སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དེ་དམངས་ཚིས་བདེ་སྐྱིད་སྔར་ལས་བཟང་བོ་བསྐྲུན་དགོས།
2021.03.09 ཁུངས། འོད་ཟེར་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ་གསུམ་པའི་ཚེས་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ལས་དོན་ཞིག་རེད། ལོ་མང་པོའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་གལ་ཆེན་མང་པོ་ཞིག་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཀྱི་དོན་སྙིང་དང་ཁ་ཕྱོགས་ཀྱི་བྱེད་ཐབས་ལ་དམིགས་ནས་འཆད་འགྲེལ་གཏིང་ཟབ་རབ་དང་རིམ་པ་གནང་ཡོད། དེ་ནི་ང་ཚོའི་ཏང་གིས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས། འཕེལ་རྒྱས་ཀྱི་རྐང་འཛུགས་ས་བཅས་ལ་སྤྱི་བསྡོམས་གསར་བ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་ཞིག་ཡིན་པས། ང་ཚོ་ལ“ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་དེ་ལས་རིང་བའི་དུས་སྐབས་ཀྱི་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

འདས་ཟིན་པའི་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ལ། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་ནན་པོ་དང་དེ་བཞིན་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཕྱོགས་མང་གི་རྡབ་རྡེག་ལ་ཁ་གཏད་ནས། ང་ཚོས་སྔར་བཞིན་མི་དམངས་ཀྱི་བློ་ཡིད་ཚིམ་པ་དང་འཛམ་གླིང་གིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཐུབ་པ་བཅས་ཀྱི་འབྲས་བུ་ཞིག་ཕུལ་ཟིན། མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་གྱི་དམིགས་འབེན་ལས་འགན་གཙོ་བོ་དུས་ལྟར་ལེགས་འགྲུབ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་བརྟན་པོའི་ངང་ལག་བསྟར་བྱས་པ་དང་། ནང་མཁོས་དཔལ་འབྱོར་འཕར་སྣོན་ལ་འདོན་པའི་སྒུལ་ཤུགས་རིམ་བཞིན་ཇེ་ཆེར་བཏང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་ལ་སླེབས། དམངས་ཚིས་མཐའ་སྐྱོང་ལ་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་ཐུབ་པ་དང་། རྒྱལ་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་དངོས་སུ་འཕར་ཡོད། མཐོང་ཐུབ་པའི་འགྱུར་ལྡོག་དང་གཞི་གྲངས་བརྟན་པོ། མྱོང་ཚོར་དངོས་བཅས་ནི་ཉེ་བའི་ལོ་འགའི་རིང་ཀྲུང་གོས་སྤུས་ཚད་འཕོ་འགྱུར་དང་ལས་ཆོད་གསར་བསྒྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། སྔར་ལས་དྲང་གཞག་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་མགྱོགས་མྱུར་སྒོས་བསྐྱོད་བཞིན་ཡོད་པ་གསལ་བཤད་གང་ལེགས་བྱས་ཡོད།

བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་ང་ཚོ་ངེས་པར་དུ་བསྐྱོད་དགོས་པའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཡིན། མར་ཁེ་སིས“མི་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་གསར་སྐྲུན་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁོ་ཚོས་རང་སྣང་གང་ཤར་གྱིས་གསར་སྐྲུན་བྱས་པ་ཞིག་མིན་ལ། ཁོ་ཚོ་རང་ཉིད་ཀྱིས་བདམས་པའི་ཆ་རྐྱེན་འོག་གསར་སྐྲུན་བྱས་པ་ཞིག་ཀྱང་མིན་པར། ཐད་ཀར་འཕྲད་པ་དང་གཏན་འཁེལ་བྱས་པ། སྔོན་ཆད་རྒྱུན་འཛིན་བྱས་པ་བཅས་ཀྱི་ཆ་རྐྱེན་འོག་གསར་སྐྲུན་བྱས་པ་ཞིག་རེད།” སྔོན་བྱོན་པ་ཚོས་ཕུན་སུམ་ཚོགས་པའི་དངོས་པོ་དང་བསམ་པའི་རྒྱུ་ནོར་བཞག་ཡོད་མོད། འོན་ཀྱང་། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ལ་ང་ཚོས་དུས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ། སྤྱི་ཚོགས་ཀྱི་འབྲེལ་བ་བཅས་འཕེལ་རྒྱས་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་ཐད་ཀྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདུ་ཤེས་མང་པོར་བསམ་གཞིག་དང་ཚད་བརྒལ་བྱས་པ་ཞིག་ཀྱང་རེད། འཕར་སྣོན་གྱི་མྱུར་ཚད་དམ་འཛིན་ཤུགས་ཆེན་བྱེད་པ་ནས་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར་དང་། གསར་སྐྲུན་གྱིས་སྐུལ་འདེད་གཏོང་བར་བསྒྱུར་བ། དཔལ་འབྱོར་ཁྱབ་ཁོངས་ལ་མཐོང་ཆེན་བྱེད་པ་ནས་དཔལ་འབྱོར་སྤྱི་ཚོགས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། མི་གཙོ་བོར་འཛིན་པའི་འདུ་ཤེས་དར་སྤེལ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་པའི་བར་དུ། ང་ཚོས་ཚན་རྩལ་གསར་སྐྲུན་དང་ཐོན་ལས་ཀྱི་རྣམ་པ་བསྒྱུར་བ། ལྗང་མདོག་འཕེལ་རྒྱས། རིག་གནས་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་སོ་སོ་རུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་གསར་པ་བླངས་ཡོད།

རྒྱལ་ཁབ་སྐྱོང་བའི་རྒྱུན་དང་མི་དམངས་ཀྱི་ཁེ་ཕན་རྩ་བར་འཛིན་དགོས། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།” དོན་དངོས་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་ཡིན་ནའང་འདྲ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུའི་བླང་བྱ་ཡིན་ནའང་འདྲ། དེའི་ནང་གི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ནི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱ་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་སར་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱ་རྒྱུ་དེ་ང་ཚོས་འབད་འཐབ་བྱེད་པའི་དམིགས་འབེན་དུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཚེ། ང་ཚོའི་བྱ་བར་གཞི་ནས་སྒུལ་ཤུགས་ཡོད་པ་དང་འབད་འཐབ་ལ་རིན་ཐང་ཡོད་པ། མ་འོངས་པར་རེ་བ་ཡོད་པ་ཞིག་རེད། རྒྱལ་ཁབ་དར་རྒྱས་བྱུང་ན་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་སྲིད། ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཐུས་མིའི་བཤད་པའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་། མདོ་ལ་རི་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཡུས་ཧྲུའུ་གནོད་ཤུལ་བསྐྱར་སྐྲུན་གྱི་འགྱུར་ལྡོག་གསར་པ་སོགས་ཐད་ཀྱི་བསམ་འཆར་ལ་གསན་ནས་བཀའ་འདྲི་ཡང་ཡང་གནང་བ་དང་། དེ་ལས་ང་ཚོའི་ཏང་གིས་དམངས་ལ་སྲིད་དོན་འདྲི་བ་དང་དམངས་ལ་དགོས་མཁོ་འདྲི་བ། དམངས་ལ་ཐབས་ཇུས་འདྲི་བ་བཅས་ཀྱི་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་དང་མི་དམངས་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་སེམས་གང་ལེགས་ཀྱིས་མངོན་ཡོད།

རྒྱལ་ཁ་ལེན་ཐག་ཆོད་པ་ཞིག་མེད་པར་དུས་ནམ་ཡང་ཡར་ཐོན་ལ་བརྩོན་དགོས། ད་ལྟ་ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དུས་ལྟར་ལེགས་འགྲུབ་བྱས་ཡོད་པ་དང་། ཁྱད་དབུལ་གྱི་དབུལ་ཕོངས་མི་སྣ་རྩ་བ་ནས་སེལ་བར་བྱས་ཡོད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་བླངས་ཡོད། རྗེས་ཕྱོགས། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་སྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་བྱས་རྗེས་འཇོག་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།