པན་ཡན་སྡེ་བའི་འགྱུར་ལྡོག
2021.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་རྣམ་པར་བཀྲ་བའི་གློག་འོད་ཀྱི་འོག  མཚམས་མི་ཆད་པའི་ཐལ་མོའི་སྡེབ་སྒྲའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེའི”་གཟི་བརྗིད་མཚན་སྙན་ཐོབ་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྲུ་གྲོང་རྡལ་པན་ཡན་སྡེ་བར་བྱ་དགའ་གནང་།

ཁྱིམ་གཞིས་གསར་བར་སྤོར་བའི་པན་ཡན་སྡེ་བའི་ཧོར་རིགས་སྤུན་ཟླ་ཚོས་ཚོགས་ཆེན་གྱི་རྣམ་པར་ལྟ་ཞོར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོར་པན་ཡན་སྡེ་བར་གཟིགས་ཞིབ་གནང་སྐབས་ཀྱི་རྣམ་པ་ལ་ཕྱིར་དྲན་བྱེད་བཞིན་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས།     སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སྡེ་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྩལ་བའི་གཟེངས་བསྟོད་རྟགས་མ་བླངས་པ་མཐོང་སྐབས། ཀུན་གྱི་སེམས་སུ་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་ཀྱིས་ཁེངས།     ལོ་བརྒྱད་ཅུ་ལྷག་ལ་སོན་པའི་ཧོར་རིགས་རྒད་པོ་ལུའེ་ཡིའུ་རུང་གིས“ངའི་ཚེ་འདིའི་རེ་འདུན་ཆེ་ཤོས་ནི་ཁང་པ་གསར་པར་སྡོད་རྒྱུ་དེ་ཡིན་ལ་དེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཡང་གྲོང་ཁྱེར་གྱི་ཁང་བ་ལྟ་བུར་བསྡད་ནས་འཚོ་བ་བཟང་བོ་ཞིག་རོལ་ཐུབ་སོང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཚད་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།   རྗེས་སོར་ང་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་བཤད།

པན་ཡན་སྡེ་བ་ནི་སྲོལ་རྒྱུན་གྱི་ཧོར་རིགས་སྡེ་བ་ཞིག་ཡིན་པ་དང་། སྡེ་བར་ཁྱོན་བསྡོམས་པའི་རུ་ཁག 8དང་། ཁྱིམ་ཚང369། མི་གྲངས་1396ཡོད། དེའི་ཁྲོད་ཧོར་རིགས་མི་གྲངས་ཀྱིས་1368ཟིན།    2015ལོར་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང183དང་མི་གྲངས720་ཡང་དག་སྒོས་དབྱེ་འབྱེད་བྱས་པ་དང་། དབུལ་ཕོངས་ཀྱི་ཟིན་ཚད་ཀྱིས་52%ཟིན་ཡོད་པ་རེད།     ལྷག་པར་དུ་རུ་ཁག་ལྔ་བ་དང་དྲུག་པའི་ཁྱིམ་ཚང129ཡི་མི་484ཡོད་པ་དེ་ད་ལྟའི་སྡོད་གནས་དང་བར་ཐག་སྤྱི་ལེ་5ཡོད་པའི་ཧྲ་ཀོའུ་ཧྲན་རི་བོའི་ལེང་ཀོའུ་རི་ལྡེབས་སུ་འཚོ་སྡོད་བྱེད་ཀྱིན་ཡོད།    གནས་དེ་ནི་ལམ་ཐག་རིང་ལ་སྐམ་ཤས་ཆེ་བ་དང་། རི་ཁུལ་དུ་གནས་པས་རི་བོ་གཟར་ཞིང་།  མི་རེའི་ཆ་སྙོམས་ཀྱི་ས་ཞིང་རྒྱ་ཁྱོན་ཆུང་ལ་ས་རྒྱུ་ཞན་པས་རང་བྱུང་གནོད་འཚེ་ཡང་རྒྱུན་དུ་འབྱུང་བཞིན་ཡོད།  “འགྲོ་འོང་སྟབས་བདེ་མིན་པ།    འཐུང་ཆུ་དཀོན་པ།     སྨན་བཅོས་ཀྱི་ཆ་རྐྱེན་ཞན་པ།    སློབ་གྲྭར་འགྲོ་དཀའ་བ།    ལས་ཀ་བྱེད་མི་ཐུབ་པ།    གཉེན་སློང་བའི་ཆ་རྐྱེན་ཞན་པ”བཅས་“དཀའ་བ་དྲུག་”གི་གནད་དོན་གནས་ཡོད།

2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ཆར་རླུང་ལ་མ་འཛེམས་པར་ཆེད་དུ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲུ་གྲོང་རྡལ་གྱི་པན་ཡན་སྡེ་གསར་དུ་ཕེབས་ནས། གནས་སྤོར་དབུལ་སྐྱོར་བྱ་བར་རྟོག་ཞིབ་གནང་བ་དང་ཡུལ་མི་ཚོས་གནས་སྤོར་དབུལ་སྐྱོར་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུར་སྐུལ་ལྕག་གནང་།། 2019ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་རི་ནས་སྤོས་ཟིན་པ་དང་དབུལ་ཐར་བྱུང་བའི་ཡུལ་མི་ཚོར།འབད་བརྩོན་ལྷོད་མེད་ངང་འཛུགས་སྐྲུན་བྱས་ཏེ་འཚོ་བ་ཇེ་བཟང་དང་སྡེ་བ་ཇེ་མཛེས་སུ་གཏང་དགོས་པའི་སྐུལ་མ་གནང་།

ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ནས། ཏང་གི་དབུལ་སྐྱོར་ཞིང་ཕན་སྲིད་ཇུས་སྣ་ཚོགས་སོ་སོར་དོན་འཁྱོལ་ཡོང་བར་བྱས་ནས་རྒྱུན་ཆད་མེད་པར་གསར་གཏོད་དང་ལེགས་ཆ་སྔོག་འདོན་བྱས་ཏེ། དབུལ་སྐྱོར་ཐོན་ལས་གཉེར་ནས་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ལས་རྣམ་པར་རྒྱལ། 2016ལོ་ནས་བཟུང་ཧུའུ་ཀྲུའུ་རྫོང་གིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་སོགས་ཀྱི་མ་དངུལ་སྣ་ཚོགས་བསྡུ་རུབ་བྱས་ཏེ་གཙོ་བོ་སྡེ་བ་རིམ་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པས། དུས་ཡུན་ཐུང་བའི་ནང་སྡེ་མིའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སོགས་ལ་ཀུན་གྱི་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་།

2017ལོར་པན་ཡན་སྡེ་བ་བདེ་བླག་ངང་དབུལ་ཐར་བྱས་ནས་སྡེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ7309ལ་སླེབས་པ་དང་།2020ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ11419ལ་འཕར་ཡོད།དེ་ནི2015ལོའི་ལོ་མཇུག་ཏུ་གནས་སྤོར་མ་བྱས་གོང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ2600ཡི་ལྡབ་4.4ཡིན་པ་དང་།ལོ་རེར་ཆ་སྙོམས་སྒོར་མོ2283.8འཕར་ཡོད།

གནས་སྤོ་དབུལ་སྐྱོར་ལག་བསྟར་བྱས་པས་སྡེ་མིའི་སྡོད་ཁང་གི་ཁོར་ཡུག་ཇེ་ལེགས་སུ་སོང་བར་མ་ཟད། སྡེ་མི་ཚོའི་བསམ་བློར་ཡང་འགྱུར་ལྡོག་བྱུང་ཞིང་བསམ་ཕྱོགས་རྒྱ་ཆེར་ཕྱིན་ཏེ་ཚང་མས་བགྲོད་ལམ་འཚོལ་བ་ནས་འཕེལ་རྒྱས་ལ་སྙེགས་པ་དང་།དབུལ་སྒྲོལ་ཕྱུག་འགྱུར་གྱི་སྤོབས་པ་དེ་བས་ཆེ་རུ་ཕྱིན་ཡོད།

རི་གྲོང་ནས་གནས་སྤོས་རྗེས་“གནས་སྤོ་ཐུབ་པ།བརྟན་པོར་སྡོད་ནུས་པ།ཕྱུག་པོར་འགྱུར་སླ་བ།” བཅས་ལ་དམིགས་ཏེ་པན་ཡན་སྡེ་བས་རང་གི་དོན་དངོས་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཙལ་ཞིང་། ཁྱད་ཆོས་ལྡན་པའི་རྨོ་འདེབས་ལས་རིགས་དང་།འོད་ནུས་གློག་འདོན།འཚེམ་དྲུབ་བཟོ་སྐྲུན།ཆང་བསྙལ་བ། ཚོང་ཁང་གཉེར་བ།དམངས་སྲོལ་སྣེ་ལེན།དྲོད་ཁང་གསོ་འདེབས་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཤུགས་ཆེན་པོས་ཐོན་ལས་འཕེལ་རྒྱས་སུ་བཏང་པས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་སྣ་མང་ཅན་དུ་གྱུར། ཐོན་ལས་དེ་དག་གིས་སྔར་ཡོད་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱས་ཡོད་ལ་པན་ཡན་སྡེ་བའི་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་ཡང་མཐུན་པས། པན་ཡན་སྡེ་བའི་མང་ཚོགས་ཡུན་རིང་བརྟན་པོའི་ངང་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན།

པན་ཡན་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་གཙོ་བོ་ནི་ཕྱི་ནས་ལས་ཀ་བྱས་པའི་ཡོང་འབབ་ཡིན་པ་དང་། སྡེ་བའི་ནང་གི་བུད་མེད་ལོ་ཆུང་ཚོའི་ཐད་ནས་བརྗོད་ན་ཁྱིམ་ཚང་ལ་བདག་སྐྱོང་བྱེད་དགོས་ཤིང་ཞིང་ལས་ལའང་འབད་པ་བྱེད་དགོས་པས་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་རྒྱུ་ནི་མོ་རང་ཚོར་མཚོན་ན་ཤིན་ཏུ་དཀོན་པ་རེད།  དེ་དང་ཆབས་ཅིག་ཉེ་བའི་ལོ་ཤས་རིང་ན་གཞོན་རྣམས་ཕྱིར་ལས་ཀར་བསྐྱོད་པ་དང་བསྟུན་ནས་གཞིས་སྲུང་རྒན་རྒོན་དང་བྱིས་པ། ཁྱིམ་སྟོང་གི་སྣང་ཚུལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།ཁྱིམ་གྱི་ཉེ་འདབས་སུ་ལས་ཞུགས་བྱེད་ཐུབ་རྒྱུ་ནི་སྡེ་བའི་ནང་གི་བུད་མེད་ལོ་ཆུང་ཚོའི་གཅིག་མཐུན་ཀྱི་འདུན་པ་རེད།

2018ལོའི་ཟླ7པར་པན་ཡན་སྡེ་བས་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་ནས་འཚེམ་དྲུབ་ར་བ་བསྐྲུན་པ་དང་། ཀུང་སི་དང་སྡེ་བའི་ཏང་ཀྲི་པུའུ། འཚེམ་དྲུབ་རྟེན་གཞི་དང་ཞིང་བའི་ཁྱིམ་ཚང་བཅས་ཀྱི་དཔེ་དབྱིབས་ལག་བསྟར་བྱས་ཏེ། སྡེ་བ་དེའི་བུད་མེད145ལ་སྐུལ་ཁྲིད་བྱས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང93་གྱིས་ལས་ཀ་རྙེད། ཁོ་ཚོའི་འཚེམ་དྲུབ་དངོས་རྫས་དེ་དག་ཚོང་རར་རྒྱུག་ཤིན་ཏུ་ཆེ་སྟེ་ལ་ལ་ད་དུང་ཕྱི་རྒྱལ་གྱི་ཁྲོམ་ར་ཆེན་པོ་རུའང་བཙོང་རྒྱུ་འདུག

དེ་དང་ཆབས་ཅིག་པན་ཡན་ཆང་གི་གཟུགས་འདས་རིག་གནས་སྔར་བས་སྔོག་འདོན་དང་རྒྱུན་འཛིན་བྱས་ཏེ། གཅིག་སྡུད་བསྙལ་བཟོའི་བཟོ་རྩལ་དང་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན།གྲོང་གསེབ་ཀྱི་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་བཅས་གཞི་གཅིག་ཏུ་གྲུབ་པའི་ཐུན་མོང་ཕྱུག་འགྱུར་གྱི་སྟེགས་བུ་བསྐྲུན་ཏེ།ཞིང་བའི་ཁྱིམ་ཚང་ལ་ཡོང་འབབ་གསོག་རྒྱུར་ཞབས་འདེགས་ཞུ་བ་དང་ཆབས་ཅིག་སྡེ་བའི་ཐུན་མོང་འཕེལ་རྒྱས་ལ་མཁོ་བའི་མ་དངུལ་དང་ལག་རྩལ།ཆ་འཕྲིན་བཅས་ཀྱི་འགན་ལེན་བྱས་ཏེ་པན་ཡན་སྡེ་བའི་ཞིང་བའི་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་ལ་སྣེ་ཁྲིད་བྱས།

དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་དེ་མཐའ་སྣེ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་རྩོམ་ས་རེད།2020ལོའི་ཟླ་7ཚེས་3ཉིན་པན་ཡན་སྡེ་བར་གླུ་ལེན་དགོད་སྒྲས་ཁེངས་པ་དང་། སྡེ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པོར་སྤྲས་ཏེ་སྤྲོ་སྣང་ལྡན་པའི་ཨན་ཀྲའོ་ཞབས་བྲོ་འཁྲབ་ནས་སྡེ་བའི་སྐྱེ་ཁམས་སྤྲོ་སྐྱིད་གླིང་དངོས་སུ་སྒོ་ཕྱེས་པར་རྟེན་འབྲེལ་ཞུས་པ་དང་།སྐྱེ་ཁམས་སྤྲོ་སྐྱིད་གླིང་གི་སྒོ་ཕྱེས་པ་དང་ཆབས་ཅིག་པན་ཡན་སྡེ་བ་ཡུལ་སྐོར་སྤྲོ་འཆམ་གྱི་ཕྱུག་འགྱུར་ལམ་བུར་བསྐྱོད་ཅིང་དེ་ནི་པན་ཡན་སྡེ་བའི་ཐོན་ལས་གསར་པ་ཞིག་རེད། གནད་ཁེལ་དབུལ་སྐྱོར་ལ་བརྟེན་ནས་པན་ཡན་སྡེ་བས་ཤུགས་ཆེན་པོས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཞིང་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་དྲིན་ཚོར་ཡར་བརྩོན་ལ་བརྟེན་ནས།ད་ལྟའི་པན་ཡན་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་སྒོ་ཚང་དུ་ཕྱིན་པ་དང་།ཏང་ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་དུ་ཕྱིན་ནས་སྡེ་བའི་རྣམ་པ་གསར་བ་ཆགས་ལ།ཤེས་དཔལ་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་ཞི་མཐུན་བདེ་སྐྱིད་དང་དགའ་སྤྲོ་འཆམ་མཐུན།ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད།ད་ལྟའི་པན་ཡན་སྡེ་བའི་འགྱུར་ལྡོག་ཆེ་ཤོས་ནི་གྲོང་གསེབ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་རླབས་འཕྱུར་བ་དེ་ཡིན་ལ།པན་ཡན་སྡེ་བས་མ་དངུལ་སྒོར་མོ་ས་ཡ་ལྔ་བཏང་བའི་ལྷོ་ངོས་ཀྱི་མཛེས་ལྗོངས་ཁུལ་དེ་ནི་ཞིང་ལས་ལྟ་སྐོར་དང་མཛེས་ལྗོངས་འགྲེམས་སྟོན།པར་ལེན་པ།འཚོལ་བསྡུ་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལྟ་སྐོར་ཉམས་ལེན་བྱ་ཡུལ་ཞིག་ཡིན།མུའུ་བརྒྱའི་མེ་ཏོག་གི་ཞིང་ཁམས་དང་།སྤྲོ་གསེང་རོལ་རྩེད་སྒྲིག་བཀོད།བསྲེགས་ཟས་སྒར་ས།དྲོད་ཁང་ཆེན་མོ་ལ་སོགས་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡུལ་སྐོར་ཉམས་ལེན་བྱེད་པའི་ཡིད་དབང་བཀུག་ཡོད།གསར་དུ་བསྐྲུན་པའི་དམངས་སྲོལ་གསར་གཏོད་གསོ་སྦྱོང་རྟེན་གཞིའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་922.57ཟིན་ཡོད། གསོ་སྦྱོང་རྟེན་གཞིའི་ནང་དམངས་སྲོལ་འགྲེམ་སྟོན་ཁང་དང་ལག་ཤེས་བཟོ་རྩལ་ཁང་སོགས་འབྲེལ་ཡོད་མ་ལག་ཚང་བའི་སྒྲིག་བཀོད་ཚུད་ཡོད་པ་དང་།སྐབས་དེ་དུས་པན་ཡན་གྱི་ཁྱད་ཐོན་དངོས་རྫས་ཚང་མ་དམངས་སྲོལ་གསར་གཏོད་པའི་གསོ་སྦྱོང་རྟེན་གཞིར་འཛོམས་པས་ཡུལ་སྐོར་བས་གང་བྱུང་དུ་གདམ་ཆོག ཡུལ་སྐོར་བ་ནི་སྙན་གྲགས་ལ་ཡིད་སྨོན་བྱས་ནས་ཡོང་བ་དང་།ད་ལྟའི་ཧྲུའུ་ཅི་དང་པོ་ཡོན་ཀོང་ཕིང་གིས་ཡུལ་སྐོར་བ་ཡོང་མཁན་མང་དུ་ཕྱིན་ན་སྡེ་མི་ཚོའང་དགའ་ཚོར་ཆེན་པོ་བྱུང་ལ།དེ་ལ་བལྟོས་ན་པན་ཡན་སྡེ་བ་དར་རྒྱས་ཀྱི་ལམ་བུ་ཡངས་པོར་བསྐྱོད་རྒྱུ་ཡིན་པ་ཧ་ལམ་མཐོང་བྱུང་ཟེར། ད་ལོ་པན་ཡན་སྡེ་བས་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་དང་གྲོང་ཁྱེར་རིམ་པའི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ཟུང་འབྲེལ་བྱས་ཏེ།ད་ཡོད་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་།རང་ངོས་ཀྱི་དོན་དངོས་དང་མཐུན་པའི་བདག་གཉེར་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ།མང་ཚོགས་དེ་བས་མང་པོ་ཞིག་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་སུ་བཅུག་ནས། ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།དེ་དང་ཆབས་ཅིག་<<་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བའི་ཞིང་སྡེ་དར་རྒྱས་འཛུགས་སྐྲུན་འཆར་འགོད་>>་གཞིར་བཟུང་བ་དང་།རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དར་རྒྱས་སྲིད་ཇུས་ལ་བརྟེན་ནས་ཁྲིད་སྟོན་བྱེད་པ་དང་།ཞིང་སྡེ་དར་རྒྱས་གཏོང་བའི་ལག་ལེན་སློབ་གསོ། གཞོན་ནུ་ལོ་ཆུང་གི་ཕྱི་རོལ་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་རྟེན་གཞི་གཙོར་བྱས་ཏེ། ཞིང་ལས་ཐོན་ལས་ཅན་དང་འཚེམ་བཟོ་ལག་རྩལ་ཐོན་རྫས་ལས་སྣོན་བྱ་རྒྱུ་གཙོ་གནད་དུ་འཛིན་པ།ཞིང་ལས་གཞི་ཁྱོན་ཅན་དུ་འོས་འཚམ་གཉེར་སྐྱོང་བྱ་རྒྱུ་རྨང་གཞིར་བྱས་ཏེ་སྡེ་བའི་རྣམ་པ་དང་།རྨང་གཞིའི་སྒྲིག་ཆས།རིག་གནས་འཛུགས་སྐྲུན། བཅོས་སྐྱོང་མ་ལག་སོགས་ཕྱོགས་མང་པོའི་འཛུགས་སྐྲུན་དུས་མཉམ་དུ་སྤེལ་བར་བརྟེན།པན་ཡན་སྡེ་བ་དེ་སློབ་གསོ་གསོ་སྦྱོང་དང་སྤྲོ་གསེང་ཡུལ་སྐོར།ཞིང་སྡེའི་རིག་གནས་ཉམས་ལེན།དེང་རབས་ཞིང་ལས་ཐོན་སྐྱེད།ཞིང་ལས་དམིགས་བསལ་ཐོན་རྫས་ཐོག་མར་ལས་སྣོན་བྱེད་པ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཞིང་སྡེ་དར་རྒྱས་གཏོང་བའི་ཚད་ཤིང་ཞིག་ཏུ་བསྐྲུན་དགོས།

                                                  ལོ་ཙཱ་བ།  དངོས་སྦྱོང་སློབ་མ་བཙན་ལྷ་མགོན།