སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ།
2021.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

 --སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལས་མི་སེམས་ལ་སྐུལ་མ་ཐེབས།

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི‘ལོ་ལྔའི་འཆར་འགོད་བཅུ་བཞི’པ་དང་ཐ་ན་དུས་ཡུན་སྔར་ལས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།”

ཚེས7ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཆད་འགྲེལ་གཏིང་ཟབ་དང་བླང་བྱ་གསར་པ་བཏོན་པས། འཐུས་མི་ཨུ་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། གསར་གཏོད་གསར་སྐྲུན་དང་དཀའ་སྤྱད་དོན་གཉེར། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན།

ཚོགས་འདུའི་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ཉན་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཟི་ལིང་གྲོང་ཁྱེར་གྱི་འགོ་གཙོ་ཀྲང་ཞའོ་རུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུས་ལོན་ཟབ་མོ་བྱུང་ཞིང་། “ང་ཚོས་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཧུར་ཐག་གིས་བསྐྲུན་ནས་མཚོ་སྔོན་གྱི་དོན་དངོས་དང་འཚམ་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན”ཞེས་དེ་ལྟར་བཤད་བྱུང་།

ཡུལ་བབ་དང་བསྟུན་པ་དང་ཞན་ཆ་ཁ་གསབ་བྱེད་པར་ས་གནས་ཁག་གིས་རང་ས་གནས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད། བྱང་ཤར་ས་ཁུལ་གྱི་རྡོ་སོལ་ཐོན་ཁུངས་རང་བཞིན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧོ་གྲོང་ཁྱེར་གྱིས་རྡོ་སོལ་ཐོན་ཁུངས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ཐོན་ལས་གཞན་སྒྱུར་དང་རིམ་སྤོར་ལ་བར་སྟོང་ལེགས་པོ་བསྐྲུན་ཡོད།  “ང་ཚོས་གྲོང་ཁྱེར་ཕྱོགས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ལ་དམིགས་ཏེ་གྲོང་ཁྱེར་ཁྱོན་ཡོངས་ནས་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཆིའུ་ཧྲི་ཡིས་དེ་ལྟར་བཤད་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཀྲང་ཅ་ཁིག་གྲོང་ཁྱེར་ཆའོ་ཏུང་ཆུས་ཏུང་ཝང་ཧྲན་ཡུལ་ཚོ་ཡོན་ཙི་ཧོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཞོར་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་བའི་ཀའོ་ཅན་རིན་དང་ཡུལ་མི་ཚོའི་འབྱུང་འགྱུར་ལ་རེ་བ་ཆེན་པོ་བསྩལ་བྱུང་།

ཀའོ་ཅན་རིན་གྱིས “ང་ཚོ་ཡན་ཧྲན་དང་ཐའེ་ཧང་ཧྲན་རྒྱུད་ཀྱི་ཁོར་ཡུག་མཛེས་ཤིང་མཁའ་དབུགས་གཙང་བས། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། རྒན་གསོའི་ཐོན་ལས་དང་ལེན་དང་གོང་དུ་སྤེལ་ཚེ།  རང་ཉིད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པར་ཡིད་ཆེས་ཡོད”ཅེས་དེ་ལྟར་བཤད་བྱུང་།

མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དམངས་ཚིས་དགོས་མཁོ་སྐོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་ནང་དོན་ཞིག་རེད། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་ཉེན་ཚབ། སྨན་བཅོས། རྒན་གསོ། བྱིས་གཉོར་ཁང་། སྡོད་ཁང་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་དམངས་ཚིས་ལ་དོ་ཁུར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པ་ཞིག་ཏུ་གྱུར་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ལེའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཅིན་ཅིང་ཀྲེ་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་གཉིས་ཟུང་འབྲེལ་དམ་པོ་བྱེད་དགོས་པ་ནན་བཤད་གནང་ཡོད་པས། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས། སྨན་བཅོས་ཀྱི་ཆ་རྐྱེན་དང་སྨན་ཁང་གི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་ཡོང་བར་བརྩོན་ལེན་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཐོབ་སྣང་སྔར་བས་མང་པོ་ཡོད་པར་བྱ་རྒྱུ་ཡིན་ཟེར།

དམངས་ཚིས་དོན་དངོས་ཡག་པོ་སྒྲུབ་པ་དེ་དམངས་ཚིས་མ་དངུལ་གཏོང་ཚད་དང་ཁ་འབྲལ་ཐབས་མེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་ལིའུ་ཞིན་ཡུན་གྱིས་བཤད་རྒྱུར། ད་ལོར་ཧྲན་ཏུང་གིས་དམངས་ཚིས་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུ་ལས་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱས་ཏེ། དམངས་ཚིས་མཐའ་ཚད་བརྟན་པོ་བཟོས་པའི་རྨང་གཞིའི་ཐོག་སློབ་གསོ་དང་། རིག་གནས། སྡོད་ཁང་སོགས་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ཇེ་མང་དུ་བཏང་བ་བརྒྱུད། དམངས་ཚིས་བཟོ་སྐྲུན་དེ“ཡོད་པ”ནས“བཟང་བའི”བར་གྱི་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མཁར་གྲོང་གི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མྱོང་བའི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུ་མགོ་ཁུངས་སྡེ་བས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་ཆེད། རྩྭ་ཐང་ནས་གནས་སྤར་བའི་ཡུལ་མི་ཚོའི་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་ཡིན་པ་རེད།  འབྲི་ཆུ་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་བཤད་རྒྱུར། ད་ལྟ་སྡེ་བ་ཡོངས་ཀྱི་དབུལ་ཞྭ་ཕུད་ཟིན་པ་དང་སྡེ་མི་མང་པོ་ཞིག་ད་དུང་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་ནས།‘ཀྲུང་ཧྭའི་ཆུ་གཏེར’ སྲུང་སྐྱོབ་ཡག་པོ་བྱེད་པ་དང་ཆབས་ཅིག  ཧུར་ཐག་གིས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས་སྡེ་མི་ཚོར་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་གསར་པ་ཟམ་མི་ཆད་པར་བཏོད་དེ་ཕྱུག་འགྱུར་གྱི་སྒོ་མོ་གསར་པ་གཏོད་རྒྱུ་ཡིན་ཟེར།

ཉིན་བཅུའི་སྔོན་པེ་ཅིན་ནས“རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེའི”དཔང་རྟགས་ཐོབ་པའི་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཡུལ་ཚོ་ཏ་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧོ་ཅ་ཀྲི་ཡང་བསྐྱར་སྡེ་བའི་ནང་ལས་ལ་བྲེལ་བཞིན་ཡོད། “ན་ནིང་གི་ལོ་སྨད་ནས་བཟུང་ང་ཚོའི་སྡེ་བས་ཞིང་སྡེ་དར་སྤེལ་གཏོང་རྒྱུའི་འཆར་གཞི་བཀོད་ཡོད”།  ཧོ་ཅ་ཀྲི་ཡིས་བཤད་རྒྱུར། ཏ་ཝན་སྡེ་བས་ཇའི་ཐོན་ལས་དང་ཡུལ་སྐོར་ལས་རིགས་ལ་དམིགས་ནས་ཏ་ཝན་སྡེ་བའི་ཇའི་སྤུས་རྟགས་གཏོད་རྒྱུ་ཡིན་ལ། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ་བྱེད་དགོས་པ་མ་ཟད། འབྱུང་འགྱུར་ཞིང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་ཞིག་ཏུ་དེ་བས་ཀྱང་འབད་བརྩོན་བྱེད་དགོས” ཟེར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལྗང་མདོག་འཕེལ་རྒྱས་ཡིན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་གི་ཀྲུའུ་རིན་གཞོན་པ་ཁུང་ཆིན་ཅུས་ཀྱིས་མདོ་ལ་རི་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅིར་རྩ་ཆེའི་པར་རིས་མང་པོ་བསྟན་པ་དེའི་ནང་ལོ་མང་མཐོང་དཀོན་པའི་གསའ་དང་བྱེ་ཐང་ཞི་ལ་སོགས་རི་སྐྱེས་སྲོག་ཆགས་ཡོད་པ་རེད། “སྤྱི་ཁྱབ་ཧྲུའུ་ཅིས་འདྲ་པར་ལ་གཟིགས་རྗེས་མགོ་བོ་ལྡེམ་ལྡེམ་བྱས་པ་ནི་ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་ཁས་ལེན་བྱས་པ་ཞིག་རེད”ཅེས་  ཁུང་ཆིན་ཅུས་ཀྱིས་དེ་ལྟར་བཤད་བྱུང་།

སྔོན་ཆད་ས་གནས་དེ་གར་གང་བྱུང་དུ་ས་རྐོ་རྡོ་སློག་གི་སྣང་ཚུལ་ཚབས་ཆེ་བ་དང་སྔོ་ཁེབས་དང་རྩྭ་ཐང་ཉམས་ཞན་དུ་འགྲོ་བཞིན་ཡོད། ད་ལྟ་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱིས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པས“སྐྱེ་ཁམས་ཀྱི་ཡོང་སྒོ” འཚོལ་ཐུབ་པ་བྱུང་ཡོད།  “ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྩྭ་ཐང་དེ་བས་སྔོ་ལྗང་དང་ནགས་ཚལ་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས”  ཞེས་ཁུང་ཆིན་ཅུས་ཀྱིས་དེ་ལྟར་བཤད་བྱུང་།

དྲོ་འཇམ་ལྡན་པའི་དཔྱིད་རླུང་གིས་ཡང་བསྐྱར་ས་གཞིར་ལྗང་མདོག་གི་དཔྱིད་དཔལ་བསྩལ། “ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་གཟིགས་ཞིབ་གནང་སྐབས་ཨན་ཅིར་རེ་བ་གསར་པ་བཏོན་ཡོད” ཨན་ཅི་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧྲེན་མིང་ཆོན་གྱིས་བཤད་རྒྱུར། ཨན་ཅིའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས།  ལྗང་མདོག་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གཅིག་སྡུད་བཅོས་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྗི་ལ་རྒྱང་ཐག་རིང་བ་ཞིག་རེད། ” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨན་ཧུའེ་ཨའེ་ཁི་ལན་ཁོར་ཡུག་སྲུང་སྐྱོབ་མ་རྐང་ཚད་ཡོད་ཀུང་སིའི་འགོ་གཙོ་ལིག་དབྱི་ཡིས་བལྟས་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་སྐུལ་འདེད་ཡོ་བྱད་ལྟ་བུ་ཞིག་ཡིན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར“སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས། “འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འབྱུང་འགྱུར་གྱི་རི་ཆུ་ཀླུང་གསུམ་དང་དྭངས་གཙང་གི་ཡུལ་གྲུ་ནི་ང་ཚོའི་འཚོ་བའི་རྒྱུན་རྣམ་ཞིག་ཡིན་པར་ཡིད་ཆེས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།