འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁ་ཕྱོགས་བརྟན་པ། སྔ་འཛིན་ཕྱི་གཏོད། སེམས་ཤུགས་ཆེར་སྐྱེད་བཅས་ཀྱི་སྙན་ཞུ་ཞིག་ཡིན་པར་འདོད།
2021.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཞིན་ཁྲང་ཞིན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མར་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་དང་། སྙན་ཞུའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡོངས་སུ་ཁྱབ་ཡོད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་བརྗོད་བྱ་གསལ་བ། ཕྱི་རོལ་ཡུལ་དང་མཐུན་ཞིང་ཞིབ་ཕྲ་ཡིན་པ། དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་དང2020ལོའི་གྲུབ་འབྲས་སྤྱི་བསྡོམས་བྱས་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་དང2035ལོའི་རྒྱང་རིང་དམིགས་འབེན་དང་། 2021ལོའི་དམིགས་འབེན་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་མ་ཟད། བྱ་བའི་བཀོད་སྒྲིག་དམིགས་འབེན་ཁ་གསལ་བ་དང་གཙོ་གནད་འབུར་ཐོན་ཡིན་པ། གང་སར་མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་པ་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁ་ཕྱོགས་བརྟན་པོ། སྔ་འཛིན་ཕྱི་གཏོད། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།

“སྙན་ཞུར་དོན་སྙིང་ཟབ་མོ་ལྡན་པས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། མི་སེམས་ལ་དྲོད་འཁོལ་སྦྱིན་པ་ཞིག་རེད།” ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཝང་ལི་ཡིས་བཤད་རྒྱུར། སྙན་ཞུའི་ནང“ནུས་ཤུགས་ཡོད་དགུས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས”ཞེས་བཏོན་ཡོད། རྗེས་ཕྱོགས་ང་ཚོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དྲང་གཏམ་བཤད་པ་དང་། ཐབས་ཇུས་ཏན་ཏིག་འདོན་པ། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཞིབ་ཕྲའི་བྱ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དངོས་སྒྲུབ་དངོས་གཉེར་བྱས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས།

“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་འཐབ་ཇུས་དམིགས་ཚད་བཏོན་པ་དེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་དང་། ཀྲུང་དབྱང་གི་བླང་བྱ་དང་མཐུན་པ། རྒྱལ་སྤྱིའི་གནས་བབ་མཚོན་པ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་རྗེས་ཕྱོགས་ཀྱི་ལོ་ལྔའི་འཕེལ་རྒྱས་དམིགས་ཚད་སྔར་ལས་ཁ་གསལ་བ་དང་། འཕེལ་རྒྱས་ཀྱི་གནས་ཐིག་སྔར་ལས་གནད་ལ་འཁེལ་བ། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་གསལ་བ་བཅས་ཡོང་བ་བྱ་རྒྱུ་རེད།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚེ་རིང་ཐར་གྱིས་བཤད་རྒྱུར། སྙན་ཞུ་ལས་སྔར་ལས་ལྷག་པར“སྐོར་གཅིག་ཁུལ་དྲུག་ཁྱམས་གཉིས་གནས་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་དགོས་ཞེས་བཏོན། མཛེས་སྡུག་ལྡན་པའི་མཚོ་སྔོན་དང་སྐྱེ་ཁམས་བཟང་བའི་ས་ཚིགས། ཡུལ་སྐོར་གྱི་གྲགས་ཅན་སྤུས་རྟགས་བཅས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དེ་ལོ་མང་པོའི་རིང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྤུས་རྟགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འགན་འཁྲི་དང་འགན་ཁུར་ཞིག་ཀྱང་ཡིན་ལ། མཚོ་སྔོན་གྱི་ཡུལ་སྐོར་ཁྱད་ཆོས་དང་ཁྱད་སྟོབས་ཕྱོགས་བསྡུས་བཟང་བོ་བྱས་པ་ཞིག་ཀྱང་རེད།

“སློབ་སྔོན་སློབ་གསོ་འཕེལ་རྒྱས་ཞན་པའི་རྫོང་དང་སྤྱི་སྐད་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ། མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།” སྙན་ཞུའི་ཁྲོད་ཀྱི་སྐད་ཆ་དུམ་བུ་འདིར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ས་ཁུལ་ཧན་ཏུང་ཧོས་རིགས་ཡུལ་ཚོ་ཞ་མ་ཨར་སློབ་ཆུང་གི་སློབ་གཙོ་མཱ་ཧྥུའུ་ཞིན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཁོས་བལྟས་ན་སྙན་ཞུའི་ནང་དོན་ཞིབ་ཕྲ་ཡིན་ལ་དོན་དངོས་དང་མཐུན་པ། མང་ཚོགས་དང་འབྲེལ་བ་ཡོད་པ། དམངས་ཀྱི་ཆེད་དུ་སྲིད་སྐྱོང་པའི་འདུ་ཤེས་གང་ལེགས་མངོན་ཡོད། ཐོག་མའི་བསམ་འདུན་མི་བརྗེད་པར་གཞན་ལ་སློབ་ཁྲིད་བྱེད་པར་སུན་སྣང་མེད་པ་དང་། བླ་ན་མེད་པའི་ལས་རིགས་ཀུན་སྤྱོད་དང་ཕུལ་དུ་བྱུང་བའི་ལས་སྒོའི་བྱང་ཚད་ཐོག་ནས་སློབ་ཁྲིད་ནན་ཏན་དང་བློ་རྩེ་གཅིག་སྒྲིམ་ངང་མི་སྣ་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་ཚད་དང་མཐུན་པའི་སློབ་གསོའི་ལས་དོན་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

“སྙན་ཞུའི་ནང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ཐད་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལིག་ཝུན་ཡུས་ཀྱིས་བཤད་རྒྱུར། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱ་རྒྱུ་ནི་དུས་རབས་གསར་པའི་ཁྲིམས་རྩོད་པའི་ལས་དོན་གྱི་རེ་བ་ཞིག་ཡིན་ལ། རྗེས་ཕྱོགས་ཁྲིམས་རྩོད་པའི་ལས་དོན་ལ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་ཀྱང་ཡིན། མཚོ་སྔོན་གྱི་ཁྲིམས་རྩོད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལས་སྒོའི་ནུས་པ་གསོ་སྦྱོང་ཧུར་ཐག་བྱས་ནས། ཏང་སྲིད་ལས་དོན་གྱི་གཙོ་གནད་ལ་དམ་པོར་དམིགས་ཏེ། ཏང་དང་སྲིད་གཞུང་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་ཁྲིམས་ལྟར་སྲིད་འཛིན་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་དགོས་ལ་དམངས་ཚིས་ལ་ཡང་དོ་ཁུར་བྱས་ནས། མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྔར་ལས་བཟང་པོའི་བཅའ་ཁྲིམས་ཀྱི་རོགས་རམ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ནང་ཁྲིམས་རྩོད་པ་ཟབ་ཞུགས་བྱེད་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་སྣུར་བསྲིང་བྱེད་དགོས།

“སྙན་ཞུའི་ནང་འདས་ཟིན་པའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། གཞི་གྲངས་ཞིབ་ཚགས་དང་ངོ་མཚར་ཆེ་བ། མིག་སྔའི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ། དབྱེ་ཞིབ་གནད་ལ་འཁེལ་བ། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས་པ། དམིགས་འབེན་གྱི་བསམ་ཕྱོགས་གསལ་བ། མཛེས་སྡུག་ལྡན་པའི་འཆར་འགོད་ལ་རྒྱང་ལྟ་བྱས་ནས་མི་དམངས་ཀྱི་ཡིད་ཆེས་འཕེལ་བ་བཅས་བྱས་ཡོད།”ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལུའུ་ཧུང་དབྱིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལས་སྲིད་གཞུང་གིས་མི་དམངས་ཀྱི་འཚོ་བར་མཐོང་ཆེན་བྱེད་པ་དང་མང་ཚོགས་དང་ཉེ་བཅར་ཐུབ་པ་མཚོན་ཡོད། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་རྗེས་ཕྱོགས་མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་འགན་གཙང་སྒྲུབ་དང་། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ལ་ནན་ཏན་སྒོས་ཉན་པ། འཐུས་མིའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྙན་ཞུའི་དགོངས་དོན་ཆ་ཚང་ལ་ཞིབ་ཚགས་ངང་མི་རིགས་སོ་སོའི་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་མགྲིན་ཚབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་གསར་པ་སྐྲུན་ཆེད་ནུས་པ་གང་ཡོད་འདོན་རྒྱུ་ཡིན་ཟེར།

“མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་སར་དམིགས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་། བྱ་བ་ཏན་ཏིག་སྒྲུབ་པ། བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གི་སྐད་ཆ་དེ་དག་ནི་མི་སེམས་ལ་དྲོད་སྐྱིད་སྦྱིན་པ་ཞིག་ཡིན་ལ་བབ་ཆགས་ལ་ནུས་ལྡན་ཞིག་ཀྱང་རེད།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞའོ་ཅོན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དམངས་ཀྱི་རེ་འདུན་ནི་སྲིད་སྐྱོང་གི་ཁ་ཕྱོགས་ཡིན། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་ཡོད་པས།“དམངས་ཚིས་བརྩེ་སེམས”ཟབ་མོ་མངོན་ཡོད། ང་ཚོས་ངེས་པར་དུ་སྙན་ཞུའི་ནང་དོན་སློབ་སྦྱོང་ཡག་པོ་བྱས་ནས། རང་འཁྲིའི་ལས་གནས་ཐོག་འགན་འཁྲི་འཁུར་ཕོད་པ་དང་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་དང་། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཐུན་མོང་གིས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།