མཚོ་སྔོན་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས།
2021.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།  ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་ལེགས་ཆ་གསབ་རེས་བྱས་ནས་མཚོ་སྔོན་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་གསུང་།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་རེ་བ་ཙམ་མ་ཡིན་པར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཡིན་པ་དང་།  དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཁོ་ན་མ་ཡིན་པར་ས་ཁུལ་ཡོད་ཚད་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལག་བསྟར་བྱ་དགོས་པའི་བླང་བྱ་ཡིན་ལ།  དུས་སྐབས་གཅིག་དང་བྱ་བ་གཅིག་གི་བླང་བྱ་མ་ཡིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་ཡིན།

འདས་ཟིན་པར་ཕྱིར་མིག་ལྟ་སྐབས། མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་གཅིག་གི་སྔ་སྣུར་བྱས་པ་དང2010ལོ་ལས་ལྡབ་གཅིག་འཕར་བའི་དམིགས་འབེན་མངོན་འགྱུར་བྱུང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་རིན་ཐང་འཕར་མས་བཟུང་བའི་བསྡུར་གྲངས་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་གཅིག་ཟིན་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལོ་བཅུ་གསུམ་ལ་བསྟུད་མར་ཏུན་ཁྲི་བརྒྱ་ཡན་རྒྱུན་འཁྱོངས་བྱེད་ཐུབ་ཡོད།

འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཚོ་སྔོན་གྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་དང་སྐུལ་ལྕག་ཞིག་ཡིན་ལ། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་བྱ་བ་ཞིག་རེད།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཏང་ཞའོ་ཡུང་གིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་དང་།  ལོ་རྒྱུས་ཀྱི་གཏིང་ཟབ་ས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་བགྲེང་ནས།  འཕེལ་རྒྱས་དང་སྲུང་སྐྱོབ། དམངས་ཚིས། དུས་ཚོད། བར་སྟོང་། མི་ཡུལ་བཅས་བར་གྱི་འབྲེལ་བ་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་གནང་བ་དང་།  འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བསྐྲུན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གསར་གཏོད་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཏེ། གོ་བ་གཏིང་ཟབ་ལེན་པ་དང་དམ་འཛིན་ཡང་དག་བྱས་ནས། བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།  ཁོང་གིས་བསྟན་དོན། ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་གི་རྨང་གཞིའི་ནུས་པ་ཆེ་རུ་བཏང་ནས་ཚྭ་མཚེའུ་དང་ནུས་རྒྱུ་གསར་པ། མཐོ་སྒང་གི་ཞིང་ཕྱུགས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། སྦྲེལ་ཐག་གི་ཁ་གསབ་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ལས་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འབྲེལ་ཐག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་ཚོགས་པ་ཞིག་བསྐྲུན་དགོས་ཞེས་གསུངས་པ་རེད།  ཐོན་ལས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་ཐོན་ལས་ཉེར་སྤྱོད་འཐབ་ཇུས་ཀྱི་དགོས་མཁོར་དམིགས་པ། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། བཟོ་སྐྲུན་ཞིབ་འཇུག་ལྟེ་གནས། ཐོན་ལས(ལག་རྩལ)གསར་སྐྲུན་ལྟེ་གནས་སོགས་གསར་སྐྲུན་སྟེགས་བུ་གལ་ཆེན་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། ཁེ་ལས་ཀྱི་གསར་སྐྲུན་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།  ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། ས་ཞིང་དང་ངལ་རྩོལ་ནུས་ཤུགས། མ་རྩ། ཆ་འཕྲིན་སོགས་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་རང་བཞིན་གྱི་ཚྭ་མཚེའུ་ཅ་ལུད་དང་། ནུས་གཙང་གློག་ཤུགས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་ཉོ་འཚོང་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཚོང་རར་ཞུགས་ཆོག་པ་དང་དེང་རབས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚོང་རའི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས།  ཐོན་ལས་ཀྱི་འཐབ་ཇུས་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་སྤུས་ཚད་ཚད་གཞི་དང་ཚོང་རྟགས་གྲགས་ཅན་གསོ་སྐྱོང་། སྲིད་ཇུས་ཆ་ཚང་སྒྲིག་ཆས་བཅས་ལ་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་མུ་འབྲེལ་གྱི་འཐབ་ཇུས་ཇུས་འགོད་ལེགས་པོ་བྱེད་པ། ཐོན་ནུས་བེད་སྤྱོད་དང་ཚོང་རའི་མཁོ་སྤྲོད། ལས་གཞིའི་དངུལ་གཏོང་སོགས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཆེད་ཁེའི་ཕྱོགས་སྟོན་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱ་བའི་ལམ་སྲོལ་འཛུགས་པ། ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཟེར།

ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཆིང་ཏི་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་པ་མཚོན་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  མཐོ་སྒང་གི་ལྗང་མདོག་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱུན་མཐུད་འཕེལ་རྒྱས་དང་། འབྲི་གཡག་དང་བོད་ལུག་ཐོག་མའི་ཐོན་ཡུལ་ཁུངས་འདེད་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལུད་རྫས་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ནས། ཞིང་ཕྱུགས་ལས་ཀྱི་འཁོར་རྒྱུག་འཕེལ་རྒྱས་དང་མཁོ་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་ཐུབ་རྒྱུར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ཏེ། སོག་མ་ཕྱོགས་བསྡུས་བེད་སྤྱོད་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་བཟོ་ལས་དངུལ་གཏོང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཏུང་པོ་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་།  མིག་སྔའི་ཐོན་ལས་ཀྱི་རྨང་གཞི་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས་ལ་གཞིར་བཟུང་ནས།  ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱད་སྟོབས་ཐོན་ལས་ཆེན་པོ་གསུམ་རྒྱ་སྐྱེད་དུ་གཏོང་བ་དང་།  ལྕགས་རིགས་བཙོ་སྦྱང་དང་ཨར་ལས་རྒྱུ་ཆ། སྒྲིག་ཆས་བཟོ་སྐྲུན་བཅས་སྲོལ་རྒྱུན་གྱི་ཐོན་ལས་ཆེན་པོ་གསུམ་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། དམག་དམངས་མཉམ་འདྲེས། དེང་རབས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་བཅས་གསར་དར་ཐོན་ལས་ཆེན་པོ་བཞི་སྐྱེད་སྲིང་བྱས་ཏེ། ནོར་ལུག་གི་ཤ་དང་འོ་བཟོས་ཐོན་རྫས། འཕང་འབྲས་སོགས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ལས་བཅུ་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་བསྣན་ནས། ལྗང་མདོག་ཐཱན་ཉུང་གི་ཐོན་ལས་མ་ལག་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

གསར་སྐྲུན་མཐུན་སྦྱོར་དང་ལྗང་མདོག་སྒོ་འབྱེད་མཉམ་སྤྱོད་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་སྐྱོད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས།

གནད་འགག་གི་དུས་སྐབས་བགྲེང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པར་ཕྱིར་མིག་ལྟ་སྐབས། ཐོན་ལས་ཀྱི་གནད་འགག་གི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་བྱུང་བ་དང་གྲུབ་འབྲས་གཞན་སྒྱུར་བྱས་ཡོད་ལ། ཐཱན་གྱི་ཚི་སྣའི་ཐོན་སྐྱེད་འཁོར་ཁང་གི་ཐོན་རྫས་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་པ་དང་། སྐྱེ་ཁམས་དཔལ་འབྱོར་དང་འཁོར་སྐྱོད་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར། ལས་སྟེགས་དཔལ་འབྱོར་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ཏང་ཙུའུ་ཡི་ཁོངས་མི། ཐིན་ཀྲང་གཞོན་པ་ཀྲང་དབྱིན་ཐིན་གྱིས་བཤད་རྒྱུར།  བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱས་ཏེ།  མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ལ་རྐང་བཙུགས་ནས།  ཚན་རྩལ་གསར་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དེ་ཚན་རྩལ་གསར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་སླར་ཡང་བྱ་སྤྱོད་སྤེལ་ཏེ་སྒུལ་ཤུགས་གསར་པ་སྐྲུན་པ་དང་། སྒུལ་ནུས་གསར་པ་ཆེ་རུ་གཏོང་བ། ལམ་བུ་གསར་པ་གཏོད་པ་བཅས་བྱེད་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་དགོས་པ་དང་། གྲངས་གཞིའི་དཔལ་འབྱོར་དེ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་བྱ་ཐབས་གསར་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་ཐབས་ལམ་གསར་པ་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མཚོ་ལྷོའི་ལག་ལེན”གསར་སྐྲུན་བྱ་རྒྱུ་ཡིན་ཟེར།

མཚོ་ཤར་བཟོ་ལས་གླིང་ཁུལ་དཔལ་འབྱོར་མཐུན་ཚོགས་ཚན་རྩལ་པུའུ་ཡི་པུའུ་ཀྲང་ཁྲིན་ཅན་ཧུང་གིས་བཤད་རྒྱུར།  “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པའི་ལོ་འདིར།  སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་པ་དང་།  མཐོ་གསར་ལག་རྩལ་གྱི་ཐོན་ལས་ཁག་གཅིག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱས་ཏེ། མཚོ་སྔོན་ཀྲུང་ཀོན་སྡེ་བའི་མཐོ་གསར་ལག་རྩལ་ཐོན་ལས་རྟེན་གཞི་གཙོར་ཡིན་པའི“གཉིས་སྐྲུན”རྟེན་གཞི་འཕེལ་རྒྱས་གཏོང་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ལས་གཞི་དང་མཐོ་གསར་ལག་རྩལ་ཁེ་ལས་སྐྱེད་སྲིང་ལ་དམ་འཛིན་ཏན་ཏིག་བྱས་ཏེ། རྨ་ཙོང་ཁུལ་གསར་གྱི་ཚན་རྩལ་ཐོན་ཁུངས་ཀྱི་ཁྱད་ལྡན་བྱེད་ཐབས་ལམ་བུའི་ཐོག་སྐྱེད་སྲིང་བྱེད་པའི་ལས་སྟེགས་སྐྲུན་དགོས་ཟེར།

རང་ས་གནས་ཀྱི་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནནན་གྱིས་བསྟན་དོན།  མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་དུ་བསྟར་བ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱ་ཡུལ་བཅས་བསྐྲུན་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཏེ་ས་གནས་ཀྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས།

ད་ལྟའི་མཚོ་སྔོན་གྱི་མཚོ་ལྷོ་དང་མཚོ་ནུབ་གཉིས་ཀྱི་ཡང་བསྐྱར་བཀོལ་ཆོག་པའི་ནུས་རྒྱུའི་རྟེན་གཞི་སྟོང་ཝ་ཁྲི་སྟོང་རིམ་པའི་སྐས་རིམ་དུ་སླེབས་པ་དང་། མཚོ་སྔོན་དང་ཧི་ནན་གྲོང་ཁྱེར་དབར་གྱི་ཐད་རྒྱུག་ལས་གྲྭའི་གློག་གཏོང་འགོ་ཚུགས། ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་།  བཟོ་ལས་གླིང་ཆེ་གྲས་གསུམ་གྱི་འཁོར་སྐྱོད་དཔལ་འབྱོར་གྱིས་བརྒྱ་ཆའི་དྲུག་ཅུ་ལྷག་ཙམ་བཟུང་ལ།  ལི་གློག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཕྱིན་ནས་རྒྱལ་ཡོངས་ཀྱི་གསུམ་ཆ་གཅིག་གི་ལི་གློག་རྫས་ཟི་ལིང་ནས་ཐོན་པ་སོགས་རེད།

མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་པ་དང་། འགོ་བ་གཞོན་པ། ནོར་དོན་འགན་འཁུར་བ་བཱང་ཞང་བུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཚྭ་མཚེའུ་ལས་བཟོ་བར་དམིགས་ཚད་སྔར་ལས་མཐོ་བ་དང་འགན་འཁྲི་སྔར་ལས་མང་པོ་སྤྲོད་དགོས་ཞེས་ནན་བཤད་གནང་ཡོད།  ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཕྱོགས་གང་ཅིའི་ཐད་དུ་ཁྱབ་པར་བྱས་ནས། ལྗང་མདོག་དེང་རབས་ཚྭ་མཚོའི་ཐོན་ལས་མ་ལག་གསར་སྐྲུན་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་ལས་མཐོ་རུ་གཏོང་བ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་པ། གསར་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐོན་ལས་གཙོ་བོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས། འཐབ་ཇུས་གཞན་སྒྱུར་ལག་བསྟར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་དང་ཆ་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་གཡང་འབུམ་རྒྱལ་གྱིས་བཤད་རྒྱུར།  ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་འཛུགས་པའི་ཐད་ཤུགས་རྒྱག་པ་དང་།  ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ལ་བརྟེན་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་སྣུམ་རླངས་རྫས་འགྱུར་བཟོ་ལས། ལྕགས་རིགས་བཙོ་སྦྱངས་སོགས་ཀྱི་ཁྱད་སྟོབས་ཐོན་ལས་མུ་མཐུད་སྲ་བརྟན་དང་རིམ་སྤོར་བྱས་ནས། ནུས་ཤུགས་ཡོད་དགུས་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ། ཁྱད་ལྡན་སྐྱེ་དངོས་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། འབྲེལ་ཐག་སྐྲུན་པ་དང་འབྲེལ་ཐག་ཁ་གསབ་བྱེད་པ། འབྲེལ་ཐག་ཇེ་བརྟན་དུ་གཏོང་བ། འབྲེལ་ཐག་སྣུར་སྲིང་བཅས་ཀྱི་ལས་གཞི་ཁག་ཅིག་ནང་འདྲེན་བྱས་ནས་ལྗང་མདོག་གི་ཕྱོགས་སྟོན་དང་གསར་སྐྲུན་སྐུལ་འདེད། ཁྱད་ཆོས་མངོན་གསལ་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་གསར་པ་ཧུར་ཐག་བསྐྲུན་དགོས་ཟེར།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་སྒོས་འཕྱུར་ཞིང་།  ཀུང་སིའི་ཏང་ཨུའི་ཨུ་ཡོན། སྤྱི་གཉེར་བ་གཞོན་པ་ལིའུ་ཀང་གིས་བཤད་རྒྱུར། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་དམིགས་འབེན་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མདུན་སའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། རང་བརྟེན་གསར་སྐྲུན་ནུས་པ་ཆེ་རུ་བཏང་སྟེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་ཟེར།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧྥང་པའོ་མིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་གོ་སྐབས་ལ་རྐང་བཙུགས་ནས། གློག་དྲའི་འདེགས་སྐྱོར་དང་སྣེ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། མཚོ་སྔོན་དང་ཧི་ནན་ཞིང་ཆེན་གྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་བཟོ་སྐྲུན་ཕན་ནུས་ཆེན་པོས་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་ཧུར་ཐག་བྱེད་དགོས། ནུས་ཁུངས་བཟོ་ལས་དྲ་སྦྲེལ་ལས་སྟེགས་ལ་བརྟེན་ནས། ནུས་ཁུངས་ཐོན་ལས་སྦྲེལ་ཐག་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཚན་རྩལ་གསར་སྐྲུན་བྱ་རྒྱུ་བྱེད་ཐབས་སུ་བྱས་ནས།“ནུས་ཁུངས་གསར་པ་དང་གསོག་འཇོག་ཟུང་དུ་སྦྲེལ་བ”དང“འོད་ཤུགས་དང་འོད་ནུས་ཟུང་དུ་སྦྲེལ་བ”སོགས་ཀྱི་རྩེར་སོན་ལག་རྩལ་མཉམ་འབྲེལ་ཐོག་མཁྲེགས་གཏོར་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།