ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 76

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནི་དུས་རབས་གསར་པའི་མཚོ་སྔོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྟེང་བཏོན་པ་ལྟར་ན། དེང་རབས་ཅན་ནི་རྒྱ་ཆེ་བའི་མི་དམངས་ཀྱི་དེང་རབས་ཅན་ཡིན་ལ། མི་རེ་རེའི་དེང་རབས་ཅན་ཡང་ཡིན་པས། མི་ཚང་མས་དེང་རབས་ཅན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གིས་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།

མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་ལ་མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡང་ཡིན། མིག་སྔར། མཚོ་སྔོན་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་མཐུན། མི་དམངས་བདེ་སྡོད་ལས་བརྩོན། སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་ལོ་རྒྱུས་ཀྱི་ཆེས་བཟང་པོའི་དུས་སྐབས་སུ་སླེབས་ཡོད། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བརྒྱུད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་མི་རིགས་ས་ཁུལ་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ཐོག་ནས་མི་རིགས་མཐུན་སྒྲིལ་ནི་རྩྭ་ཐང་གི་ཉི་འོད་དང་སྔོ་ལྗང་གི་གངས་ཆུ། ཞིང་སྡེའི་བསིལ་རླུང་བཅས་དང་འདྲ་བར་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་དང་མི་དམངས་བདེ་སྐྱིད་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོའི་མི་རིགས་གཅིག་ཀྱང་མེད་མི་རུང་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དེ་བས་ཀྱང་མི་རིགས་གཅིག་ཀྱང་མེད་མི་རུང་།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་རིམ་པས“སྣ་མང”དང“གཞི་གཅིག”གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་།“སྣ་མང”ལ་བརྩི་འཇོག་བྱེད་དགོས་ལ“གཞི་གཅིག”ལ་དེ་བས་ནན་བཤད་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི“སྣ་མང་གཞི་གཅིག”ལས“གཞི་གཅིག”ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས། མཛེས་སྡུག་ལྡན་པའི་འཚོ་བ་འཚོལ་ཞིབ་བྱེད་པའི་བགྲོད་ལམ་སྟེང་། ང་ཚོས་རྩ་བ་དང་རྩ་བར་གྱུར་པའི་རིག་གནས་ཀྱི་སྲོག་རྩ་དང་། ཁྲག་དང་མེ་ཡི་གསར་བརྗེའི་དྲན་ཤེས། སྟོབས་ཆེའི་ལོ་རྒྱུས་ཀྱི་ལས་འགན་བཅས་བློ་ལ་བརྟན་པོ་ངེས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ནི་ཅི་ཞིག་ཡིན་པ་ཤེས་རྟོགས་བྱེད་དགོས་པ་མ་ཟད། ད་དུང་བློ་བརྟན་འགྱུར་མེད་ངང་འདུ་ཤེས་དེ་གཏིང་ཟབ་ཏུ་བཏང་ནས་རྒྱུན་ཆད་མེད་པར་མདུན་སྐྱོད་དང་ཡར་རྒྱས་འགྲོ་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

མཚོ་སྔོན་གྱི་མི་རིགས་སོ་སོའི་མཐུན་སྒྲིལ་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་འཛིན་དུ་འཇུག་པར་སློབ་གསོ་དང་སྐུལ་ཁྲིད་བྱས་ཏེ། རྒྱལ་གཅེས་ཀྱི་སེམས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་བཅས་ཀྱི་བྱ་སྤྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འབད་འཐབ་རླབས་པོ་ཆེའི་ཁྲོད་དུ་འདྲེས་པར་བྱས་ནས། རང་ཉིད་ཀྱི་ལས་དབང་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་དམ་པོར་འབྲེལ་ཏེ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་དགའ་ཞེན་གྱི་བརྩེ་སེམས་དང་དད་མོས་ཀྱི་སྟོབས་ཤུགས་དེ་བླ་སྲོག་དང་ཁྲག་རྒྱུན་ནང་མཉམ་འདྲེས་བྱས་ཏེ། ཐུན་མོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་གཏོད་དགོས།

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད། འདི་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་ཡིན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ་ལས་དོན་སྣ་ཚོགས་ཡག་པོར་བསྒྲུབ་པ་དང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་སྔར་ལས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་བས་ལས་སྐལ་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།