སྲིད་གཞུང་བྱ་བའི་སྙན་ཞུ་དོན་དངོས་དང་མཐུན་ལ་གྲུབ་འབྲས་ཀྱིས་གཏམས་ཤིང་སྔ་འཛིན་ཕྱི་གཏོད་ཀྱི་སྙན་ཞུ་ཞིག་རེད།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

—འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཚུར་སྣང་དྲག་པོ་བྱུང་།

“ལོ་ལྔའི་རིང་གི་དཀའ་ངལ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོའི་ཐུན་མོང་གི་མྱོང་ཚོར་ནི་གཙོ་འཛིན་གྱི་དགོངས་པ་ནི་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རྩ་བའི་མཛུབ་ཁྲིད་ཅིག་རེད།” ཧྲིན་ཀྲང་ཞིན་ཁྲང་ཞིན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་བལྟས་ན། སྙན་ཞུའི་བརྗོད་བྱ་མངོན་གསལ་ཡིན་ལ་གཙོ་གནད་འབུར་དུ་ཐོན་པ་དང་། ཞིང་ཆེན་ཡོངས་ཀྱི་དོན་དངོས་ལ་རྐང་བཙུགས་པ། རང་རྟོགས་སྒོས་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་རང་ངོས་ལ་གནོན་ཤུགས་སྟེར་བ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུས་ཡོད་ལ། གྲུབ་འབྲས་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། དམངས་ཚིས་བརྩེ་སེམས་ཆེན་པོ་མངོན་ཡོད་པས། དོན་དངོས་དང་མཐུན་ལ་གྲུབ་འབྲས་ཀྱིས་གཏམས་ཤིང་སྔ་འཛིན་ཕྱི་གཏོད་ཀྱི་སྙན་ཞུ་ཞིག་རེད།

“སྲིད་གཞུང་བྱ་བའི་སྙན་ཞུ་ལ་བརྩེ་སེམས་ཟབ་མོ་ལྡན་པ་དང་ཚུར་སྣང་དྲག་པོ་བྱུང་བས་ཆབ་སྲིད་ཀྱི་ཆོད་སེམས་ཇེ་བརྟན་དུ་ཕྱིན་ལ། རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་པར་ཀླད་པ་གསལ་བོ་བྱེད་པ་དང་། དམངས་ཚིས་ལ་རེ་སྒུག་ཆེན་པོ་བྱེད་པ་བཅས་ནི་ཧ་ཅང་ཐོབ་དཀའ་བའི་སྙན་ཞུ་ཡག་པོ་ཞིག་རེད།” ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚེ་རིང་ཐར་གྱིས་བཤད་རྒྱུར།“འདས་ཟིན་པའི་ལོ་ལྔའི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་ལོ་རྒྱུས་སྟེང་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། སྐྱེ་ཁམས་ཀྱི་བྱས་རྗེས་ཐད་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ལ། སྐྱེ་ཁམས་དམིགས་ཚད་གཙོ་བོ་ཇེ་ལེགས་སུ་ཕྱིན་པ་དང་སྔོ་ལྗང་རི་ཆུ་ལ་གསེར་རི་དངུལ་རི་ལྟ་བུའི་འགྱུར་ལྡོག་འབྱུང་བཞིན་ཡོད། དམངས་ཚིས་ཕན་འབྲས་ཐད་དབུལ་ཐར་མཁྲེགས་གཏོར་གྱིས་ཞིང་སྡེ་དང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་བཏང་བ་དང་། སློབ་གསོ་དང་བདེ་ཐང་། སྤྱི་ཚོགས་འགན་སྲུང་བཅས་གཞི་རྩའི་ཆ་ནས་ཁེབས་ཡོད་པས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་སོང་བ། མཁར་གྲོང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ། སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་ཆ་རྐྱེན་རྩ་བའི་ཆ་ནས་ཇེ་ལེགས་སུ་སོང་ཡོད་པས། འཁོར་སྐྱོད་དཔལ་འབྱོར་དང་ལྗང་མདོག་ཐོན་ལས་ཀྱི་བསྡུར་ཚད་ཇེ་མཐོར་ཕྱིན་ཡོད། དེ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་མི་སེམས་ལ་ཟུག་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་དྲག་ཏུ་ཕྱིན་པ། མི་རིགས་སོ་སོའི་བར་གྱི་བསམ་བློ་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བྱེད་ཤུགས་ཇེ་མགྱོགས་སུ་ཕྱིན་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་རེད། ཡུས་ཧྲུའུ་ནི་ཞིང་ཆེན་ཡོངས་དང་འདྲ་བར་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་བཀའ་དྲིན་ཚོར་ལ་འབད་འབུངས་བྱས་པས་དེང་རབས་དཔལ་ཡོན་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་ཕྱིན་ཡོད”ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལིག་པོ་ལིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་འདས་ཟིན་པའི་ལོ་ལྔའི་ནང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་བཅོས་སྒྱུར་གསར་སྐྲུན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པའི་རླབས་ཆེན་གྱི་འབད་འཐབ་ལོ་རྒྱུས་མཚོན་ཡོད། རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པའི་རྣམ་པ་ཁྱོན་ཡོངས་ནས་བསྐྲུན་པ་དང་། ཏང་གིས་མཚོ་སྔོན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་བརྒྱུད་སྤྲོད་བྱས་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོ་མཚོན་པ་བཅས་བྱས། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་ཞིང་ཆེན་གྱི་གནས་ཚུལ་དང་བསྟུན་པ། དམངས་ཀྱི་གནས་ཚུལ་མཚོན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ལ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་འཆམ་མཐུན་གྱི་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལས་ཀའི་རྩ་འཛིན་ཞིག་ཀྱང་རེད་ཟེར།

“སྲིད་གཞུང་བྱ་བའི་སྙན་ཞུའི་ལངས་གནས་མཐོ་ཞིང་ཕུགས་རྒྱང་རིང་ལ་མི་དམངས་ཀྱི་བརྩེ་སེམས་ཀྱིས་ཁེངས་པ་དང་། ཉན་རྗེས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད།” སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱེད་སྐབས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བསོད་དོན་འགྲུབ་ལ་མྱོང་ཚོར་ཟབ་མོ་ཡོད། “འདས་པའི་ལོ་ལྔའི་རིང་གི་བྱ་བའི་ཉམས་མྱོང་དང་མྱོང་ཚོར་ལ་ཕྱིར་མིག་བལྟས་ཚེ། ཕྱོགས་བསྡོམས་ཧ་ཅང་གཏིང་ཟབ་བྱས་ཡོད། གཙོ་འཛིན་གྱི་དགོངས་པ་ནི་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་རྩ་བའི་ཁྲིད་སྟོན་ཡིན་ལ། ཏང་གི་འགོ་ཁྲིད་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྲ་ཞིང་བརྟན་པའི་འགན་ལེན་ཞིག་དང་། མི་དམངས་གོང་དུ་བཀུར་བ་ནི་བྱ་བ་ཡོད་ཚད་ཀྱི་རིན་ཐང་གི་ཁ་ཕྱོགས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ནི་དོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་དང་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པ། མཚོ་སྔོན་གསར་པའི་སྙིང་སྟོབས་ནི་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན། ཉམས་མྱོང་དེ་དག་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་བརྒྱུད་ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངེས་པར་དུ་བརྩི་སྲུང་ཤུགས་ཆེན་བྱེད་དགོས”ཟེར།

“‘ལོ་ལྔའི་འཆར་འགོད་བཅུ་གསུམ་པའི’དུས་སྐབས་སུ། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུན་སྲིང་ལྷོད་མེད་ངང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་དུ་བསྟར་ནས། བབ་བསྟུན་མདུན་སྐྱོད་སྒོས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།” ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྟ་ལོ་ཡིས་བཤད་རྒྱུར། “སྔོན་ལ་ཞིས་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་ཡོད། དེ་དང་ཆབས་ཅིག དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ཇེ་མཐོར་སོང་ཡོད་པས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཁྱབ་པར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་རྒྱ་ཆེའི་མང་ཚོགས་ལ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ལྡབ་འཕར་བྱུང་ཡོད”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།