བཀྲ་ཤིས་རྒྱལ་གྱིས་ལོ་ལོན་གསུམ་ལ་གཉོར་སྐྱོང་བྱས་པའི་གཏམ་རྒྱུད།
2021.01.24 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 68

ཟླ་བཅུ་གཅིག་པའི་ཟླ་སྟོད་ཀྱི་མཚོ་སྔོན་པོའི་བྱང་འགྲམ་དུ་ཉི་འོད་ཀྱི་དྲོད་ཁོལ་འཛོམས་པ་དང་། ཕྱུགས་རྩྭ་སེར་པོར་གྱུར་ཡོད་ལ། རྩྭ་ཐང་སྟེང་གི་ནོར་ལུག་རྣམས་ཤ་ཤེད་རྒྱས་ཡོད་པ་རེད། གྲུབ་འབྲས་ཀྱིས་གཏམས་པའི་ལོ་ཟླའི་ནང་དུ། བོད་རིགས་ཕོ་རྒོད་ཞིག་གིས་རྒན་མོ་གསུམ་ལ་གཉོར་སྐྱོང་བྱེད་བཞིན་པའི་གཏམ་རྒྱུད་དེ་ཡངས་པའི་རྩྭ་ཐང་དུ་ཁྱབ་ཡོད་ཅིང་། བོད་རིགས་ཕོ་རྒོད་འདིས་རང་ཉིད་ཀྱི་བརྩེ་སེམས་ངོ་མ་དང་ཡོད་ཚད་ཕུལ་བ་ལས་མི་ཡུལ་གྱི་བརྩེ་བ་རྣལ་མ་ཞིག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་བྲ་སོག་སྡེ་བ་རུ། བཀྲ་ཤིས་རྒྱལ་གྱིས་ལོ་ངོ་སོ་གསུམ་ཉིན་གཅིག་ལྟར། སེམས་ཞིབ་མོས་རང་དང་གཉེན་ཉེའི་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བདག་མེད་རྒན་མོ་ཕུར་འཚོ་དང་། རིན་ཆེན་འཚོ། ལྷ་འབྲུག་སྐྱིད་གསུམ་ལ་བདག་སྐྱོང་བྱེད་བཞིན་པ་དེ་ཁྱིམ་མཚེས་ཚང་མས་གསལ་བོར་ཤེས་པ་དང་། ཡུལ་མི་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བཀྲ་ཤིས་རྒྱལ་ནི་མི་བཟང་པོ་ཞིག་ཡིན་པར་བརྗོད་བཞིན་ཡོད་པ་རེད།

བཀྲ་ཤིས་རྒྱལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དེ་ཆིག་སྟོང་དགུ་བརྒྱ་གྱ་དྲུག་ལོ་ནས་མགོ་བརྩམས་ཏེ་བཤད་དགོས་པ་དང་། སྐབས་དེར་བཀྲ་ཤིས་རྒྱལ་བཟའ་ཟླ་གཉིས་ཀྱིས་སྐྱིད་སྨོན་ཡུལ་ཚོ་ཕྱུག་ནོར་གོང་མ་སྡེ་བ་རུ་རྒན་མོ་ཕུར་འཚོ་ཚང་གི་རྩྭ་ས་མུའུ་བཞི་བརྒྱ་གླས་ནས་དེའི་སྟེང་ནས་ཕྱུགས་འཚོས།

རྒན་མོ་ཕུར་འཚོར་བུ་དང་བུ་མོ་མེད་པ་དང་། བཟའ་ཟླ་ཚེ་ལས་འདས་རྗེས་བཀྲ་ཤིས་རྒྱལ་བཟའ་ཟླ་གཉིས་ཀྱིས་གྲོས་བྱས་ནས་གྲོགས་མེད་ཁེར་རྐྱང་དང་། ཆགས་ས་བརྟེན་ས་མེད་པའི་རྒན་མོ་ཕུར་འཚོ་རང་ཁྱིམ་དུ་བསུས་ནས་གཉོར་སྐྱོང་བྱེད་རྒྱུའི་ཐག་བཅད། དགུན་རྒྱ་སྟག་འདྲ་བོ་བུད་སོང་ན། དབྱར་ཕ་མ་འདྲ་བོ་ཐོན་ཡོང་བའི་དཔེ་བཞིན་དུ། ཁོ་ཚོ་རང་གི་གཉེན་ཉེ་དང་འདྲ་བར་ལོ་ངོ་སོ་གསུམ་རིང་ལ་འཚོ་བ་རོལ་བ་དང་། བཀྲ་ཤིས་རྒྱལ་ཡང་སྡེ་བ་ཉེ་རིང་ཀུན་ན་མིང་དུ་གྲགས་པའི་སྡེ་བའི་རྒད་པོ་ཞིག་ཏུ་གྱུར་ཡོད་པ་རེད།

བཀྲ་ཤིས་རྒྱལ་ཀྱིས་བཤད་རྒྱུར། ང་རང་ད་ལོ་ལོ་རེ་གཅིག་ཡིན་པ་དང་། ངའི་ཨ་མ་ཕུར་འཚོ་ལོ་བརྒྱད་ཅུ་གྱ་གཅིག་ཡིན་ལ། ངེད་ཚང་གི་བཟའ་མི་བདུན་པོར་ཁྱིམ་ཐོ་གསུམ་ཡོད་ཀྱང་། ང་ཚོ་མཉམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད་པས། ཁོ་མོ་ནི་ངེད་ཚང་གི་ཆེས་ཉེ་བའི་མི་ཡིན་ཞེས་པའི་བབ་ཆགས་དང་རྣམ་དག་གི་སྐད་ཆ་དེས་ཡུལ་དངོས་ན་ཡོད་པའི་མི་ཚང་མ་སེམས་འགུལ་ཐེབས་སུ་བཅུག

ངའི་སྐྱེས་པ་ཚེ་ལས་འདས་སྔ་བ་དང་། གནམ་རྒན་མས་ང་ལ་བྱིས་པ་ཞིག་གནང་སྦྱིན་མ་བྱས་ཀྱང་། རང་གི་བྱིས་པ་ལས་ཀྱང་ཤ་ཚ་བའི་བྱིས་པ་ཞིག་གནང་བྱུང་ཞེས་བཀྲ་ཤིས་རྒྱལ་གླེང་སྐབས། རྒན་མོ་ཕུར་འཚོ་ཡི་གདོང་ལ་དགའ་སྤྲོ་དང་ཡིད་འགུལ་ཐེབས་པའི་རྣམ་པ་ཞིག་ཤར་ཡོད་པ་དང་། རང་དབང་མེད་པར་མིག་ཟུར་ནས་ཡིད་འགུལ་ཐེབས་པའི་མིག་ཆུ་བཞུར་ཡང་བྱུང་།

བཀྲ་ཤིས་རྒྱལ་གྱི་མིག་ནང་དུ། བདག་མེད་རྒན་པོ་གཉོར་སྐྱོང་བྱེད་རྒྱུ་དེ་ནི་དོན་བཟང་ཞིག་ཡིན་པ་དང་། རྒན་མོ་ཕུར་འཚོར་རོགས་རམ་བྱས་པ་དེ་ནི་བཀྲ་ཤིས་སྐྱབས་ཀྱིས་གཞན་ལ་རོགས་རམ་བྱེད་པའི་འགོ་བརྩམས་པ་ཞིག་ཡིན།

བྲ་སོག་སྡེ་བའི་ལོ་ན་ལྔ་བཅུ་ང་ལྔར་སོན་པའི་རིན་ཆེན་སྐྱིད་ཀྱི་མིག་གཉིས་ཞར་བས། ཉིན་རྒྱུན་གྱི་འཚོ་བར་བདག་སྐྱོང་བྱེད་ཐུབ་ཀྱིན་མེད་པ་རེད། 2016ལོར། བཀྲ་ཤིས་རྒྱལ་གྱིས་རང་འགུལ་སྒོས་རྒན་མོ་རིན་ཆེན་སྐྱིད་བདག་སྐྱོང་བྱས་པ་དང་། ཕྱོགས་གང་ཐད་ནས་ཁོ་མོར་རོགས་རམ་གང་མང་བྱས།

སྡེ་བའི་ནང་གི་ལྷ་འབྲུག་སྐྱིད་ནི་ལོ་ན་བརྒྱད་ཅུར་སོན་པའི་ཨ་ཡེ་རྒན་མོ་ཞིག་ཡིན་པ་དང་། བྱིས་པ་ཚང་མ་ཕྱིར་ཞོར་ལས་ལ་སོང་བའི་དབང་གིས་བདག་སྐྱོང་བྱེད་མཁན་མེད་པར་བསྡད་ཡོད། བཀྲ་ཤིས་རྒྱལ་གྱིས་ཡང་རང་འགུལ་སྒོས་རྒན་མོ་ལྷ་འབྲུག་སྐྱིད་ཀྱི་ཉིན་རྒྱུན་གྱི་འཚོ་བར་ལྟ་སྐྱོང་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས།

ལོ་ངོ་མང་པོའི་རིང་ལ་བཀྲ་ཤིས་རྒྱལ་ལ་ཁོམ་པ་རེ་བྱུང་ཚེ། ཁོ་རང་རྒན་མོ་གཉིས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་དུ་འགྲོ་བ་དང་། ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྐྱོང་བྱེད་བཞིན་ཡོད་པ་རེད། རྒན་པ་རྣམས་ཀྱི་ལུས་ཕུང་མི་བདེ་བའི་སྐབས་སུ་ཁོས་དུས་ལྟར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ལོ་སར་བའི་སྐབས་སུ། བཀྲ་ཤིས་རྒྱལ་གྱིས་རྒན་པ་རྣམས་ལ་གྱོན་ཆས་དང་ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་ཉོ་བཞིན་ཡོད། རྒན་པ་རྣམས་ལ་ལྟ་སྐྱོང་བྱེད་བདེ་བའི་ཆེད་དུ། ཁོས་མཚམས་ལན་རེར་ཁོ་གཉིས་རང་ཁྱིམ་དུ་བསུས་ནས་འདུག་རུ་འཇུག་བཞིན་ཡོད་པ་དང་། སྡེ་མི་རྣམས་ཀྱི་མིག་ནང་དུ་ཁོ་ཚོ་གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ཀྱང་ཉེ་བ་ཞིག་རེད།

བཀྲ་ཤིས་རྒྱལ་ནི་སྡེ་བའི་ནང་གི“ལའེ་ཧྥུན”ལྟ་བུ་ཞིག་ཡིན་པ་དང་། ཁོས་དཀའ་ངལ་དང་གང་དུ་རོགས་སྐྱོར་མཁོ་བའི་མི་མཐོང་ཚེ། དུས་ཚོད་དང་པོའི་ནང་རོགས་སྐྱོར་གྱི་ཕྱག་ཟུང་བསྐྱངས་ཡོང་ངེས། སྡེ་བའི་ནང་དུ་ཞལ་འདེབས་འབུལ་བ་དང་། འོས་འགན་གཙང་སྦྲའི་འཕྲོད་བསྟེན་སོགས་བྱ་བ་ཅི་སྒྲུབ་ཀྱང་ཁོ་རང་མེད་དུ་མི་རུང་བ་དང་། མི་རྣམས་ཀྱིས་ཁོ་ལ་དེ་ལྟར་སྒྲུབ་དགོས་པའི་རྒྱུ་མཚན་འདྲི་སྐབས། ཁོ་དགོད་ཞོར་དུ། རང་གི་ནུས་ཚོད་གྱིས་གཞན་ལ་རོགས་རམ་བྱས་ན་སེམས་སྐྱིད་པོ་ཞིག་རེད་ཟེར།

རིག་གནས་སྦྱངས་མ་མྱོང་བའི་འབྲོག་པ་ཞིག་གིས་རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་སྟེང་ནས་མི་གཞན་ལ་རོགས་རམ་བྱེད་པ་དེ་ལོ་ངོ་སུམ་ཅུ་ཉིན་གཅིག་ལྟར། དྲིན་ལན་མི་བསམ་པར། ཐོབ་ཤོར་མི་བསམ་པར། དཀའ་ངལ་ཆེ་བའི་སྐབས་སུ། “ཉི་མ”ཞིག་དང་འདྲ་བར་གཞན་ལ་དྲོད་ཁོལ་དང་རེ་བ་བསྩལ་ཡོང་། ཁོས་ཡོད་ཚད་ཕུལ་བ་དེ་ལ་ཡུལ་ཚོ་ཏང་ཨུ་དང་འབྲོག་པ་མང་ཚོགས་ཀྱིས་ཁས་ལེན་ཐོབ་ཅིང་། 2016ལོ་ནས2018ལོའི་བར་དུ། བཀྲ་ཤིས་རྒྱལ་བསྟུད་མར་ཁྱོན་རྒྱས་ཡུལ་ཚོ་བྲ་སོག་སྡེ་བའི་ཀུན་སྤྱོད་དཔེ་ལེགས་མི་སྣར་བདམས།

བཀྲ་ཤིས་རྒྱལ་གྱིས་ང་རང་ལོ་ན་དྲུག་ཅུར་སླེབས་ཡོད། གལ་ཏེ་ཉིན་གཅིག་ལ་ལས་ཀ་ལས་ཐུབ་ན། ངས་རྒན་པ་རྣམས་ལ་བདག་སྐྱོང་བཟང་པོ་བྱེད་རྒྱུ་ཡིན་ཞེས་བཤད། མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འཚོ་བ་རོལ་བ་དེ་ཡིས་བཀྲ་ཤིས་རྒྱལ་ལ་ཡངས་པའི་རྩྭ་ཐང་ལྟ་བུའི་ཁོག་རྒྱ་ལྡན་པར་བྱས་ཡོད་པ་དང་། ཁོས་མི་གཞན་ལ་རོགས་རམ་བྱེད་རྒྱུ་དེ་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་རེད།

ལོ་ཙཱ། ཚེ་རིང་སྒྲོལ་མ།