དགུན་དུས་སྒྲོག་འགྲེལ་གྱིས་དམངས་སེམས་ལ་དྲོད་ཁོལ་བསྩལ།
2021.01.27 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 6

དགུན་གྱི་དུས་སུ་གྲང་རླུང་རུས་རྐང་ལ་ཟུག་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཏང་ཡོན་བྱ་འགུལ་ཁང་གི་ནང་དུ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལྷུན་གྲུབ་སོགས་ཏང་ཡོན་གྱིས་གྲུབ་པའི་སྒྲོག་འགྲེལ་ཚན་ཆུང་གིས་འབྲོག་པ་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།

གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔ་མོ་ནས་འབྲི་དེབ་དང་སྨྱུ་གུ་གྲ་སྒྲིག་བྱས་པ་དང་། བྱ་འགུལ་ཁང་གི་ནང་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཚང་མས་རེ་སྒུག་ཆེན་པོ་བྱེད་བཞིན་འདུག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་མི་གྲངས་རྒན་པ་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས་ཞེས་ལྷུན་གྲུབ་ཀྱིས་ཞིབ་ཚགས་ངང་བཟོས་པའི་བརྙན་རིས་ལ་མཛུབ་མོ་བཙུགས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་གཙོ་གནད་འགྲེལ་བཤད་བྱས།

ལྷུན་གྲུབ་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ནང‘སྔོན་ལ་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་བཏང་ནས་ཡུལ་ཚོ་དང་སྡེ་བ་དར་སྤེལ་གཏོང་དགོས’ཞེས་གླེང་ཡོད་པ་དང་། མིག་སྔར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བའི་སྐབས་ཡིན་པས། ང་ཚོས་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་ནན་པོ་བྱེད་དགོས་ཞེས་བཤད།

ལོ་ན་གཞོན་པའི་ཞིང་སྡེའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་ཞིང་སྡེའི་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། དགོས་གཏུགས་ཀྱི་བསམ་པ། སྤོབས་སེམས་བཅས་ཚོར་བྱུང་། ངས་ནུས་ཤུགས་ཡོད་རྒུས་ཞིང་སྡེ་དར་སྤེལ་གཏོང་རོགས་བྱས་ཏེ་རང་ཉིད་ཀྱི་ལང་ཚོར་གཞི་རིམ་ལས་བྱེད་པ་ཞིག་གི་ཁྱད་ཆོས་ལྡན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། ན་གཞོན་ལས་བྱེད་པ་རྣམས་ཀྱིས་ཀྱང་ཁས་ལེན་བྱས།

སྒྲོག་འགྲེལ་བྱ་ཡུལ་དུ་ཚོགས་ཞུགས་པས་ནན་ཏན་ངང་ཉན་པ་དང་ནན་ཏན་ངང་ཟིན་ཐོར་བཀོད་དེ་དེའི་ཁྲོད་ཀྱི་དོན་སྙིང་ཟབ་མོ་མྱོང་རོལ་བྱེད་བཞིན་འདུག “ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་དང་ཕྱོགས་མང་པོ་ཞུགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས། ལྷུན་གྲུབ་ཀྱིས་མུ་མཐུད་དུ་སྒྲོག་འགྲེལ་བྱས་ནས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ལ། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཡུལ་ཚོ་དགུ་དང་གྲོང་རྡལ་གཅིག་གི་ཡུལ་གཞན་གནས་སྤོ་ཁྱིམ་ཚང་སུམ་བརྒྱ་གཅིག་རྗེས་གཉིས་མཐུད་ངང་ལིན་ཀི་སྡེ་ཁུལ་དུ་སྤོས་ནས་ཡངས་ཤིང་རྒྱ་ཆེ་ལ་གསལ་ཆ་དོད་པའི་ཉིས་ཐོག་ཅན་གྱི་ཁང་བའི་ནང་འདུག་ཐུབ་པ་བྱུང་བ་མ་ཟད། རིག་གནས་བྱ་འགུལ་ལྟེ་གནས་དང་། ཨར་འདམ་གྱི་ལམ་ལས་ཡོད་ལ། མང་ཚོགས་རྣམས་ཀྱིས་རང་འབབ་ཆུ་ཡང་འཐུང་ཐུབ་པ་བྱུང་ཡོད་ཞེས་བཤད།

འབྲོག་པ་རྡོ་རྗེ་ཡིས་བཤད་རྒྱུར། ཏང་ཀྲུང་དབྱང་གི་གསུང་སྐད་དང་གཞི་རིམ་གྱི་དོན་དངོས་གནས་ཚུལ་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་པས། ང་ཚོ་འབྲོག་པས་ཀྱང་གསལ་པོ་ཞིག་ཧ་གོ་སོང་། ད་ལྟ་སྲིད་ཇུས་ཧ་ཅང་ཡག ང་ཚོས་ཁང་བ་ལས་པ་དང་། ཕྱུགས་ཁང་བསྐོར་ན་རྒྱལ་ཁབ་ཀྱིས་ཁ་གསབ་སྟེར་གྱིན་ཡོད་པ་རེད། ཚོགས་འདུའི་ནང་དོན་ང་ཚོས་ཧ་གོ་སོང་། གུང་ཁྲན་ཏང་གིས་ང་ཚོ་མང་ཚོགས་རྣམས་སེམས་ལ་བཟུང་བ་དང་། སྲིད་ཇུས་བཏོན་ནས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་དེ་བས་བཟང་པོ་རོལ་ཏུ་བཅུག་ཞེས་བཤད།

ལྷུན་གྲུབ་ཡིས་ད་དུང་རྒན་གསོ་དང་བྱིས་སྐྱོང་། ཆུ་གློག་ལམ་གསུམ་དང་སོལ་རླངས། ཞིང་སྡེའི་ཐོན་ལས། མི་སྡོད་ཁོར་ཡུག་སོགས་ལ་དམིགས་ནས་འགྲེལ་བཤད་བྱས། ཁོས་དྲིལ་བསྒྲགས་བྱས་པ་བརྒྱུད། སྡེ་མི་རྣམས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད།

2020ལོའི་ཟླ11པ་ནས་བཟུང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད། དར་ལག་རྫོང་གིས“སྲིད་ཇུས་སྐྱེལ་བ་དང་། རིག་གནས་སྐྱེལ་བ། ཚན་རྩལ་སྐྱེལ་བ། འཕྲོད་བསྟེན་སྐྱེལ་བ། བཅའ་ཁྲིམས་སྐྱེལ་བ། དྲོད་ཁོལ་སྐྱེལ་བ། སྲིད་གཙང་སྐྱེལ་བ”སོགས་ཀྱི་བརྗོད་བྱ་གཙོ་བོའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། ཏང་གི་སྲིད་ཇུས་བྱེད་ཕྱོགས་འབྲོག་ཁུལ་གྱི་གཞི་རིམ་དུ་དྲིལ་བསྒྲགས་བྱས་པ་རེད། དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་ཆབས་ཅིག ད་དུང་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པས་འབྲོག་པ་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ།

སྡེ་མི་བསོད་ནམས་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་བྱ་བ་མཇུག་སྒྲིལ་རྗེས། ཚང་མ་བྲེལ་འཚུབ་ཀྱིས་ཚོགས་ར་དང་ཁ་མི་འབྲལ་བར་མཉམ་དུ་བསྡད་དེ་མྱོང་ཚོར་བརྗེ་རེས་བྱས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུའི་བསམ་ཕྱོགས་བཏོན་ཡོད་པས། རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་ཁོ་ཐག་ཡིན་རྒྱུ་རེད་ཞེས་བཤད།

ལོ་ན་བདུན་ཅུར་སླེབས་པའི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་ཚེ་རིང་སྐྱིད་ཀྱིས་སྒྲོག་འགྲེལ་ལ་ཉན་རྗེས་སྒྲོལ་འགྲེལ་གྱི་ནང་དོན་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དང་། དྲོད་ཁོལ་ལྡན་ལ། ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱས་ནས་མ་འོངས་པར་ཚང་མས་སྔར་ལས་བདེ་ཐང་དང་། བདེ་སྐྱིད། བདེ་འཇགས། ཡུན་རིང་གི་བདེ་སྐྱིད་འཚོ་བའི་རི་མོ་ཞིག་འབྲི་བཞེངས་བྱས་ཡོད་པར་བཤད། སྒྲོག་འགྲེལ་ལ་ཉན་ཚར་རྗེས། ཚེ་རིང་སྐྱིད་ཀྱིས་ངས་དུས་རྒྱུན་གསར་འགྱུར་ལ་ཉན་པ་དང་། ཚགས་པར་ལ་ལྟ་བཞིན་ཡོད། ལོ་ན་ཇེ་ཆེར་སོང་བས་གཞུང་ལུགས་ཅན་གྱི་ནང་དོན་ཁ་ཤས་ཧ་གོ་བཞིན་མེད། དེ་རིང་སྒྲོག་འགྲེལ་ལས་བྱེད་པས་ང་ཚོས་སེམས་ཁུར་བྱེད་པའི་དམངས་ཚིས་ལེགས་བཅོས་ཐད་ཀྱི་སྲིད་ཇུས་དེ་གོ་བདེ་བ་དང་ཁ་སྐད་ཐོག་ནས་ང་ཚོར་འགྲེལ་བཤད་བྱས་པས་སེམས་ལ་གསལ་བོར་ངེས་ཞེས་བསྔགས་བརྗོད་ཡང་ཡང་བྱས།

དེར་མ་ཟད་ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སློབ་གསོའི་དམངས་ཕན་རོགས་སྐྱོར་སྲིད་ཇུས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཤེས་བྱ། སྐྱེ་ཁམས་བཅོས་སྐྱོང་སྲུང་སྐྱོབ། ཕྱུགས་ཟོག་ཉེན་ཚབ་ཁ་གསབ། ཞིང་སྡེ་དར་སྤེལ། དམངས་ཚིས་འགན་སྲུང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གསར་འགྱུར་ཚ་ཤོས་དང་དཀའ་གནད་ཞིབ་ཚགས་ཀྱིས་གསལ་བོར་འགྲེལ་བཤད་བྱས་ཡོད།  ད་དུང་ཐུམ་འབུའི་ནད་གཤགས་བཅོས་བྱས་ནས་དྲག་བསྐྱེད་བྱུང་བའི་ནད་པའི་གནས་ཚུལ་དང་འབྲེལ་བྱས་ནས་ལོ་རེ་ལྔ་ཡན་གྱི་རྒན་པ་རྣམས་ཀྱི་ལུས་ཕུང་ལ་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་། “རྒན་གྲས་གསུམ”གྱི་མི་སྣ་དང་། དཀའ་ངལ་ཆེ་བའི་ལས་བཟོ་བ། དཀའ་ངལ་ཆེ་བའི་མང་ཚོགས། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་སོགས་ལ་འཚམས་འདྲི་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།