“རྒྱལ་ཁབ་སྤྱི་གླིང”གི་མིང་བྱང་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས།
2021.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

——“དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི”དངོས་སྡོད་བརྟག་ཞིབ་ཀྱི་གནས་ཚུལ།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱེད་དགོས།

ད་ལྟའི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་བ་མ་ཟད་མཇུག་བསྡུ་བའི་གནད་འགག་གི་དུས་སུ་སླེབས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས་འཆར་གཞི་དེ“གོམ་སྟབས་གསུམ”གྱི་འཐབ་ཇུས་ཀྱི་ཁྲིད་སྟོན་ཁྲོད་རིམ་བཞིན་མངོན་འགྱུར་བྱུང་ཡོད།

ད་ལྟའི་མཚོ་སྔོན་གྱི་མི་རྣམས་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས།“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གཅིག་གྱུར་འཆར་འགོད་བྱས་ནས“དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན”བྱེད་པ་དང་། “དཔལ་འབྱོར་གྱི་རྣམ་པ་བཞིའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི”ལག་ལེན་ཁྲོད། ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཙུགས་ནས། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ཁག་ཐེག་བྱས་ཏེ། མཚོ་སྔོན་གྱིས“རྒྱལ་ཁབ་སྤྱི་གླིང”གི་མིང་བྱང་རྒྱལ་ཡོངས་དང་འཛམ་གླིང་དུ་གྲགས་སུ་འཇུག་དགོས།

རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཚོགས་པའི་འཕེལ་རྒྱས།

2016ལོར། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》པར་སྐྲུན་འགྲེམས་སྤེལ་བྱས་པ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་དུ་སྤེལ་མགོ་ཚུགས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་རྐྱང་དེའི་མདུན་དུ། མཚོ་སྔོན་གྱི་མི་རྣམས་ཀྱིས“གསར་གཏོད་ཀྱི་རྣམ་པ”འཚོལ་ཞིབ་གཏིང་ཟབ་བྱས་ནས། འཚོལ་ཞིབ་དང་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པའི་ཁྲོད། “རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལྡན་པའི”རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད།

2017ལོར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡང་བསྐྱར་ཕྲག་ཏུ་བླངས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ཡོད། ལམ་ལུགས་རྐྱེན་སྲོལ་དང་ཁྲིམས་བསྟར་དོ་དམ་ཚོད་འཛིན། སྡོད་ཁུལ་མཉམ་འཛིན། ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན། དྲིལ་སྒྲོག་སློབ་གསོ་སོགས་ཀྱི་ཐད་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་འཚོལ་ཞིབ་གསར་གཏོད་དང་བཅོས་སྒྱུར་ལག་ལེན་བྱས་ཡོད།

ད་ལྟའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རྐྱང་དང་འབྲོང་སོགས་རྩ་ཆེའི་སྲོག་ཆགས་རྣམས་ཀྱི་དགའ་ཚལ་དུ་གྱུར་བ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་སྔ་རྗེས་སུ་མཐོང་དཀོན་པའི་གསའ་ལྔ་དང་། ཐང་རྒོད་བྱི་ལ་བཅས་ཀྱི་རྩ་ཆེའི་པར་རིས་པར་ལེན་བྱས་ཡོད་ལ། དེ་ལས་མཚོ་སྔོན་གྱི་སྐྱེ་ཁམས་ཡར་རྒྱས་འགྲོ་བའི་རྣམ་པ་མངོན་བཞིན་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་གྱི་ས་གཞིའི་སྟེང་རིམ་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ཀྱི་འགན་འཁྲི་དང་ཚོད་ལྟའི་ལས་འགན་དངོས་འབེབ་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་ལ་དམིགས་ནས་ལས་ཀའི་རུ་དཔོན་ཡག་པོ་ཞིག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། གནད་འགག་དང་གཙོ་གནད་འབུར་དུ་ཐོན་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འགན་སྲུང་ལ་ཤུགས་བསྣན་ནས། གཅིག་བསྡུས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁྱོན་ཡོངས་ནས་འཆར་འགོད་དང་སྐུལ་འདེད་བཏང་།

མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་སྣ་སོ་གཅིག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཡོད། ལམ་ལུགས་རྐྱེན་སྲོལ་གསར་གཏོད་དང་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་སོགས་ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་དུས་རིམ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་ཁབ་སྤྱི་གླིང་ཆེན་པོ་དགུ་འཛུགས་སྐྲུན་གྱི་འདུ་ཤེས་གཏན་འཁེལ་བྱས་ཏེ། དོ་དམ་མ་ལག་བཅོ་ལྔ་གྲུབ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། དེ་དང་ཆབས་ཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་བྱ་བ་མགྱོགས་མྱུར་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ད་ལོ《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པའི་བྱ་བ་བརྟན་བརླིང་ངང་སྐུལ་འདེད་བཏང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་མདོ་ལ་རིང་མོའི་བར། རང་ཞིང་གིས་ཚོད་ལྟའི་དམིགས་འབེན་ལས་འགན་ལ་ཞིབ་བསྡུར་ནན་མོ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ལམ་ལུགས་རྐྱེན་སྲོལ་གསར་གཏོད་བྱ་རྒྱུ་ཐོལ་བརྒལ་བྱེད་སར་བརྩིས་ཏེ། བྱེད་ནུས་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་པ་དང་། སྐྱེ་ཁམས་བཟོ་སྐྲུན་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་དང་རྨང་གཞིའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་དང་ལས་གཞིའི་མ་དངུལ། འཇོན་མིའི་སྟོབས་ཤུགས་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བྱས་པ་དང་། ཚོད་ལྟའི་ལས་འགན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་མཚོ་སྔོན་ས་ཁུལ་གྱི་བྱ་བ་ཏན་ཏན་ཏིག་ཏིག་གིས་བཟང་བོར་བསྒྲུབ་དགོས། མིག་སྔར་འཆར་འགོད་མ་ལག་འཛུགས་སྐྲུན་དང་དོ་དམ་ལས་ཁུངས་འཛུགས་པ། ཐོན་ཁུངས་ཀྱི་གཞི་རྩ་བརྟག་དཔྱད། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་རྨང་གཞིའི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་བཞི་བཅུ་དང་གཞི་གྲངས་ཆེན་མོའི་ལྟེ་གནས། འགྲེམ་སྤེལ་ལྟེ་གནས་སོགས་སྒྲིག་ཆས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས། གླིང་ཁུལ་དངོས་སུ་འཛུགས་པར་ཆ་རྐྱེན་བསྐྲུན་པ་རེད།

དེ་དང་ཆབས་ཅིག རང་ཞིང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུ་དེ་རང་འགན་དུ་བརྩིས་ནས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་གྱི་དུས་འགོའི་བྱ་བ་ཇུས་འགོད་ཧུར་ཐག་བྱས་པ་དང་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ཚོགས་པའི་འཕེལ་རྒྱས་རྣམ་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ།

2019ལོའི་ཟླ་དྲུག་པར། རང་ཞིང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས། 2019ལོའི་ཟླ་བརྒྱད་པར།  སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་དེ་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དུ་བདེ་བླག་ངང་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་མ་ཟད་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་གྱི《ཟི་ལིང་གི་ཐུན་མོང་ངོས་འཛིན》ཆགས་པ་དང་། ད་ལོའི་ལོ་སྟོད་དུ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་མགོ་ཚུགས། “གོམ་སྟབས་གསུམ”གྱི་འཆར་འགོད་དམིགས་འབེན་ལ་དམིགས་ནས། བྱ་བ་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཞེས་པའི“མིང་བྱང་གྲགས་ཅན”དེ་རྒྱུན་ཆད་མེད་པར་ཇེ་བཟང་དུ་གཏང་དགོས།

མཚོ་སྔོན་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། ཞིང་ཆེན་གྱི་གནས་ཚུལ་ཆེ་ཤོས་གསུམ་དོན་འཁྱོལ་བྱེད་པའི་དངོས་ཡོད་ཀྱི་ཐབས་ལམ་ཞིག་ཡིན་ལ། མཚོ་སྔོན་གྱིས་གཅིག་གྱུར་སྒོས་དམིགས་བསལ་ལ་བསམ་གཞིགས་བྱེད་པའི་སྐྱེ་ཁམས་གོ་གནས་གལ་ཆེན་ཞིག་ཀྱང་ཡིན། “རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་སྒྲིག་སྲོལ་ཚོད་ལྟའི་རྨང་གཞི་བཟང་པོ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱ་རྒྱུ་འཚོལ་ཞིབ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱ་རྒྱུ་དེ་བྱེད་ཐབས་གཙོ་བོ་བྱ་དགོས།

དུས་ཡུན་རིང་བོར། རང་ཞིང་གིས“རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི”རྒྱལ་ཁབ་ཀྱི་འཐབ་ཇུས་འདིར་དམ་པོར་དམིགས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཚོལ་ཞིབ་ཧུར་ཐག་དང་ལག་ལེན་བྱེད་ཕོད་པ་དང་། ནུས་ཤུགས་ཡོད་དགུས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་གསར་པ་དང་ལམ་ལུགས་གསར་པ། དཔེ་དབྱིབས་གསར་པ་བཅས་ཆགས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བྱེད་ཐབས་དང་སྤྱིའི་སྣེ་ཁྲིད། སྤྱིའི་དམིགས་འབེན་བཅས་སུ་བརྩིས་ནས། ཀྲུང་དབྱང་གིས་རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་སྤྱིའི་བླང་བྱ་ལྟར། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འགོ་ཁྲིད་གཙོ་བོས་“ཚན་གཙོ་གཉིས”ཀྱི་མཉམ་སྐྲུན་འགོ་ཁྲིད་ཚན་ཆུང་བཙུགས། སྔ་རྗེས་སུ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་སུ“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། འབྲེལ་མཐུད་གཞོགས་འདེགས་ཡག་པོ་བྱས་ནས་གོང་འོག་མཉམ་འགུལ་དང་གཅིག་གྱུར་མཐུན་སྦྱོར། མཉམ་ཤུགས་སྐུལ་སྤེལ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།

དེ་དང་ཆབས་ཅིག  རྩེ་གྲས་འཆར་འགོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། 《རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་དང་ལོ་གསུམ་འགུལ་སྐྱོད་འཆར་གཞི(2020ལོ་ནས2022ལོ་བར)》སྒྲིག་བཟོ་བྱས་པ་དང་། ཕྱོགས་བརྒྱད་ཐད་ཀྱི་ལས་འགན་གལ་ཆེན་ཞེ་གཉིས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་སྔོན་དུ《རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་》ལག་བསྟར་དངོས་འབེབ་བྱེད་པའི་ཇུས་གཞི་བཏོན་པས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་སྒྲིག་ལམ་གཞིར་འཛིན་ས་ཡོད་པ་ཁག་ཐེག་བྱས།

གོ་རིམ་ལྡན་པའི་སྒོ་ནས་རང་བྱུང་སྲུང་སྐྱོང་ས་ཁུལ་གཅིག་བསྡུས་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཡོངས་ཀྱི་སྔོན་ལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔྱད་འཇོག་ལེགས་གྲུབ་བྱུང་སྟེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གཅིག་བསྡུས་ལེགས་སྒྱུར་བྱེད་ཐབས་དང་ཇུས་གཞི། འཆར་འགོད། ཚད་གཞི་སོགས་ཀྱི་གྲུབ་འབྲས་ཁག་ཅིག་གྲུབ་པར་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་མགྱོགས་མྱུར་སྒོས་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དོ་དམ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པའི་རྣམ་པ་ཐོག་མ་གྲུབ་ཡོད་ལ། རྒྱལ་ཡོངས་སུ་ཉམས་མྱོང་གསར་གཏོད་དང་ཚད་ཤིང་འཛུགས་པའི་ལས་འགན་ལྕི་པོ་ཡང་འཁུར་རྒྱུ་རེད།

ནུས་ཤུགས་ཡོད་དགུས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

རྩྭ་ཐང་གི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ་དང་། ནགས་ཚལ་གྱི་སྐྱེ་ཁམས་མ་ལག་རིམ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། བརླན་སའི་རྒྱ་ཁྱོན་མངོན་གསལ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད། དེང་སྐབས་ཀྱི་མཚོ་སྔོན་དུ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དངོས་གནས་ཇེ་བརྟན་དུ་གཏོང་དགོས།

ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་མགོ་ཁུངས་ཀྱི་འགན་འཁྲི་དང་ཆུ་རྒྱུད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། མཚོ་སྔོན་ལ་རྐང་བཙུགས་ནས་ཡང་བསྐྱར་མཚོ་སྔོན་ལས་ཕྱིར་འབུད་པ་དང་། 《རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》ཇུས་འགོད་དང་སྒྲིག་བཟོ་བྱས་ནས། འབྱུང་ཁུངས་དང་བཞུར་རྒྱུད། རྒྱལ་ཁབ་ཀྱི་འཐབ་ཇུས་དང་མགོ་ཁུངས་ཀྱི་འགན་འཁྲི། སྲུང་སྐྱོབ་དང་འཕེལ་རྒྱས་བཅས་ཀྱི་འབྲེལ་བའི་ཁྲོད་མཚོ་སྔོན་གྱི་གནས་ཚད་དང་མཚོ་སྔོན་གྱི་རིན་ཐང་མངོན་པར་བྱས་ཡོད།

དེ་དང་ཆབས་ཅིག སྐྱེ་ཁམས་ཀྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཞི་རྩར་འཛིན་པ་དང་། དེང་རབས་ཅན་གྱི་སྐྱེ་ཁམས་དཔལ་འབྱོར་མ་ལག་འཛུགས་རྒྱུ་འདེགས་སྐྱོར་དུ་བྱས་ཏེ། “རི་སྔོ་ཆུ་དྭངས”ཀྱི་བཟོ་སྐྲུན་ཧུར་ཐག་གིས་ཇུས་འགོད་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་རི་སྔོ་ཆུ་དྭངས་ཀྱི་བཟོ་སྐྲུན་འཆར་འགོད》སྒྲིག་བཟོ་བྱས་པ་དང་། གནས་སྡོད་དང་འཚམ་པའི་ཟི་ལིང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་སྔོ་ལྗང་ཇེ་མང་དུ་གཏོང་བ། མཛེས་སྡུག་ལྡན་པའི་མཚོ་ཤར་གྱི་ལྗང་མདོག་སྒེའུ་ཁུང་སོགས་ཀྱི་བཟོ་སྐྲུན་ཆེན་པོ་བརྒྱད་ཇུས་འགོད་དང་ལག་བསྟར་བྱས་ནས། རྒྱུན་ཆད་མེད་པར་སྐྱེ་ཁམས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་སྐྱེ་ཁམས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། སྐྱེ་ཁམས་ཀྱི་ཕན་འབྲས་ཕྱིར་གཏོང་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བའི་སྟེང་བསྐྱོད་དགོས།

ཧུར་ཐག་གིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སྤེལ་ནས། “ཀྲུང་ཧྭའི་ཆུ་མཛོད”ཀྱི་རིན་ཐང་དང་འགན་འཁྲི། སྦས་ཤུགས་བཅས་ཀྱི་ནུས་པ་འབུར་དུ་བཏོད་ནས།《ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱ་སྤྱོད་རྩ་གནད(2020ལོ་ནས་2025ལོ་བར)》སྒྲིག་བཟོ་བྱས་པ་དང་། ཇུས་འགོད་བྱེད་སྐབས་སྲིད་ཇུས་དང་བྱེད་ཐབས། བཟོ་སྐྲུན་ལས་གཞི་གལ་ཆེན་རབ་དང་རིམ་པ་བཏོན་ནས། ཧུར་ཐག་གིས་བཞུར་ཚད་དང་ཆུ་སྤུས། གསོ་གསོག་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་དམིགས་འབེན་མངོན་འགྱུར་བྱས་ཏེ།“གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ཁག་ཐེག་བྱེད་དགོས།

ནགས་ཚལ་དང་རྩྭ་ཐང་། བརླན་ས། ཆུ་བོ། མཚེའུ། འཁྱགས་རོམ། མྱ་ངམ་ཐང་སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་མུ་མཐུད་དུ་བྱ་དགོས། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ནས་གསའ་དང་དགོ་བ། གཙོད། ཁྲུང་ཁྲུང་སྐེ་ནག་སོགས་མདོ་དབུས་མཐོ་སྒང་གི་རྩ་ཆེ་ལ་འཇིག་ཉེན་ཡོད་པའི་སྲོག་ཆགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་འཐུས་སྒོ་ཚང་བའི་སྐྱེ་དངོས་གཞི་རྒྱུའི་མཛོད་དང་། མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་མཛོད་ཆེས་ཆེ་ཤོས་དེ་རེད།

དེ་ལས་གཞན། ལྗང་མདོག་དམངས་ཕན་ལ་དམིགས་ནས། “ལས་གནས་ཇེ་མང་དང་ཡོང་སྒོ་འཕར་སྣོན། བདེ་སྐྱིད་ལྡན་ཚད་མཐོ་བ”བཅས་ཀྱི་བྱ་བ་མུ་མཐུད་ཡག་པོ་བསྒྲུབས་ནས། ནུས་ཤུགས་ཡོད་དགུས་ནགས་ཚལ་དང་རྩྭ་ཐང་། བརླན་ས་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ལག་བསྟར་བྱས་པ་དང་། རོང་འབྲོག་ཁྱིམ་ཚང་འབུམ་ལྔ་ལྷག་ལ་ཕན་ཁེ་ཐོབ། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་བདག་སྐྱོང་པའི་ལས་གནས་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་དང་བརྒྱ་ཡོད་པ་དང་། དེའི་ནང་ཡིག་ཚགས་དང་བྱང་དུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སྐྱེ་ཁམས་བདག་སྐྱོང་བ་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་ཡོད། མང་ཚོགས་ཀྱིས“སྔོ་ལྗང་རི་ཆུ”སྲུང་སྐྱོབ་བྱེད་པའི་ཁྲོད “གསེར་རི་དངུལ་རི”བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཀྱི་འཁོར་རྒྱུག་བཟང་བོ་མངོན་འགྱུར་བྱུང་ཡོད།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་གྱི་ལག་ལེན་ཁྲོད། རི་ཆུ་གཉིས་ལྡན་གྱི་མཛེས་ལྗོངས་གླིང་ཁུལ་ཞིག་ཏུ་འགྱུར་བཞིན་ཡོད། སྡོང་བོ་དང་རྩྭ་ཡོད་པའི་སྐྱེ་དངོས་ར་བ་དང་འདབ་ཆགས་དང་རི་དྭགས་གླིང་ཀར་གྱུར་ཡོད་ལ། ཁོར་ཡུག་ལ་གཅེས་སྤྲས་དང་རང་བྱུང་ལ་བཀུར་བའི་དར་སྲོལ་ཆགས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།