སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
2021.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 --སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཨུ་ཡོན་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱས་ནས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡོངས་ཁྱབ་ཏུ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་བཅས་བྱས་ཏེ་མཚོ་སྔོན་འདི་ཉིད་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་པ་དང་། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་ཚོགས་འདུ་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པར་ཕེབས་ནས་མཛུབ་སྟོན་གནང་། གསུང་བཤད་གལ་ཆེན་གྱི་ནང་དོན་ཐད2016ལོའི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི་”ཡི་བླང་བྱ་གལ་ཆེན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་ལ། མཛུབ་སྟོན་བསམ་བློའི་ཐད་གཅིག་རྒྱུན་གཅིག་འཛིན་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་།  སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་གནད་དོན་གལ་ཆེན་ནན་བཤད་ཡང་ཡང་བྱས་པ་དེ་ནི་ང་ཚོ་མཚོ་སྔོན་མི་དམངས་ལ་ཚད་མཐོའི་དོ་ཁུར་གནང་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལ་སྟངས་འཛིན་གཏིང་ཟབ་བྱས་ཤིང་།  མཚོ་སྔོན་གྱི་ལས་དོན་ཁག་ལ་བླང་བྱ་ནན་མོ་བཏོན་པ་བཅས་ཡིན་པས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས།  ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་གསུང་བློ་ལ་བརྟན་པོར་ངེས་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ།  ཏང་གི་ལོ་བརྒྱའི་གྲུབ་འབྲས་ཁྲོད་ནས“རང་རྟོན་བཞིར”ཤུགས་སྣོན་རྒྱག་པ་དང་། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་དཀའ་སྤྱད་འབད་འཐབ་དང་རང་འགན་གཙང་སྒྲུབ་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་མཚོ་སྔོན་འཕེལ་རྒྱས་ཀྱི་ཐོད་བརྒལ་གསར་པ་མངོན་འགྱུར་བྱ་དགོས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བརྩེ་དུང་ཟབ་མོ་ལྡན་པ་བཅས་ཀྱི་ཐོག་ནས་མཚོ་སྔོན་གྱི་ལས་དོན་གལ་ཆེན་ལ་འཐབ་ཇུས་ཀྱི་དབྱེ་ཞིབ་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ་མ་ཟད། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཡོད་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་བརྩེ་སེམས་དང་དྲོ་སྐྱིད་ཀྱང་ཡོངས་སུ་ཚོར་བྱུང་ཟེར། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་དང་གནད་འཁེལ་ངང་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྔོན་ལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། མི་རིགས་ཁག་གི་མི་སེམས་གཅིག་སྒྲིལ་དང་། སྙིང་སྟོབས་གཅིག་འབྲེལ། མཐུན་སྒྲིལ་ཡར་བརྩོན་བཅས་ལ་སྐུལ་འདེད་གཏོང་དགོས།  སྐྱེ་ཁམས་དཔལ་ཡོན་གྱི་མཚོ་སྔོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཕན་པ་ཐོབ་པ་བྱེད་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་ལ་མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་པའི་མྱོང་ཚོར་ཟབ་མོ་བྱུང”།  ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། ང་ཚོས་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དེ་ཉིད་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། དཔལ་འབྱོར་གྱི་རྣམ་པ་རིགས་བཞི་ཡིས་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བསྐྲུན་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཐད་འགན་འཁྲི་ལྗིད་མོ་ཡོད་ཅིང་།‘མི་རིགས་རྒྱུན་མཐུད་འཕེལ་རྒྱས’ གླེང་བའི་གསུང་བཤད་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་ལ་རང་ཉིད་ཀྱི་འགན་འཁྲི་ཡང་ཧ་ཅང་ལྕི་བ་དེ་ཚོར་བྱུང”། ཨུ་ཡོན་ཀྲང་ཀྲིག་ཕིང་གིས་བཤད་རྒྱུར།  སྐྱེ་ཁམས་ཡང་ཆུ་ཚད་མཐོ་པོས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་ཤིང་། མཚོ་སྔོན་གྱིས་ཐཱན་ཉུང་ལས་དོན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་བཞག་ནས་ཐོག་མར་འཆར་འགོད་བྱེད་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གཙོ་གནད་དུ་བྱས་ནས་མཚོ་སྔོན་གྱིས་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ།  མཚོ་སྔོན་ལ་རྒྱབ་སྐྱོར་བྱས་ནས་དྭངས་གཙང་ནུས་རྒྱུའི་གསོག་འཇོག་དང་ནུས་རྒྱུ་གསོག་འཇོག་གི་དཀའ་གནད་སེལ་ཏེ་ཐཱན་འབུད་ཉུང་གཏོང་དམིགས་འབེན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད།

ཨུ་ཡོན་ཝང་ཅན་གྱིས་བཤད་རྒྱུར། ཚན་རྩལ་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱད་སྟོབས་གཞིར་བཟུང་ནས་རྟེན་གཞི་སྐྲུན་པ་དང་། ཚད་གཞི་འཛུགས་པ། སྤུས་རྟགས་བཏོད་པ་བཅས་བྱས་ཏེ་མཚོ་སྔོན་འདི་ཉིད་རང་རྒྱལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་དགོས་ཟེར།

“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་ཁྱད་སྟོབས་ཞིག་ཏུ་འགྱུར་བར་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཕན་པ་ཐོབ་པ་བྱ་དགོས”།  ཨུ་ཡོན་མ་ཧའེ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བཏོན་པའི་བླང་བྱ་གལ་ཆེན་ནི་མཚོ་སྔོན་གྱི་མི་དམངས་ས་ཡ་དྲུག་ལྷག་གི་འདོར་དུ་མི་རུང་བའི་རྒྱལ་ཁབ་ཀྱི་འགན་འཁྲི་ཞིག་དང་མཚོ་སྔོན་གྱི་ལས་དོན་ཁག་གི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པས་ང་ཚོས་ནམ་ཡང་བརྟན་སྲུང་བྱེད་དགོས།

ཨུ་ཡོན་ལིས་ལིས་ཅོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ས་དང་། འགོ་ཚུགས་ས།  རྐང་ཚུགས་ས་བཅས་གསལ་པོ་མཚོན་ཡོད། མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།