཞི་རིམ་མང་ཚོགས་ལ་ལས་བྱེད་པས་འགན་འཁྲི་འཁུར་བ་ལས་བྱུང་བའི་འགྱུར་ལྡོག་དང་གྲུབ་འབྲས་ཚོར་དུ་བཅུག་ནས“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས།

དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བརྟན་བརླིང་དང་གོ་རིམ་ལྡན་པར་བྱས་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་མཚོ་སྔོན་གསར་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་རབས་གསར་པ་དང་མཚོ་སྔོན་གསར་པའི་འབད་འབུངས་ཡར་བརྩོན་གྱི་ལེའུ་ཆ་ཚང་ཞིག་རྩོམ་དགོས།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སྨན་རྫས་ཞབས་ཞུ་དོ་དམ་ཁང་གི་འགོ་གཙོ་གཞོན་པ་ཡན་མེན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དངོས་འབེབ་བྱེད་པ་དེ་མིག་སྔའི་སྨན་བཅོས་འགན་སྲུང་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱིས་སྨན་བཅོས་འགན་སྲུང་གི་བྱ་བ་སོ་སོར་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དབུལ་ཐར་མཁྲེགས་གཏོར། ཐེབས་རྩའི་བདེ་འཇགས། སྨན་རྫས་ཞབས་ཞུ། སྨན་རྫས་ཉོ་བསྡུ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། འབུར་དུ་བཏོད་པའི་གནད་དོན་ལ་དམིགས་པ་དང་བྱེ་བྲག་གི་བྱ་བ་ནས་དམ་འཛིན་བྱེད་པ། བརྟན་འཇགས་ཁྲོད་ནས་ཡར་རྒྱས་བརྩོན་པའི་བྱ་བའི་ནང་དོན་རྒྱུན་འཁྱོངས་བྱེད་པ།  བརྟན་འཇགས་དྲུག་གི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་མཐོར་འདེགས་དང་།‘ལོ་ལྔའི་འཆར་འགོད་བཅུ་བཞི་བའི’སྨན་བཅོས་ཉེན་ཚབ་འཆར་འགོད་བཟང་བོར་སྒྲུབ་ནས་སྨན་བཅོས་འགན་སྲུང་ལས་དོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་གཏོད་བྱ་རྒྱུ་ཡིན་ཞེས་བཤད།

ཟི་ལིང་གྲོང་ཁྱེར་ཚང་མིན་སྲང་ལམ་ཏང་ཨུ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། དོན་གཅོད་ཁང་གི་ཀྲུའུ་རིན་ཡཱང་ཡཱ་ཆིན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་འཚོགས་པ་དེས་ང་ཚོས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་བསྐྱོད་ལམ་བུ་གསར་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་། ང་ཚོས་ཀྱང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་དམ་པོར་འབྲེལ་ཏེ། གཞི་རིམ་བཅོས་སྐྱོང་གི་ཕྱོགས་གང་ཅི་ཐད་ཀྱི་བྱ་བ་སོ་སོ་བཟང་བོར་སྒྲུབ་ནས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཏང་གཤིས་ཀྱི་གོ་རྟོགས་ལ་བརྟེན་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཆེས་སེམས་ཁུར་བྱེད་དགོས་པའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། ལྗང་མདོག་དང་། འཕེལ་རྒྱས། བདེ་སྐྱིད་ལྡན་པའི་ཟི་ལིང་ཞིག་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཞེས་བཤད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་རྩི་ཀོར་ཐང་མངགས་གཏོང་ཁང་གི་འགོ་གཙོ་ཞའེ་ཡོན་ཧྲན་གྱིས་བཤད་རྒྱུར། གཞི་རིམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཁྲོད་ལག་བསྟར་བྱེད་པ་དང་། ཉེན་རྟོག་པ་མང་པོ་ཁྱིམ་ཚང་དུ་བསྐྱོད་པའི་བྱེད་སྒོ་དང་འབྲེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་གཙོ་བོ་ཡིན་པའི་འདུ་ཤེས་བཅངས་ཏེ། རང་ཉིད་ཀྱི་ལས་རྐང་སྟེང་ལག་ལེན་བྱེད་པ་དང་། སྤྲོ་སེམས་འཁོལ་བ། བློ་སྤོབས་ལྡན་པ། དངོས་གཉེར་གྱི་བྱ་སྤྱོད་ལྡན་པའི་སྟེང་འབད་བརྩོན་ཆེན་པོས་མང་ཚོགས་ཀྱི་བདེ་འཇགས་ཚོར་བ་དང་། ཡིད་ཚིམས་ཚད་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

མིག་སྔར། འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ལ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་རྒྱུ་དེ་འགོ་འཛུགས་ས་གསར་བ་ཞིག་ཏུ་འགྲེངས་ཡོད། ཚང་མས་གཅིག་རྗེས་གཅིག་མཐུད་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག མཐོ་ས་ནས་རྒྱང་རིང་ལ་ལྟ་བ་དང་། སྒོ་འབྱེད་པར་གདེང་ཚོད་ཡོད་པ།། མཐུན་སྒྲིལ་ལྡན་པའི་སྒོ་ནས་ཡོད་ཚད་འབུལ་བ། མུ་མཐུད་དུ་འབད་བརྩོན་བཅས་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྔར་ལས་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས་ཞེས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།