འོད་ཟེར་ཉག་གཅིག་ལས་ཐོན་པའི་དབུལ་ཐར་གྱི་ནུས་པ།
2021.02.02 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 29

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མ་ཁྲ་ལི་གྲོང་རྡལ་གྱི་གནས་སྤར་སྡེ་གསར་གྱི་ལོ་ན་ཉེར་གཉིས་ལ་སླེབས་པའི་བོད་རིགས་བུ་མོ་སྒྲོལ་དཀར་ལྷ་མོ་དང་གཅེན་མོ་བསོད་ནམས་སྒྲོལ་གཉིས་ལ་འོད་ཤུགས་ཀྱི་དབུལ་སྐྱོར་བྱས་པ་བརྒྱུད། རྗེས་ཕྱོགས་སུ་སེམས་ཁྲལ་ཅི་ཡང་མེད་པར་བློ་བདེ་ངང་སློབ་ཆེན་དུ་སློབ་སྦྱོང་བྱས་ནས་འཚོ་བ་རོལ་བཞིན་ཡོད། 2017ལོ་ནས་2019ལོ་བར་སྒྲོལ་དཀར་ལྷ་མོ་ཚང་ལ་འོད་ཤུགས་དབུལ་སྐྱོར་གྱི་ཡོང་སྒོ་དང་དེ་བཞིན་རིགས་སྣ་ཚོགས་ཀྱི་ཁ་གསབ་རོགས་དངུལ་ཁྱོན་སྡོམ་སྒོར་མོ་ཁྲི་གཉིས་དང་སྟོང་དགུ་ཐོབ་ནས།  ཁྱིམ་གྱི་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་མ་ཟད། ད་དུང་འོད་ཤུགས་དབུལ་སྐྱོར་ལ་བརྟེན་ནས་གསོ་སྤེལ་ལས་རིགས་ཀྱང་གཉེར་བས་ཕྱོགས་མང་པོ་ནས་ཡོང་སྒོ་ཡོད་པར་གྱུར།

དེ་ནི་རང་ཞིང་གི་འོད་ཤུགས་དབུལ་སྐྱོར་གྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་རེད།

2015ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ས་བབ་མཐོ་བ་དང་ལོ་ཧྲིལ་པོར་ཉི་འོད་ཕོག་ཡུན་རིང་བའི་བྱེ་ཐང་ས་ཆའི་ཐོན་ཁུངས་མང་བའི་ལེགས་ཆར་བརྟེན་ནས། ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ་འོད་ཤུགས་ཐོན་ལས་འཕེལ་རྒྱས་སུ་བཏང་། ད་ལྟ་མཚོ་སྔོན་གྱི་ས་གཞི་ཆེན་པོར་རྒྱང་ལྟ་བྱས་ཚེ། རྨ་འབྲི་རྫ་གསུམ་མགོ་ཁུངས་དང་རྨ་ཙོང་ས་ཆ། བཏུལ་ཐང་དང་ཡང་ན་ཚྭ་འདམ་གཤོང་ས་སོགས་གང་ཡིན་ཡང་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་རིགས་བཞི་བསྐྲུན་ཡོད་ཅིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་སྟོང་ཝ་འབུམ་བདུན་དང་ཁྲི་གསུམ་ལྷག་རེད། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་ཟིན།  དབུལ་སྐྱོར་ཡོང་འབབ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་ཟིན་ནས་ཁྱིམ་ཚང་ཁྲི་བདུན་དང་སྟོང་བདུན་གྱི་མི་གྲངས་དབུལ་བོ་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་ལ་སྐུལ་ཁྲིད་བྱེད་ཐུབ་པར་གྱུར་ནས།  ཞིང་ཆེན་ཡོངས་ཀྱི་དབུལ་བོ་མི་གྲངས་ཀྱི་52.5%ཟིན་ནས།  སྤུས་ཚད་ལེགས་ཤོས་དང་ཕན་འབྲས་ལེགས་ཤོས། དོ་དམ་ལེགས་ཤོས། མ་གནས་དམའ་ཤོས་བཅས་ཀྱི་རྒྱལ་ཡོངས་ཀྱི་འོད་ཤུགས་དབུལ་སྐྱོར་གྱི་མཚོ་སྔོན་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།

ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་སྟོང་དཔོན་སྡེ་བ་ནི་སྡེ་བ་དབུལ་བོ་ཞིག་ཡིན་པ་དང་། ས་གནས་དེའི་འཕེལ་རྒྱས་ཧ་ཅང་དལ་ཞིང་སྡེ་མི་རྣམས་ཀྱི་འཚོ་བའི་ཡོང་ཁུངས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་འཐུ་བ་དང་། དེ་མིན་ཕྱི་རུ་ཞོར་ལས་སུ་འགྲོ་བ་སོགས་ལ་བརྟེན་ཡོད་པ་རེད།  སྟོང་དཔོན་སྡེ་བའི་ཧྲུའུ་ཅི་དང་པོ་རྒྱ་བློ་དོན་འགྲུབ་ཀྱིས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར་སྡེ་བ་ཡོངས་ཀྱི་རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་ལྔ་སྡེབ་སྒྲིག་བྱས་ནས་གུང་ཧོ་རྫོང་གི་འོད་ཤུགས་ཐོན་ལས་གླིང་དུ་མ་རྐང་དུ་བཞག དེ་ལས་ཉིས་སྟོང་བཅུ་དགུ་ལོ་ནས་ད་ལྟའི་བར་ཡོང་སྒོ་སྒོར་མོ་འབུམ་ལྔ་དང་ཁྲི་གསུམ་མངོན་འགྱུར་བྱུང་།ང་ཚོས་སྤྱད་པའི་འོད་ཤུགས་ཡོང་འབབ་ཀྱི་མ་དངུལ་གྱིས་སྡེ་བའི་ནང་གི་ཁྱིམ་ཚང་དབུལ་བོར་རྒན་གསོའི་ཞབས་ཞུ་དང་ཆུ་ལམ་བཅོས་སྒྲིག དྲིལ་སྒྲོག་པ། སྤྱི་བའི་སྒྲིག་བཀོད་བདག་སྐྱོང་། གཙང་སྦྲ། སྤྱི་བའི་བདེ་འཇགས། ཆུ་གློག་འགན་ལེན། གཞུང་ལམ་ཉམས་གསོ་བཅས་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱད་གསར་དུ་བཙུགས་པ་དང་། དེ་ལས་མི་གཅིག་གི་ལོ་རེའི་ཟླ་ཕོགས་སྒོར་མོ་ཁྲི་གཅིག་རེད། རྗེས་ཕྱོགས་སུ་སྡེ་བ་དེས་ས་བབ་ཀྱི་ཆ་རྐྱེན་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་དགེ་མཚན་ལ་བརྟེན་ནས། ནོར་ལུག་གསོ་སྤེལ་བྱེད་པ་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་ཟེར།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་འོད་ཤུགས་དབུལ་སྐྱོར་ལས་གཞི་རིགས་བཞི་བསྐྲུན་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་འབུམ་བདུན་ཁྲི་གསུམ་སྟོང་གསུམ་དྲུག་བརྒྱ་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་སྒོར་མོ་དུང་ཕྱུར་བརྒྱད་དང་ཕྱེ་བ་བརྒྱད་ཟིན། དབུལ་སྐྱོར་ཡོང་འབབ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་ལ་སླེབས།   ཁྱིམ་ཚང་ཁྲི་བདུན་དང་སྟོང་བདུན་གྱི་མི་གྲངས་དབུལ་བོ་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་གྱི་ཡོང་སྒོ་འཕར་སྣོན་བྱུང་།   2020ལོའི་ཟླ་བཅུ་པའི་ཟླ་མཇུག་བར་སྟོང་ཝ་འབུམ་བཞི་དང་ཁྲི་བདུན་སྟོང་གཅིག་དྲུག་བརྒྱ་ཟིན་པའི་སྡེ་བ་རིམ་པའི་འོད་ཤུགས་གློག་ཁང་ནས་གློག་བཏང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་བཅུ་དང་བྱེ་བ་བདུན་ཟིན་པ་དང་། དེའི་ཡོང་འབབ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བཞི་ས་ཡ་བརྒྱད་དུ་སླེབས་ཤིང་། དེ་རིམ་རྩིས་བྱས་ན་སྡེ་བ་རེ་རེར་ཡོང་འབབ་སྒོར་མོ་འབུམ་བཞི་ཁྲི་དྲུག་ལ་ སླེབས།  སྡེ་བའི་ཐུན་མོང་དཔལ་འབྱོར་དང་འོད་ཤུགས་དབུལ་སྐྱོར་གྱི་ཡོང་འབབ་མ་དངུལ་སྤྱད་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་གསུམ་དང་སྟོང་བཞི་དྲུག་བརྒྱ་བཀོད་སྒྲིག་བྱས་པའི་ནང་། དུས་ཡུན་རིང་པོའི་ལས་གནས་ཁྲི་གཅིག་དང་སྟོང་བརྒྱད་དང་གནས་སྐབས་ཀྱི་ལས་གནས་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་ཡོད་པ་རེད།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ནི་གུང་ཧོ་རྫོང་གི་འོད་ཤུགས་ཐོན་ལས་གླིང་དུ་ཞུགས་མཁན་ཁེ་ལས་ཀྱི་གྲས་ཤིག་ཡིན་པ་དང་། ནུས་ལྡན་ངང་འོད་ཤུགས་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ་དང་དུས་མཚུངས་སུ་ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་གཞག་ནང་ཞུགས་བཞིན་ཡོད་པ་རེད། རྨ་ཆུའི་ཆུ་གློག་ཀུང་སིས་ཁྱིམ་ཚང་དབུལ་པོའི་རེ་འདུན་ལྟར།  ཁོ་ཚོ་ཀུང་སིའི་འབྲེལ་ཡོད་ཐོན་ལས་སུ་བཀོད་སྒྲིག་བྱས་ཏེ་ཕྱུག་འགྱུར་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱེ་ད་བཞིན་ཡོད།

2020ལོའི་ལོ་སྟོད་དུ་ཀུང་སི་དེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རྐ་ཕུག་སྡེ་བའི་དབུལ་ཁྱིམ་བཅུ་གཅིག་གི་མི་གྲངས་བཅུ་གསུམ་ཁོ་ཚོའི་ཡན་ལག་ཀུང་སི་རུ་འཕྲོད་བསྟེན་དང་བདེ་སྲུང་གི་བྱ་བའི་ནང་ཞུགས་སུ་བཅུག་པ་དང་། མི་གཅིག་གི་ལོ་རེའི་ཡོང་འབབ་སྒོར་མོ་ཁྲི་གསུམ་དང་སྟོང་གསུམ་ལྷག་ཡིན་པས་མི་གཅིག་ལས་རྐང་དུ་ཞུགས་ཚེ་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་ཐུབ་པའི་དབུལ་ཐར་གྱི་ཡུན་རིང་ཕན་པའི་སྒྲིག་གཞི་གྲུབ་པར་བྱས།

འོད་ཤུགས་དབུལ་སྐྱོར་གྱི་ཡོང་འབབ་མ་དངུལ་བཀོད་སྒྲིག་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས། སྟོང་དཔོན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རྟ་ལོ་ཚེ་རིང་ཚང་གི་འཚོ་བར་འགན་སྲུང་ཡོད་པར་གྱུར།  རྟ་ལོ་ཚེ་རིང་གི་ཕ་རྒན་ཉིས་སྟོང་བཅུ་བདུན་ལོར་ཚེ་ལས་འདས་རྗེས་སུ་ཁོ་མ་བུ་གཉིས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བཞིན་ཡོད།  རྟ་ལོ་ཚེ་རིང་གི་ཨ་མ་ལོ་བརྒྱད་ཅུ་ལ་སླེབས་ཡོད་པར་མ་ཟད་ནད་ཀྱི་དབང་གིས་ལུས་ཕུང་ཡང་བདེ་མོ་མིན། དེ་བས་ཁྱིམ་གྱི་འཚོ་བའི་ཡོང་སྒོ་གཙོ་བོ་དེ་རྟ་ལོ་ཚེ་རིང་ཁོ་ནར་བརྟེན་དགོས་ཀྱི་ཡོད། ཏག་ཏག་སྐབས་དེར་རྟ་ལོ་ཚེ་རིང་ལའང་དབང་རྩའི་རིགས་ཀྱི་ནད་གཞི་བྱུང་བས་ཁྱིམ་ཚང་གི་འཚོ་བ་དེ་དཀའ་སྡུག་གི་གནས་སུ་ལྷུང་སོང་།  སྟོང་དཔོན་སྡེ་བའི་ཧྲུའུ་ཅི་དང་པོ་རྒྱ་བློ་དོན་འགྲུབ་ཀྱིས་སྨན་རིན་མ་བླངས་པར་སྨན་སྣ་ཚོགས་མཁོ་སྤྲོད་བྱས་པར་བརྟེན། ཁོའི་ནད་གཞི་ཡང་རིམ་བཞིན་ཇེ་ལེགས་སུ་ཕྱིན། རྗེས་སུ་སྡེ་བས་ཁོ་ལ་འོད་ཤུགས་ཀྱི་ཡོང་འབབ་མ་དངུལ་ལ་བརྟེན་ནས་བྱུང་བའི་སྤྱོད་གོ་ཆོད་པའི་ལས་རྐང་ཞིག་མཁོ་འདོན་བྱས་པར་ལོ་གཅིག་ལ་གླ་ཕོགས་སྒོར་མོ་ཁྲི་གཅིག་རེ་ལེན་ཐུབ་ཀྱི་ཡོད་པས་ཁོ་ཚང་གི་འཚོ་བ་དེ་རིམ་བཞིན་ཇེ་ལེགས་སུ་འགྲོ་མགོ་བརྩམས།

འོད་ཤུགས་དབུལ་སྐྱོར་ནི་རང་ཞིང་དུ་མིག་སྔའི་བར་ཐེངས་གཅིག་རང་བཞིན་གྱི་མ་དངུལ་འཇོག་གྲངས་མང་ཤོས་དང་ཁྱབ་རྒྱ་ཆེ་ཤོས། ཕན་ཁེ་ཐོབ་ཚད་མཐོ་ཤོས། རྒྱུན་མཐུད་དུས་ཡུན་རིང་ཤོས་བཅས་ཀྱི་དམངས་ཕན་བཟོ་སྐྲུན་ཞིག་ཡིན་པས། རང་ཞིང་གིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ།ཞིང་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། 2020ལོའི་ཟླ་8པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་དབུལ་སྐྱོར་གློག་ཁང་གིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་སྟོང་ཝ་ཐེར་འབུམ་གཉིས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཟིན་པ་དང་ཡོང་འབབ་བསྡོམས་འབོར་སྒོར་མོ་ཐེར་འབུམ་གཅིག་དུང་ཕྱུར་དྲུག་དང་ས་ཡ་ལྔ་ཟིན་ནས། སྡེ་བ་ཚང་མར་སྒོར་མོ་འབུམ་བཞི་ཡན་དང་མཐོ་ཤོས་ལ་སྒོར་མོ་ས་ཡ་གཅིག་ལས་བརྒལ་ནས་སྤྱི་ཡོངས་ཀྱི་ཕན་འབྲས་སྔོན་དཔག་ལས་བརྒལ་ཡོད་པ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་སླར་སྐྱེས་ནུས་རྒྱུའི་གློག་འདོན་དེ་ལོ་ཉི་ཤུའི་རིང་བསྟུད་མར་ནོར་སྲིད་ཀྱི་ཁ་གསབ་ལོངས་སྤྱོད་དང་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་བྱེད་པའི་སྲིད་ཇུས་ལ་གཞིགས་ན། འོད་ཤུགས་དབུལ་སྐྱོར་གྱི་རིམ་རྩིས་ཡོང་འབབ་སྒོར་ཐེར་ཆེན་གཅིག་གི་ཡན་ཟིན་རྒྱུ་ཡིན་པས་དབུལ་སྐྱོར་གྱི་ཕན་འབྲས་སྔར་ལས་བརྟན་པོ་དང་བློས་འགེལ་ཆོག་པ་ཞིག་རེད།

                                                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།