ཀོས་ཀྲིག་ཙུན་དབྱི། རླབས་ཆེན་གྱི་དཀྱོགས་མཚམས་ཤིག་གནས་འདི་ནས་མགོ་བརྩམས།
2021.02.28 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 4

ལོ་རེའི་ཟླ་དང་པོ་ནི་ཆན་པེ་རི་ཁུལ་གྱི་ཆེས་གྲང་ངར་ཆེ་བའི་དུས་ཚིགས་ཡིན་ལ།1935ལོར་ཡང་དེ་ལས་མ་འདས།

ལོ་དེར་ཙུན་དབྱི་བླངས། དམར་དམག་འཐབ་མོ་བ་མང་པོའི་ཡིད་ཀྱི་ཟབ་སར་ཆེས་བརྗེད་དཀའ་བ་ཞིག་ཡོད་པ་དེ་ནི་གྲང་ངར་ཆེ་བ་དེ་རེད། ཆར་པ་མཚམས་མི་ཆད་པར་འབབ་ལ། ཁུག་མའི་ནང་གི་འབར་ཞུན་ཡང་མེར་བསྒྲོན་མི་ཐུབ་པ་རེད།

སྐབས་དེའི་ཀྲུང་དབྱང་གི་དམར་དམག་ཀྲུང་དབྱང་སུའུ་ཁུལ་ནས་ཕྱིར་མི་འཐེན་ཀ་མེད་བྱུང་ནས་ཟླ་གསུམ་འགོར་ཡོད། པོ་ཀུའུ་དང་ལིས་ཏི་སོགས་ཀྱིས་ནོར་འཁྲུལ་གྱིས་བཀོད་འདོམས་འོག་གསར་བརྗེའི་དཔུང་ཆེན་དེ་མི་ཁྲི་བརྒྱད་དང་སྟོང་དྲུག་ནས་མི་ཁྲི་གསུམ་ལ་ཇེ་ཉུང་དུ་ཕྱིན་པ་དང་། དམག་མི་རྣམས་ལ་འབྲུ་རིགས་མི་འདང་བ་དང་མདེའུ་ཉུང་བ། ངལ་དུབ་ཆེན་པོས་ཁེངས་འདུག

བཅིངས་འགྲོལ་དམག་གི་ཡིག་ཚགས་ཁང་ནང་གི་ལོ་རྒྱུས་ཡིག་ཚགས་ཀྱི་ཟིན་ཐོ་ཞིག་ལས། འཚོ་བའི་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འདུག ཉིན་རྒྱུན་ཐུན་མཚམས་གཉིས་མ་གཏོགས་འཐུང་རྒྱུ་མེད་པ་རེད་ཅེས་བཀོད་འདུག

བློ་མཐུན་མའོ་ཙེ་ཏུང་སོགས་ཀྱིས་རྒྱུན་འཁྱོངས་བྱས་པར་བརྟེན།1934ལོའི་ལོ་མཇུག་ནས1935ལོའི་ལོ་སྟོད་བར། ཀྲུང་གུང་ཀྲུང་དབྱང་གིས་བསྟུད་མར་བརྒྱུད་ལམ་གྲོས་ཚོགས་དང་། ལི་ཕེན་གྲོས་ཚོགས། ཧི་ཁྲང་གྲོས་ཚོགས་བཅས་བསྡུས་ཏེ། བྱང་གི་ཧུའུ་ནན་གྱི་ནུབ་རྒྱུད་དུ་བསྐྱོད་རྒྱུའི་སྔར་ཡོད་འཆར་གཞི་བསྐྱུར་ནས་དགྲ་བོའི་སྟོབས་ཤུགས་ཞན་པའི་ཀོས་ཀྲིག་ཕྱོགས་སུ་དཔུང་འཇུག་བྱས་པ་དང་། དེ་ནི་བྱེད་ཐབས་ལེགས་པོ་ཞིག་ཡིན་པས། དེ་མ་ཐག་ཕམ་ཁའི་ཉེན་ཁ་ཚང་མ་ཞི་འཇགས་སུ་བཏང་བ་རེད།

ཟླ་དང་པོའི་ཚེས་བདུན་ཉིན། དམར་དམག་གིས་ཀོས་ཀྲིག་བྱང་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཙུན་དབྱི་ལ་དཔུང་འཇུག་བྱས་ནས་བླངས། ཙུན་དབྱི་དུས་དེ་ནས་བཟུང་རང་རེའི་ཏང་གི་ལོ་རྒྱུས་ཁྲོད་ཀྱི་འདོར་ཐབས་མེད་པའི་ལེའུ་ཞིག་ཏུ་གྱུར་ཡོད་པ་རེད།

སྐབས་དེའི་བློ་མཐུན་མའོ་ཙེ་ཏུང་གི་ཏང་ནང་གི་འགོ་ཁྲིད་ཀྱི་གོ་གནས་ད་དུང་སླར་གསོ་བྱེད་ཐུབ་མེད། ཡིན་ནའང་རྒྱ་ཆེའི་དམར་དམག་གི་བཀོད་འཐབ་པས་ཉེ་དུས་ཀྱི་དམག་འཐབ་བསམ་ཕྱོགས་འགྱུར་ལྡོག་ཁྲོད་ཀྲུང་དབྱང་གི་ཇུས་ཆོད་རིམ་པའི་འགྱུར་ལྡོག་ཤེས་རྟོགས་བྱུང་ཡོད། དམར་དམག་རྒན་པ་ཧྥང་ཆང་སྐུ་འཚོ་བཞུགས་སྐབས་སུ་ཕྱིར་དྲན་བྱས་པ་ལྟར་ན། ངས་ལྐོག་ཏུ་རུ་དཔོན་ལ་གློ་བུར་དུ་འཆར་གཞིར་འགྱུར་བ་བྱུང་བ་ནི་སུ་ཞིག་གི་བསམ་ཚུལ་ཡིན་ཞེས་དྲིས་པ་ན། རུ་དཔོན་གྱིས་ངའི་རྣ་རྩར་མའོ་ཙེ་ཏུང་ལགས་རེད་ཅེས་བཤད་བྱུང་།

སྐབས་དེར། པོ་ཀུའུ་དང་ལིས་ཏི་གཉིས་ཀྱིས་དམར་དམག་ལ་ཚོད་འཛིན་བྱེད་པའི་དངོས་ཡོད་དབང་ཆ་ཤོར་ཡོད་པ་དང་། མའོ་ཙེ་ཏུང་གི་ཡང་དག་པའི་འདོད་ཚུལ་ཡང་འགོ་ཁྲིད་བློ་མཐུན་མང་ཆེ་བས་དང་ལེན་བྱས་ཡོད་པས། ཏང་ཡོངས་དང་དམག་ཡོངས་ཀྱིས་མྱུར་དུ་ཕྱོགས་སྡོམ་དང་རང་སྐྱོན་རང་བརྟག་ཟབ་མོ་ཞིག་བྱས་པ་དང་། འདིས་ཙུན་དབྱི་གྲོས་ཚོགས་འཚོགས་པར་བསམ་བློ་དང་། དམག་དོན། རྩ་འཛུགས་བཅས་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་དགོང་ཇ་འཐུང་རྗེས། དགུན་ཁའི་ཆར་བ་སམ་སིམ་དུ་འབབ་བཞིན་འདུག ཀོས་ཀྲིག་དམག་ཤེད་ཅན་པའེ་ཧོས་ཀྲང་ཚང་གི་སྒོ་མདུན་གྱི་སྣུམ་སྒྲོན་སྦར་བ་དང་། གློག་འོད་ཀྱིས་སྒོ་བྱང་སྟེང་གི“བེ་ལུའུ”ཞེས་པའི་ཡིག་འབྲུ་གཉིས་གསལ་བོར་མཐོང་ཐུབ། ལྷོ་སྒོ་ཉེན་སྲུང་ལས་འགན་གྱི་འགན་འཁུར་བའི་དམར་དམག་འཐབ་མོ་བ་དབྱང་ཧྲི་ལིན་གྱིས་བརྒྱ་དཔོན་ལ།“བེ་ལུའུ་ཞེས་པ་ནི་ཅི་ཞིག་གི་དོན་ཡིན”ཞེས་དྲིས་པར། བརྒྱ་དཔོན་གྱིས་ཀྱང་མི་ཤེས་པའི་བརྡ་ལ་མགོ་བོ་གཡུག་གཡུག་བྱས།

དབྱང་ཧྲི་ལིན་སྐུ་འཚོ་བཞུགས་སྐབས་སུ་ཕྱིར་དྲན་བྱས་པ་ལྟར་ན། ཙུན་དབྱི་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་ནས་བསྟུད་མར་ཉིན་གསུམ་ལ་འཚོགས་ཤིང་། ཚང་མ་དགོང་ཟས་ཀྱི་རྗེས་སུ་འཚོགས་པ་དང་། ཕྱི་ཉིན་གྱི་ཐོ་རེངས་དུས་སུ་ད་གཟོད་མཇུག་སྒྲིལ་བ་རེད། དགོང་མོར་ཚོགས་པའི་རྒྱུ་མཚན་ནི་མཁའ་ཟོན་ལ་བསམ་བློ་བཏང་བ་རེད་ཟེར།

མེ་བུམ་ཆེན་པོ་ཞིག་མེར་སྦར་ཞིང་། ཀྲུང་དབྱང་གི་འགོ་ཁྲིད་དང་དམག་ཚོགས་སོ་སོའི་འགན་ཁུར་བ་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང་། དབྱང་ཧྲི་ལིན་གྱིས་སྲུང་བཞིན་པའི་ལྷོ་སྒོ་ནི་ཚོགས་རར་འགྲོ་བའི་བརྒྱུད་ལམ་གཙོ་བོ་ཞིག་རེད། ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། མའོ་ཙེ་ཏུང་གིས་ལྷན་པ་བརྒྱབ་པའི་སྲིང་བལ་གྱི་ལྭ་ཞིག་གྱོན་ཡོད་པ་དང་། ལག་ཏུ་དུ་བ་ཞིག་བཟུང་ནས་ཀྲང་བུན་ཐེན་དང་མཉམ་དུ་སླེབས་བྱུང་ཟེར།

ཝང་ཅ་ཞང་ཤིང་ལེབ་སྟེང་བཀྱགས་ནས་ཚོགས་འདུར་ཞུགས་སུ་ཡོང་། ཁོར་ཚ་རྒྱས་བཞིན་ཡོད་པ་དང་། ལུས་ལ་ད་དུང་མེ་མདས་རྨས་ཕོག་འདུག ཏག་ཏག་ཚོགས་འདུ་ཚོགས་ས་རུ་རྐུབ་སྟེགས་རིང་པོ་ཞིག་ཡོད་པས། ཁོ་ཉལ་ནས་ཚོགས་འདུ་འཚོགས་པ་རེད། དབྱང་ཧྲི་ལིན་གྱིས་ད་དུང་ལིས་ཏི་ཡོང་བ་ཆེས་འཕྱི་བ་དང་། ཧ་ཅང་ལྗིད་པའི་ཀོ་ལྷམ་ཆེན་པོ་ཞིག་གྱོན་ཡོད་པས་ངོ་གནོང་ནས་གདོང་ཡང་དམར་པོར་གྱུར་བ་དྲན་བཞིན་འདུག

རྒྱུ་མཚན་གསེད་བཀྲོལ་དང་། རྩོད་གླེང་། དགག་པ་བཅས་བརྒྱབ་ཏེ། ཙུན་དབྱི་གྲོས་ཚོགས་ཚད་མཐོ་བའི་གསང་བའི་སྒོ་ནས་བསྟུད་མར་དགོང་མ་གསུམ་ལ་ཚོགས་པ་རེད། དབྱང་ཧྲི་ལིན་དང་བྱང་སྒོ་སྲུང་མཁན་ཡོན་ཁུན་གཉིས་ཀྱིས་སྒེའུ་ཁུང་སྲུབས་ཀ་ནས་ལོ་རྒྱུས་བདེན་དཔང་བྱས་པ་དང་། དམར་དམག་གི་དཔོན་དམག་དེ་བས་མང་བས་གནས་ཚུལ་ཅི་ཡང་ཤེས་ཀྱིན་མེད། དམར་དམག་རྒན་པ་ཝང་ཏའོ་ཅིན་སྐུ་འཚོ་བཞུགས་སྐབས་སུ་ཕྱིར་དྲན་བྱས་པ་ལྟར་ན། ཉིན་དེ་དག་གི་རིང་ལ་མཚན་མོར་ཉལ་དུས་དམག་དཔུང་གིས་གྱོན་ཆས་ཕུད་མི་ཆོག་པ་དང་། མེ་མདའ་པང་དུ་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་འཐབ་འཛིང་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་བཤད། ཡིན་ནའང་། ཚང་མས་དོན་དག་ཅི་ཞིག་བྱུང་བ་ཤེས་མེད། རྗེས་ནས་ཡུན་ནན་བཀྲ་ཤིས་ས་ཆར་སླེབས་དུས། ད་གཟོད་ཙུན་དབྱི་གྲོས་ཚོགས་འཚོགས་པ་ཤེས།

ཉིན་གསུམ་གྱི་ཙུན་དབྱི་གྲོས་ཚོགས་ཐོག་པོ་ཀུའུ་དང་ལིས་ཏི་གཉིས་ཀྱི་བཀོད་འདོམས་དབང་ཆ་ཆེ་ཤོས་མེད་པར་བཟོས་པ་མ་ཟད། བློ་མཐུན་མའོ་ཙེ་ཏུང་རྒྱུན་ལས་ཨུ་ཡོན་ལ་འདེམས་རྒྱུ་སོགས་ཐག་གཅོད་བཞི་ལ་གྲོས་འཆམ་ཡང་བྱུང་བ་རེད། ཚོགས་འདུའི་རྗེས་སུ། མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལེ། ཝང་ཅ་ཞང་བཅས་ཀྱིས་གྲུབ་པའི“མི་གསུམ་དམག་དོན་བཀོད་འདོམས་ཚན་ཆུང་”ཞིག་བཙུགས་ཏེ། དམར་དམག་གི་བཀོད་འདོམས་དབང་ཆ་གཅིག་གྱུར་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གི་ཏང་ནང་གི་སྲོག་ཤིང་འགོ་ཁྲིད་གོ་གནས་གཏན་འཁེལ་བྱས།

རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅིན་དབྱི་ནན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བཅུ་བཞིའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཟུངས་ཁྲག་དང་ཚེ་སྲོག་མང་པོ་བཏང་མཐར་རང་ཉིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་ནས་རང་ཉིད་ཀྱིས་རང་ཉིད་ཀྱི་འགོ་ཁྲིད་མི་སྣ་བཀོད་སྒྲིག་བྱས་ཞེས་བཤད།

ཡོན་ཁུན་སྐུ་འཚོ་བཞུགས་སྐབས་སུ་ཕྱིར་དྲན་བྱེད་རྒྱུར། གྲོས་ཚོགས་མཇུག་བསྒྲིལ་རྗེས། མའོ་ཙེ་ཏུང་ཆེད་དུ་བྱང་སྒོ་ཉེན་སྲུང་འཐབ་མོ་བ་རྣམས་ལ་འཚམས་འདྲི་བྱིན་ཏེ།“བློ་མཐུན་རྣམས་ཀྱིས་དཀའ་ལས་མྱངས་སོང་”ཞེས་གསུངས་པ་དང་། ཡོན་ཁུན་སྡོད་སའི་དམར་དམག་ཚོགས་པ་སོ་བདུན་པའི་དཔོན་དམག་རུ་ཁག་གིས“དཀའ་ལས་མྱངས་མ་སོང་”ཞེས་ཕྱིར་ལན་བཏབ།

ཙུན་དབྱི་གྲོས་ཚོགས་ཀྱི་རྗེས་སུ། ཏང་ཡོངས་དང་དམག་ཡོངས་མའོ་ཙེ་ཏུང་གི་དམག་དོན་འཐབ་ཇུས་དང་འཐབ་རྩལ་གྱི་དགོངས་པས་མཛུབ་སྟོན་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་པ་དང་། དེའི་གྲུབ་འབྲས་དེ་ཆེས་ཐོག་མར་དམར་དམག་རྒྱང་བསྐྱོད་ཀྱི་འཐབ་ཇུས་བྱེད་ཕྱོགས་སྟེང་མངོན་པར་བྱས།

ཁྲི་ཧྲོས་གཙང་པོ་ཐེངས་བཞིར་བརྒལ་བ་དང་། འབྲི་ཆུར་བདེ་བླག་ངང་བརྒལ་ཏེ། དམར་དམག་ལ་རྒྱལ་ཁ་གཅིག་རྗེས་གཉིས་མཐུད་དུ་ཐོབ་པ་རེད། ཐེངས་གསུམ་པར་ཁྲི་ཧྲོས་གཙང་པོ་བརྒལ་བའི་མཚན་མོར། དམར་དམག་གི་གཙོ་ཤུགས་ཙུན་དབྱི་ས་ཆའི་ཁྲང་ཀན་རི་བོ་དང་ཧྥུན་ཞང་རགས་ཁ་ན་ཡོད་པས། ཁོ་ཚོའི་དམག་དཔུང་གི་རྗེས་སུ་འབྲངས་པའི་སི་ཁྲོན་དམག་མི་རྣམས་རྒྱལ་ཁའི་ངང་ཚར་གཅོད་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་རེད། མའོ་ཙེ་ཏུང་གིས་གསང་བ་གལ་ཆེན་གྱི་ཚན་ཁག་ནས་གནས་ཚུལ་དེ་ཐོས་རྗེས། གློ་བུར་དུ་ཧུའུ་ནན་སྐད་ཀྱིས “ཁྲང་ཀན་རི་བོ......ཧྥུན་ཞང་རགས་ཁ......”ཞེས་སྐད་གསང་མཐོན་པོས་གྱེར་འདོན་བྱས་བྱུང་།

སྐབས་དེ་དུས་མའོ་ཙེ་ཏུང་གི་རྒྱབ་ཏུ་ལངས་པའི་གསང་བ་གལ་ཆེན་གྱི་ཚན་མོའུ་དབྱང་ཁྲུའུ་ཀྲིན་སྐུ་འཚོ་བཞུགས་སྐབས་ཕྱིར་དྲན་བྱས་པ་ལྟར་ན།“མའོ་ཀྲུའུ་ཞིའི་སེམས་པ་ཧ་ཅང་སྐྱིད་ཡོད་པ་འདྲ་སྟེ། སྙན་ངག་ཅིག་བརྩམས་འདོད་ཡོད་པ་རེད”ཅེས་བཤད། དོན་དངོས་ཡང་དེ་ལྟར་ཡིན་པ་སྟེ། དམར་དམག་ཐེངས་བཞི་བར་ཁྲི་ཧྲོས་གཙང་པོ་བརྒལ་རྗེས། མཐའ་མཇུག་འཐབ་ཕྱོགས་སྤོ་བསྒྱུར་གྱི་རང་བདག་དབང་ཆ་བླངས་པ་རེད།

ལོ་ངོ་ལྔ་བཅུའི་རྗེས་སུ། ཨ་མེ་རི་ཁའི་རྩོམ་པ་པོ་སོར་འར་ཚི་པོ་ལི་ཡིས་ཙུན་དབྱི་གྲོས་ཚོགས་མཇུག་རྫོགས་པ་དང་། མུ་མཐུད་དུ་རྒྱང་སྐྱོད་བྱེད་བཞིན་འདུག མའོ་ཙེ་ཏུང་གིས་དབང་ཆ་བཟུང་། ཀྲུང་གོའི་བགྲོད་ལམ་དེ་རྗེས་ཕྱོགས་ཀྱི་དུས་རབས་ཕྱེད་ཀའི་རིང་ལ་དེ་ལྟར་གཏན་འཁེལ་བྱས་ཞེས་པའི་རྩོམ་ཡིག་ཅིག་ཀྱང་བྲིས་འདུག

ལོ་ཙཱ། ཚེ་རིང་སྒྲོལ་མ།