ཤར་ནུབ་རོགས་རེས་ཀྱིས་ཕྱུག་འགྱུར་ལམ་དུ་བསྐྱོད།
2021.02.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཉེ་སྔོན་གསར་འགོད་པ་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལུང་ཀྲི་ཡུལ་ཚོ་ཟམ་ཁ་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལིས་ཏི་ལང་ཚང་ལ་ཐོན་དུས།ལིས་ཏི་ལང་གིས་གསར་འགོད་པར་བཤད་རྒྱུར། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ། ད་ལོ་ངས་ཀོང་ལིན་མཉམ་ལས་ཁང་དུ་ལས་ཀ་ལས་ནས་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་སྟོང་དགུ་བཙལ་ཐུབ་པ་བྱུང་། དེས་བྱིས་པའི་སློབ་ཆེན་གྱི་ཟླ་རེའི་འཚོ་བའི་འགྲོ་གྲོན་འགན་སྲུང་བྱེད་ཐུབ་པ་བྱུང་ཡོད་ཟེར།

ལིས་ཏི་ལང་ནི་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལུང་ཀྲི་ཡུལ་ཚོ་ཟམ་ཁ་སྡེ་བའི་ཡིན་ཞིང་།ཁོའི་བཟའ་ཟླ་ནི་དབང་བོ་སྐྱོན་ཅན་ཡིན་པའི་དབང་གིས་ངལ་རྩོལ་གྱི་ནུས་པ་ཁག་གཅིག་ཤོར་ཡོད་པས་ལིས་ཏི་ལང་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་ཐུབ་ཀྱི་མེད།དེ་བས་སློབ་ཆེན་དུ་ཡོད་པའི་བུ་མོའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སོགས་དཀའ་གནད་ཅིག་ཏུ་གྱུར་ཡོད་པ་རེད།

2020ལོར་ཟམ་ཁ་སྡེ་བའི་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཐེ་ལེན་མེ་ཡི་རོགས་སྐྱོར་འོག     ལིས་ཏི་ལང་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱེད་ཐུབ་པ་བྱུང་བར་མ་ཟད་ཟླ་རེར་ཡོང་འབབ་སྒོར་ཆིག་སྟོང་བརྒྱད་བརྒྱ་རེ་ཡོད་པར་གྱུར་བས་ཁྱིམ་ཚང་སྐྱོང་ཞོར་དུ་བྱིས་པའི་འཚོ་བའི་འགྲོ་གྲོན་ལའང་འགན་ལེན་བྱེད་ཐུབ་པར་གྱུར།

ང་རང་གིས་ཟམ་ཁ་སྡེ་བའི་ཐུན་མོང་དཔལ་འབྱོར་བཀོད་སྒྲིག་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཀ་བྱེད་ཀྱི་ཡོད།ཁྱིམ་དུ་གསོས་པའི་ཕག་པ་ཀོང་ལིན་མཉམ་ལས་ཁང་ལ་བཅོལ་ནས་གསོ་སྤེལ་བྱེད་དུ་འཇུག་བཞིན་ཡོད།ལོ་མཇུག་ཏུ་ཉུང་མཐར་ཡང་ཡོང་འབབ་སྒོར་མོ་སྟོང་ལྔ་རག་ཐུབ་ཀྱི་ཡོད་ཅེས་ཟམ་ཁ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་བདག་ལུག་སན་པེ་ཡིས་གསར་འགོད་པར་བཤད། ལུག་སན་པེ་ནི་གསོ་སྤེལ་ལས་རིགས་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་བྱས་པ་ཞིག་ཡིན་ཏེ།ཁོས་ཀོང་ལིན་མཉམ་ལས་ཁང་ལ་གསོ་སྤེལ་སྐོར་གྱི་གྲོས་མཐུན་བཞག་པ་བརྒྱུད་ལོ་རེ་བཞིན་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡོད་པར་མ་ཟད་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་རྒྱུ་ཡང་འཐུས་ཤོར་དུ་འགྲོ་བཞིན་མེད།

ཀོང་ལིན་འདེབས་འཛུགས་མཉམ་ལས་ཁང་ནི་གནད་འཁེལ་དབུལ་སྐྱོར་བྱས་པ་ནས་བཟུང་ཐོག་དང་པོར་མིན་ཧོ་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ལས་གྲུབ་པའི་ཞིང་ལས་ཐོན་རྫས་བདག་གཉེར་སྐོར་གྱི་ཁེ་ལས་ཤིག་ཡིན་པ་དང་།དེར་ས་ཞིང་སྤྱི་ཆིང་100དང་རུ་མི་124ཡོད། མཉམ་ལས་ཁང་དེས་ཉི་མ་མེ་ཏོག་དང་མ་རྨོས་ལོ་ཏོག སྔོ་ཚལ།སྨན་རྒྱུ་སོགས་ཞིང་ལས་ཐོན་རྫས་གཙོ་བོར་བྱས་ནས་ཞིང་པ་ཁྱིམ་ཚང་ཉིས་བརྒྱ་སོ་གཉིས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་བཞིན་ཡོད།དེ་རུ་དབུལ་ཕོངས་ཁྱིམ་ཚང་ཁོ་ན་ཁྱིམ་ཚང་ཉེར་གསུམ་ཡོད་པས་སྡེ་བའི་མགོ་ཁྲིད་རྣམས་ཀྱིས་ལོ་རེ་བཞིན་ས་གནས་དེ་གའི་མང་ཚོགས་རྣམས་ལ་ལས་གནས་མང་པོ་མཁོ་འདོན་བྱེད་ཀྱི་ཡོད།

མིན་ཧོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་རྩ་འཛུགས་བྱས་ནས།ཝུའུ་ཞིས་གྲོང་ཁྱེར་པེན་ཧུའུ་ས་ཁུལ་དུ་སོང་ནས་ཐོན་ཁུངས་མཉམ་འདྲེས་དང་སྡེ་ཚོགས་འཕེལ་རྒྱས་སུ་གཏོང་བ།ཁེ་ཕན་མཉམ་འབྲེལ་སོགས་སྔོན་ཐོན་གྱི་འདུ་ཤེས་དང་བདག་གཉེར་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱེད་དུ་བཅུག་པ་དང་།ཁོ་ཚོ་ཕྱིར་ལོག་རྗེས་སུ་ཉི་མ་མེ་ཏོག་དང་ཞོག་ཁོག་སོགས་སྔོ་ཚོད་སྣ་ཚོགས་འདེབས་འཛུགས་བྱེད་བཞིན་ཡོད་ལ་དེ་དང་ཆབས་ཅིག་ལྷག་འཕྲོའི་སྔོ་ཚོད་ལ་བརྟེན་ནས་བྱ་ཕོ་དང་ཕག་པ་གསོ་སོགས་སྤེལ་བྱེད་བཞིན་སྡེ་མི་རྣམས་ཀྱིས་ལོ་གཅིག་གི་དུས་ཚིགས་བཞི་བོའི་ནང་དུ་མཉམ་ལས་ཁང་དེ་རུ་ལས་ཀ་བྱེད་ཀྱི་ཡོད་ཅེས་མཉམ་ལས་ཁང་གི་ཁྲིམས་མི་ཐེ་ལེན་མེ་ཡིས་གསར་འགོད་པར་བཤད།

ཐུམ་སྒྲིལ་སྟབས་བདེ་བརྒྱབ་རྗེས་ཀྱི་ལུག་མིག་མེ་ཏོག་ནི་སྔར་ལས་མིག་ལ་མཛེས་པས་མེ་ཏོག་གཅིག་སྒོར་མོ་བཅུ་བྱས་ནས་འཚོང་ཐུབ་ཀྱི་ཡོད་ཅེས་ཀྲུང་ཁྲོན་ཡུལ་ཚོ་དམངས་གཙོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆའོ་ཝེ་ཏུང་གིས་གསར་འགོད་པར་བཤད། གསོ་སྦྱོང་བྱེད་པའི་སྐབས་སུ་ཀྲུང་ཁྲོན་ཡུལ་ཚོ་དམངས་གཙོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆའོ་ཝེ་ཏུང་ལ་མཚོན་ན་ཝུའུ་ཞིས་གྲོང་ཁྱེར་ཞིས་ཧྲན་ས་ཁུལ་གྱི་ཁྱད་ལྡན་ལུག་མིག་མེ་ཏོག་ཐོན་ལས་ལ་སྤྲོ་བ་ཆེན་པོས་བརྟས་མཁན་ཞིག་རེད།

ཆའོ་ཝེ་ཏུང་གིས་ལུག་མིག་མེ་ཏོག་འདེབས་པར་ས་རྒྱུ་དང་གནམ་གཤིས་དེ་འདྲ་ལེགས་པོ་མིན་ཀྱང་ཆོག་པའི་གནས་ཚུལ་ཤེས་ཡོད་པ་དང་། རང་ཉིད་སྡོད་སའི་སྡེ་བའི་ས་བབ་ཀྱང་བཟང་ཞིང་ལུང་ཁུག་ཏུ་ཆགས་ཡོད་པས། ས་དྲོད་ཆེ་བ་དང་ཞིང་ཆུ་འདྲེན་པར་སྟབས་བདེ་བ།དེ་ལས་གཞན་སྡེ་མི་རྣམས་ལ་ཁམ་བུ་དང་གཡེར་མ།ཤིང་འབྲས་སོགས་འདེབས་འཛུགས་བྱེད་པར་ཡང་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ལ་གཞིགས་ནས། འདེབས་འཛུགས་ཀྱི་ལས་རིགས་དེ་དག་ལ་བརྟེན་ནས་སྡེ་མི་རྣམས་ཀྱི་ཐུན་མོང་དཔལ་འབྱོར་ཇི་ལྟར་གོང་འཕེལ་དུ་བཏང་ནས་དུས་བདེ་དམངས་སྐྱིད་ཡོང་བའི་ཐད་ལ་བསམ་བློ་གཏོང་བཞིན་འདུག

ཕྱིར་ཕ་ཡུལ་དུ་ལོག་རྗེས་ཆའོ་ཝུའེ་ཏུང་གིས་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་སྡེ་མིའི་འཐུས་མི་བཅས་བསྡུ་རུབ་བྱས་ནས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚོགས་འདུ་ཐེངས་མང་ཚོགས་པ་དང་། ནོར་སྲིད་སྒོར་མོ་འབུམ་ལྔ་བརྩོན་ལེན་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞའི་རོགས་སྐྱོར་མ་དངུལ་དང་འཁོར་རྒྱུག་ས་ཞིང་སྤྱི་ཆིང་བཅོ་ལྔ་བརྩོན་ལེན་བྱས་པ་དང་།ཨན་ཧོས་ནས་ས་བོན་ནང་འདྲེན་བྱས་ཏེ་འཁོར་རྒྱུག་ས་ཞིང་དེའི་སྟེང་དུ་ལུག་མིག་མེ་ཏོག་བཏབ། དེ་དག་གི་རྨང་གཞིའི་སྟེང་ཁོས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དབུལ་སྐྱོར་འཁོར་ཁང་གི་ལས་གཞིའི་མ་དངུལ་སྒོར་མོ་འབུམ་གཉིས་ཀྱང་བརྩོན་ལེན་བྱས་པ་རེད། 2020ལོར་ལུག་མིག་མེ་ཏོག་གི་ཡོང་སྒོ་རྐྱང་བ་སྒོར་མོ་འབུམ་གཅིག་དང་ཁྲི་དྲུག་ལ་སླེབས་ཐུབ་པ་བྱུང་།

ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལས་གཞི་ལག་བསྟར་བྱས་པའི་ཚུན་དུ། མིན་ཧོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཝུའུ་ཞིས་གྲོང་ཁྱེར་པེན་ཧུའུ་ས་ཁུལ་གྱི་ཏང་ཨུ་རྩ་འཛུགས་པུའུ་དང་། ཆུའུ་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ལ་ཧུར་ཐག་གིས་འབྲེལ་མཐུད་བྱས་ནས་གསོ་སྦྱོང་སྐོར་གྱི་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་ལོ་ངོ་བཞིའི་རིང་དུ་མཉམ་འབྲེལ་སྒོས་དབུལ་ཕོངས་སྡེ་བའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་དྲུག་ལ་བསྒྲུབས་པ་དང་དེར་སློབ་མ་སུམ་བརྒྱ་གོ་བདུན་ཞུགས་སུ་བཅུག་ནས། དབུལ་ཕོངས་སྡེ་བའི་ལས་གཏོད་འཕེལ་རྒྱས་དང་དབུལ་ཁྱིམ་གྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་འབྱུང་བ། སྡེ་བ་ཡོངས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་ཐུབ་པའི་རྐང་འཛིན་པའི་དཔུང་སྡེ་གསོ་སྐྱོང་བྱས།

མིན་ཧོ་རྫོང་གིས་ད་དུང་དབུལ་ཁྱིམ་ལ་སྣེ་ཁྲིད་བྱེད་པར་ཁས་ལེན་བྱེད་པའི་བྱེད་ཐབས་ལ་བརྟེན་ནས།ཕྱུག་འགྱུར་སྣེ་ཁྲིད་པ་དང་དབུལ་ཁྱིམ་གྱི་བར་དུ་ལག་གདང་མཉམ་སྦྲེལ་གྱིས་དབུལ་ཁྱིམ་དག་གི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བའི་ཐད་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་བྱེད་པའི་ཕན་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་ཡོད། མིག་སྔར་རྫོང་ཡོངས་ཀྱི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་397གྱིས་རིམ་རྩིས་བྱས་ན་དབུལ་ཕོངས་ཁྱིམ་ཚང་846གི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱེད་བཞིན་འདུག །

                                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།