——ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པ་དང་ཡུས་ཧྲུའུ་གནོད་ཤུལ་བསྐྱར་བསྐྲུན་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ལགས། བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་བདེ་ལེགས།
སྤྱི་ཟླ་3པའི་ཚེས་7ཉིན་གྱི་ཕྱི་དྲོ།མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།ལོ་ཡི་འཁོར་མོ་ལྔའི་རྗེས་སུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་ཡོད།བོད་རིགས་འཐུས་མི་བཀྲ་ཤིས་རྡོ་རྗེ་ཡིས་འཚམས་འདྲི་ཞུས་མ་ཐག སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་སྤྲོ་པོའི་ངང་ཁོ་ལ་ཨ་ལན་གནང་།
བཀྲ་ཤིས་རྡོ་རྗེ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པ་དང་།ལོ་ངོ་བཅུའི་སྔོན་ལ།ཁོའི་ཕ་ཡུལ་དུ་ས་འགུལ་ཆེན་པོ་བྱུང་སྟེ།ཁྱིམ་གཞི་ལ་གཏོར་སྐྱོན་ཚབས་ཆེན་བཟོས་སོང་།སྐབས་དེར།བློ་མཐུན་ཞི་ཅིན་ཕིང་ཆེད་དུ་མཚོ་སྔོན་ཡུས་ཧྲུའུ་ས་འགུལ་གནོད་འཚེ་ཐེབས་སར་ཕེབས་ཏེ།གནོད་ཐེབས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་།གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་བྱས་ནས།ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ།
གནོད་འཚེ་ཆེན་པོའི་རྗེས་སུ།ཡུས་ཧྲུའུ་དེ་ཉིད་གས་ཆག་ཁྲོད་ནས་ཡར་ལངས་ཏེ་མགྱོགས་མྱུར་ངང་ཁྱིམ་གཞི་བསྐྱར་སྐྲུན་ཐུབ་ཅིང་།དབུལ་ཐར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད།མིག་སྔར།ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་6ཚང་མ་དབུལ་ཐར་གྱི་ཞྭ་མོ་ཕུད་ཟིན་པ་དང་།མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ་2015ལོའི་སྒོར་2970ནས་ད་ལྟའི་སྒོར་7000ཡན་འཕར་ཡོད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་པ་དེ་གངས་ལྗོངས་ས་མཐོར་ཀྲོང་ངེར་འགྱིང་ཞིང་།ལོ་གསུམ་ལ་དཀའ་སྤྱད་འབད་འཐབ་བྱས་ཏེ་ལོ་ངོ་ཉི་ཤུ་ཐོད་བརྒལ་ཡོང་བ་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱུང་ཡོད།
བཀྲ་ཤིས་རྡོ་རྗེ་ཡི་གཏམ་བཤད་ལ་གསན་རྗེས།
སྤྱི་ཁྱབ་ཧྲུའུ་ཅི་ཡིས།སྐབས་དེར་ང་རང་ཐད་ཀར་གནམ་གྲུར་བསྡད་དེ་ཡུས་ཧྲུའུ་ལ་ཡོང་བ་ཡིན་ཞིང་།
སྐབས་དེར།ས་བབ་མཐོ་ཚད་སྨི་4000ལྷག་གི་གྲོང་ཚོ་ཞིག་ལ་འབྱོར་དུས།གནས་དེར་ས་འགུལ་གྱིས་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་མཐོང་བྱུང་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅིས།ཡུས་ཧྲུའུ་ཁུལ་གྱི་ལས་ཁུངས་ཤིག་ཏུ།ངས་གནོད་འཚེ་ཆེན་པོའི་རྗེས་སུ་འགྱུར་ལྡོག་ཆེན་པོ་ཡོང་ངེས་ཡིན།ཁྱེད་རང་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་།ཏང་ཀྲུང་དབྱང་གི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར།ད་དུང་རྒྱལ་ཡོངས་མི་དམངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་བཅས་ཡོད་པས།ཚང་མས་མཉམ་དུ་རང་སྟོབས་རང་སྤེལ་གྱི་སྒོ་ནས་ཁྱིམ་གཞི་བསྐྱར་སྐྲུན་བྱས་ན།མ་འོངས་པར་ཡུས་ཧྲུའུ་གསར་པ་ཞིག་བསྐྲུན་ཐུབ་ངེས་ཡིན་ཞེས་སྐུལ་ལྕག་གི་སྐད་ཆ་འགའ་བཤད་པ་ཡིན་ཞེས་གསུངས།
འཐུས་མི་བཀྲ་ཤིས་རྡོ་རྗེ་ཡིས་ད་ལྟ་ཡུས་ཧྲུའུ་ཡི་སྲང་ལམ་དེ་བས་གྲལ་དག་པ་དང་།ཁང་པ་དེ་བས་སྲ་ཞིང་བརྟན་པ།འོ་ཇ་དེ་བས་ཞིམ་མངར་ལྡན་པར་གྱུར་ཡོད།ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་ཡུས་ཧྲུའུ་ལ་ཕེབས་པར་རེ་སྒུག་ཞུ་བཞིན་ཡོད་ལ།སྐབས་དེར་ང་ཚོས་ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་འབུལ་འདོད་ཡོད་ཅེས་ཡུས་ཧྲུའུ་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས།ཡུས་ཧྲུའུ་ང་རང་གི་སེམས་ནང་དུ་ཉར་ཡོད།དེ་རིང་ཁྱེད་ཀྱིས་ངོ་སྤྲོད་བྱས་པར་ཉན་རྗེས་དགའ་ཚོར་ཆེན་པོ་བྱུང་།མ་འོངས་བར་ཡུས་ཧྲུའུ་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་ང་རང་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
ས་འགུལ་དང་ཆུ་ལོག་འགོག་པ་ནས་རིམས་འགོག་དང་དབུལ་ཐར་མཁྲེགས་གཏོར།གེགས་བར་ཆེན་པོའི་ཉམས་ཚོད་དང་འཐབ་རྩོད་ཆེན་པོའི་ཞུན་བརྡར་ཁྲོད།ལུས་སེམས་ལ་ཚོད་བགམ་ཐེངས་ཤིག་བྱེད་ཐུབ་ངེས་ཡིན།
འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནང་བའི་ཀྲུང་གོ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་།ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ན།རླུང་འཚུབ་ཇི་ལྟར་ལྡང་རུང་།སྔར་བཞིན་བརྟན་པོར་ལངས་ཐུབ་ཅེས་གསུངས་པ།
ཁོང་གིས་ནན་གྱིས་བསྟན་དོན།
ད་ལྟ་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས།གསར་བརྗེའི་ཐོན་ཁུངས་ཏེ།ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་སྐྱོད་དམག་དཔུང་གི་དྲན་གསོ་ཁང་དང་།ཡུས་ཧྲུའུ་ས་འགུལ་གནོད་སེལ་དྲན་གསོ་ཁང་།པདྨའི་དམར་དམག་ལུང་པའི་དྲན་གསོ་ཁང་།ཟི་ལིང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་བེད་སྤྱོད་གང་ལེགས་བྱས་ཏེ།ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུར་སློབ་གསོའི་སྣེ་ཁྲིད་བྱས་ནས།རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཁ་ཕྱོགས་མི་འཛོལ་བ་དང་།དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་དཔའ་མི་ཞུམ་པ་བྱེད་དགོས་ཞེས་ནན་གྱིས་གསུངས།
ལོ་ཙཱ་བ། དངོས་སྦྱོང་སློབ་མ་རྣམ་རྒྱལ་འཚོ།