རླུང་འཁོར་ཆེན་མོས་མཚོ་ལྷོའི་དཔལ་འབྱོར་ལ་གསོན་ཤུགས་བསྩལ།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 26

 ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་གཞི་རིམ་དུ་ལག་བསྟར་བྱས་པ།

ཉེ་ལམ། ཉིན་གསར་འགོད་པ་“རླུང་འཁོར་གྱི་ཕ་ས”ཞེས་འབོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོར་འགྲོ་དུས།  ལམ་འགྲམ་དུ་རྩེ་མོ་སྤྲིན་པར་ཟུག་པའི་གྲལ་སྒྲིག་པའི་རླུང་འཁོར་ཆེན་མོ་དག་ནི་ཧ་ཅང་བརྗིད་ཉམས་ཆེ་ཞིང་དངོས་གནས་རླུང་འཁོར་གྱི་ཞིང་ཁམས་ཤིག་ཏུ་སླེབས་པ་དང་ཀུན་ནས་མཚུངས། གང་དུ་རླུང་གི་རྒྱུ་བ་ཡོད་ན་དེ་རུ་རླུང་འཁོར་མཐོང་ཐུབ། རླུང་འཁོར་དེ་དག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གི་འོད་སྣང་སྦྱིན་བཞིན་ཡོད་པར་མ་ཟད།  ད་དུང་མཚོ་ལྷོའི་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་ལ་ནུས་པ་ཆེན་པོ་ཐོན་ནས་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྩལ།

གསར་འགོད་པ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་བཟོ་སྒྲུན་འཛུགས་སྐྲུན་ཡན་ལག་ཀུང་སིས་འགན་ཁུར་བའི་མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ་50ཡི་གཅིག་སྡུད་རྣམ་པའི་རླུང་གློག་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་བསྐྱོད་དུས།  ཤོང་ཚད་རྐྱང་བ་ཀྲའོ་ཝ་2.65ཡིན་པའི་རླུང་འཁོར་ཚན་པ་བཅུ་དགུ་ཆོས་རྗེ་རྩྭ་ཐང་དུ་མིག་ལ་གསལ་བོར་སྣང་ཐུབ།

2020ལོའི་ཟླ་12ཚེས་31ཉིན་གྱི་དུས་ཚོད་8དང་སྐར་མ་48ཐོག  མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ་50ཡི་གཅིག་སྡུད་རྣམ་པའི་རླུང་གློག་ལས་གཞི་དྲ་སྦྲེལ་བྱས།  རྨ་ཆུ་ཀུང་སིའི་གློག་ཤུགས་ཀྱིས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་2465ཟིན་པའི་ནང་། འོད་ཤུགས་ཆན་ཝ་ཁྲི་705དང་རླུང་གློག་ཆན་ཝ་ཁྲི་414ཡོད་པ་རེད།  མིག་སྔར་ཀུང་སིའི་ལས་བཟོ་པ་ཚོས་སྔར་བཞིན་གྲང་ངར་ལ་མ་འཛེམ་པར་རང་འགན་གཙང་སྒྲུབ་ཀྱིས་ལས་གནས་ཀྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ཏེ་སྒྲིག་ཆས་ཚོད་ལྟ་དང་སྐོར་གཡེང་ཞིབ་བཤེར་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་ཅེས་ལས་གཞི་དེའི་མགོ་གཙོ་གཞོན་པ་ཀྲུང་ཀྲི་ཆིང་གིས་བཤད།

ལས་གཞི་དེ་ནི2020ལོའི་ཟླ་3པར་ལས་མགོ་བརྩམས། བཟོ་སྐྲུན་ལས་ཡུལ་གྱི་ས་བབ་ཅུང་མཐོ་བ་དང་བཟོ་སྐྲུན་གྱི་ཆ་རྐྱེན་ཞན་པ་བཅས་ཀྱིས་བཟོ་སྐྲུན་བྱ་བ་དཀའ་ངལ་ཅུང་ཆེན་པོར་འཕྲད་ཡོད་མོད། འོན་ཀྱང་ཀུང་སིའི་ལས་བཟོ་བ་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། དམིགས་ཚད་མི་འགྱུར་བ་དང་བྱེད་ཐབས་ལ་ཨང་རྟགས་སྣོན་པའི་དམིགས་ཚད་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། ཚད་བརྒལ་ངང་ཐོན་སྐྱེད་གྲ་སྒྲིག་དང་དཔྱང་འདེགས་ལྷུ་སྒྲིག་ལས་རིམ་ཇེ་ལེགས་སུ་གཏོང་བ། དེ་བཞིན་མི་སྣ་ཇེ་མང་དུ་གཏོང་བ་དང་ལུགས་མཐུན་གྱིས་ཡུལ་དངོས་ཀྱི་བཟོ་སྐྲུན་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། བཟོ་སྐྲུན་གྱི་ལས་ཕྱོད་སྔར་ལས་ཆེ་རུ་ཕྱིན་ཏེ་ལས་གཞི་དེ་བདེ་བླག་ངང་དྲ་སྦྲེལ་བྱས་ནས་ཤར་གཏོང་བྱས་པ་རེད། ཀྲུང་ཀྲི་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་གྱི་ཀྲའོ་ཝ་50ཡི་གཅིག་སྡུད་རྣམ་པའི་རླུང་གློག་ལས་གཞི་ལ་མཚོ་ལྷོ་ཁུལ་གྱིས་ཕུལ་བྱུང་ཀྲའོ་ཝ་50ཡི་ལས་གཞི་ཡང་ཟེར། ང་ཚོས་དུས་རིམ་སྔོན་མར་བརྟག་དཔྱད་བྱས་པ་བརྒྱུད་ཀྲའོ་ཝ་50ཡི་ལས་གཞི་དེ་དག་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལོ་ཧྲིལ་བོར་བེད་སྤྱོད་ནུས་ལྡན་ཐུབ་པའི་དུས་ཚོད་ཀྱི་གྲངས་འབོར་ཅུང་ལེགས་པའི་ས་ཆར་བསྐྲུན་ཡོད། གློག་གཏོང་མགོ་ཚུགས་རྗེས་ལོ་རེར་གློག་གཏོང་ཚད་དུས་ཚོད་ཆན་ཝ་ཁྲི་11099.1ཟིན་གྱི་ཡོད། ལས་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་100ལྷག་ཙམ་འདོན་སྤྲོད་བྱས་པ་དང་། ལས་གཞི་བསྐྲུན་རྗེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཁྲོམ་རའི་གློག་ཤུགས་དགོས་མཁོ་ཡང་སྔར་ལས་ཡག་པོ་བསྐང་ཐུབ་ཅེས་ཀྲུང་ཀྲི་ཆིང་གིས་བཤད།

གླེང་རིན་ཡོད་པ་ཞིག་ནི་ཀུང་སིས་ད་དུང་ཀྲའོ་ཝ་1300ཟིན་པའི་རླུང་གློག་བཟོ་གྲྭའི་འཛུགས་སྐྲུན་ལས་གཞིའི་འགན་འཁུར་ཞིང་། ལས་གཞི་དེ་ནི་མཚོ་སྔོན་ནས་ཧི་ནན་བར་གྱི་ཆན་ཧྥུའུ་མཐོ་བའི་གློག་གནོན་ཐད་རྒྱུག་གློག་གཏོང་བཟོ་གྲྭའི་མ་ལག་ཚང་བའི་གློག་ཁུངས་ལས་གཞི་ཞིག་ཡིན་པ་རེད། བཟོ་སྐྲུན་དེ་2020ལོའི་ཟླ་12ཚེས་30ཉིན་གྱི་དུས་ཚོད་21དང་སྐར་མ་16ཐོག་དངོས་སུ་སྤྱོད་མགོ་ཚུགས་པ་དེ་ནི་འཛམ་གླིང་སྟེང་འོད་ཤུགས་གློག་གཏོང་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བྱེད་པ་དང་། ནུས་རྒྱུ་གཙང་མ་ཡོངས་སུ་བསྡམས་ནས་ཕྱིར་བཏང་བའི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་ཐོག་མ་དེ་ཡིན་པས། མཚོ་སྔོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞིའི་ལེགས་བསྡུས་ཅན་གྱི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་གློག་ཕྱིར་གཏོང་ནུས་པ་ཆེ་རུ་གཏོང་བ། དབུས་རྒྱུད་ས་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་བ། རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་པས། ཀུང་སིས་བཟོ་སྐྲུན་དེ་དངོས་སུ་མགོ་རྩོམ་པར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་ཡོད།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག“དཔལ་འབྱོར་གྱི་རྣམ་པ་རིགས་བཞི”སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང“དཔེ་སྟོན་ཞིང་ཆེན་ལྔ” གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ལྡན་ནུས་ཁུངས་ཐོན་ཁུངས་ལ་དམིགས་ཏེ་དྭངས་གཙང་ནུས་ཁུངས་དེ་མཚོ་སྔོན་གྱི་གསེར་བྱང་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་ཀྲི་ཆིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་མ་འོངས་པར་རང་རེའི་ཁེ་ལས་འཕེལ་རྒྱས་སུ་འགྲོ་བར་ཐབས་ལམ་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཚོ་སྔོན་ས་མཐོར་རྩ་བ་ཚུགས་པ་དང་། ནུས་ཁུངས་གཙང་མའི་ཁྱབ་ཁོངས་ཇེ་ཟབ་ཏུ་གཏོང་བ།  ཆུ་གློག་ཐོན་ལས་ཀྱི་དགེ་མཚན་སྲུང་འཛིན་བྱེད་པ་དང་དུས་མཚུངས་སུ་མཚོ་སྔོན་གྱི་ཆ་རྐྱེན་དང་དགེ་མཚན་ཇེ་ལེགས་སུ་གཏོང་བ། འོད་ནུས་དང་རླུང་ནུས་སོགས་ཀྱི་ནུས་ཁུངས་་གསོག་འཇོག་བྱེད་པ་བཅས་ཐཱན་ཉུང་ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་རྒྱུ་དེ་ཁེ་ལས་གཞན་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་བ་དང་། ནུས་ཁུངས་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་གཙོ་ཤུགས་དམག་ཡག་པོ་ཞིག་བྱས་ནས། སྤུས་ཚད་དེ་བས་མཐོ་བའི་ནུས་ཁུངས་མཁོ་སྤྲོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་ཁྲོད་ཞུགས་རྒྱུར་ནུས་པ་འདོན་དགོས་པར་མ་ཟད། ནུས་ཁུངས་གཙང་མའི་གསེར་བྱང་གི་བཀྲག་མདངས་སྔར་ལས་འོད་དུ་འཚེར་བ་བྱེད་དགོས་ཟེར།

གསར་འགོད་པས་མཚོ་ལྷོ་ཁུལ་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་མཚོ་ལྷོ་ཁུལ་གྱི་དམིགས་བསལ་མཐོ་གནོན་མ་ལག་ཚང་བའི་ནུས་ཁུངས་གསར་པའི་ལས་གཞི་ཕྱོགས་ཡོངས་ནས་དྲ་སྦྲེལ་བྱས་ཤིང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བསགས་འབོར་རླུང་གློག་ལས་གཞི་སྔ་རྗེས་སུ་དྲ་སྦྲེལ་བྱས་པ་དང་ཆབས་ཅིག   མཚོ་ལྷོ་ཁུལ་གྱི་སྐྱེ་ལྡན་ནུས་ཁུངས་སྒྲིག་སྦྱོར་བྱེད་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་1543.6ཟིན་ཡོད་པ་རེད། མཚོ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། མཚོ་ལྷོ་ཁུལ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཀྲེན་ཧྥེ་ཡིས་བཤད་རྒྱུར། ནུས་ཁུངས་གཙང་མའི་ཐོན་ལས་གསར་པ་དེ་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་འཕར་བའི་སྒོ་མོ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྨ་ཆུ་ཀུང་སིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཕུལ་བྱུང་ཀྲའོ་ཝ་50ཡི་ལས་གཞི་འམ་ཡང་ན་ཀྲའོ་ཝ་1300བདམས་ནའང་། མཚོ་ལྷོ་ཁུལ་གྱི་སྐྱེ་ལྡན་ནུས་ཁུངས་སྒྲིག་སྦྱོར་བྱེད་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད།ད་ལྟ་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་ཆན་ཝ་ཁྲི་སྟོང་རིམ་པའི་སྐས་རིམ་དུ་སླེབས་པ་དེས། མཚོ་ལྷོ་ཁུལ་དེ་ཉིད་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གཙོ་ཤུགས་ཀྱི་གཡུལ་ས་ལྟ་བུར་གྱུར་ཡོད་ཟེར།

 ཀྲང་ཀྲེན་ཧྥེ་ཡིས་མུ་མཐུད་བཤད་རྒྱུར། མ་འོངས་པར་མཚོ་ལྷོ་ཁུལ་གྱིས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞིའི་རླུང་ནུས་དང་ཆུ་ནུས། ཉི་ནུས། ས་འོག་ཚ་ནུས་སོགས་ཀྱི་ཐོན་ཁུངས་ཕན་ཚུན་ཁ་གསབ་བྱེད་པའི་དགེ་མཚན་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ།  ཆུ་དང་འོད། རླུང་ནུས་བཅས་ཕན་ཚུན་ཁ་གསབ་བྱེད་པའི་ལས་གཞི་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རང་ཞིང་དུ་ནུས་ཁུངས་ཕན་ཚུན་ཁ་གསབ་དང་འདུས་གྲུབ་ལེགས་སྒྱུར་གྱི་ནུས་ཁུངས་གཙང་མའི་མ་ལག་བསྐྲུན་ནས། ཀྲུང་གོའི་ནུས་ཁུངས་གཞན་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

                                                                       ལོ་ཙཱ་བ། གཡང་འབུམ་རྒྱལ།