—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཨུ་ཡོན་ཁྲོད་ཚུར་སྣང་དྲག་པོ་བྱུང་།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ནང་བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བའི་འབད་འཐབ་དམིགས་འབེན་དང་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ང་ཚོས་དམངས་དོན་དུ་བསམ་བློ་གཏོང་བའི་ཐོག་མའི་བསམ་འདུན་མི་བརྗེད་པར། ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་སུ་འཛིན་དགོས”ཞེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཨུ་ཡོན་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་ལང་ལོང་གིས་བཤད་རྒྱུར། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་བཟང་བོ། འཕེལ་རྒྱས་ལེགས་པོ་གཏོང་བ་བཅས་ལས་དོན་ཡོད་ཚད་ཀྱི་འགོ་འཛུགས་ས་དང་གཞི་ཚུགས་ས་བྱས་ནས། རིགས་སོ་སོའི་མི་དམངས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།
“དངོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་”།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་དབྱིན་གྲོང་རྡལ་ཏྰ་ཧྲི་ཅྰ་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་པིས་ཧྲིན་ཀྲུང་གིས་བཤད་རྒྱུར། ང་ནི་ཏང་དང་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་མཁན་དང་ཁེ་ཕན་ཐོབ་མཁན་ཡིན་ལ། ལོ་འདི་འགའི་རིང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག ང་ཚོའི་ཏྰ་ཧྲི་ཅྰ་སྡེ་བ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་གོམ་སྟབས་བརྟན་པོའི་མདུན་དུ་བསྐྱོད་བཞིན་ཡོད་ལ། སྡེ་སྒྲུབ་ཁེ་ལས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད།
ན་ནིང་གི་ཟླ་དགུ་བའི་ནང་། ཁྲི་ཀ་རྫོང་ཏྰ་ཧྲི་ཅྰ་སྡེ་བའི་དབུལ་སྐྱོར་ཐོན་ལས་གླིང་ཡང་གོམ་པ་དང་པོ་སྤོས་བ་དང་། མུ་མཐུད་དུ་རྒྱ་བསྐྱེད་པའི་ཐུན་མོང་དཔལ་འབྱོར་ནི་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བའི་དཔལ་འབྱོར་གྱི་རྨང་གཞི་ཡིན། གོམ་རིམ་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་འོག དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མངོན་འགྱུར་བྱེད་པ་དེ་ཞིང་སྡེ་དར་སྤེལ་གཏོང་བ་དང་ནུས་ལྡན་གྱིས་མཉམ་འབྲེལ་བྱས་ནས། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བར་མུ་མཐུད་དུ་འབད་པ་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྗོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཧྲིན་ཆིན་གྱིས་བཤད་རྒྱུར། ཟླ3པའི་ཚེས7ཉིན་ནི་བདེ་སྐྱིད་ཀྱི་དུས་ཞིག་ཡིན་ལ། མི་ཚེ་གང་བོར་བརྗེད་དཀའ་བ་དང་ནམ་ཡང་སེམས་ལ་རི་མོ་བརྐོས་པ་ལྟ་བུའི་ཉིན་མོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་ནས། ང་ཚོ་དང་མཉམ་དུ་གྲོས་ཞིབ་བྱས་པ་དང་གསུང་བཤད་གལ་ཆེན་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་མི་རིགས་ཁག་གི་བུ་བུ་མོར་བཅངས་པའི་བརྩེ་སེམས་དྲོན་མོ་མཚོན་ལ། ང་ཚོར་མི་སེམས་འགུལ་བའི་སྐུལ་ལྕག་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ།དམངས་ཕན་བརྩེ་སེམས་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་བཞིན་པ་མཚོན། ཕ་ཡུལ་ལ་ལོག་རྗེས་ངས་ངེས་པར་དུ། དམངས་ཆེན་འཐུས་མིའི་ནུས་པ་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དམངས་ཕན་བདེ་སྐྱིད་ཆེ་རུ་གཏོང་བའི་ཕྱོགས་ལ་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཕ་ཡུལ་གྱི་མི་དམངས་དང་མཉམ་དུ་ཕུ་ཐུང་བརྫེས་ནས་འབད་པ་བྱེད་ངེས་ཡིན་ལ། ལས་ལ་བརྩོན་པའི་ལག་ཟུང་དང་བདེ་སྐྱིད་ཀྱི་འཚོ་བས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་རྒྱུ་ཡིན་ཟེར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གྱིས་མིའི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་མངག་བཅོལ་གྱིས་མི་སེམས་ལ་སྟོབས་ཤུགས་བསྩལ། འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན། ཉེ་བའི་ལོ་ཤས་ནང་།“མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཅན་”གྱི་རྣམ་པ་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་དང་། ཡུལ་སྐོར་གྱི་ཞིང་ཆེན་གྲགས་ཅན། སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཁྲོད་མཉམ་བསྲེས་བྱས་ཤིང་། ནོར་སྲིད་ཆུང་ངུས་དམངས་ཚིས་ཆེན་པོ་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི75%ཡན་དམངས་ཚིས་ཁྱབ་ཁོངས་སུ་སྤྱད་པས། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་ཇེ་མཐོར་འགྲོ་བཞིན་ཡོད། གོམ་རིམ་རྗེས་མར་ང་ཚོས་མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་བརྩོན་ཀྱི་དམིགས་ཡུལ་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཁྱོན་ཡོངས་ནས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། བརྗེ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག རིགས་སོ་སོའི་མི་དམངས་འཆམ་མཐུན་དང་ཞི་མཐུན་ཡོང་བར་རྒྱུན་འཁྱོངས་དང་། རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་དང་ཁེ་ཕན་འགན་སྲུང་བྱས་ནས། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཀྱིས་མི་རིགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་ཟེར།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཚིས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་བསྲུང་བྱ་བསྟན་ཡོད་པས། ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་ངར་ཤུགས་རྒྱས་སུ་བཅུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཅིན་ཧྭ་ཡིས་བཤད་རྒྱུར། ནུས་ཤུགས་ཡོད་རྒུས་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པ་དེ་མི་དམངས་ཀྱི་རེ་སྒུག་གསར་པ་དང་བསྟུན་དགོས་ལ། མང་ཚོགས་ལ་དངོས་དོན་དང་དོན་བཟང་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་ཤུགས་ཆེ་རུ་བཏང་ནས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས། བྱ་བ་དངོས་དང་འབྲེལ་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། ཞིང་སྡེའི་སྡོད་ཁང་ཆ་རྐྱེན་དང་སྡོད་གནས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། སྡོད་ཁང་འགན་སྲུང་དང་། གཞིས་ཁུལ་རྙིང་པ་སྒྱུར་བཀོད་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་སོགས་དམངས་ཚིས་ལས་གཞི་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཡོམ་འགོག་གནོད་སེལ་གྱི་ནུས་པ་དང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་ནས། རོང་འབྲོག་མང་ཚོགས་ལ་“སྡོད་སའི་ཁང་པ་ཡོད་པ་དང་། སྡོད་ཁང་བདེ་འཇགས་ཡིན་པ”འགན་ལེན་བྱས་ཏེ་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་གོང་འཕེལ་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཡིག་བསྒྱུར་པ།དངོས་སྦྱོང་སློབ་མ་རྣམ་རྒྱལ་འཚོ།བཀྲ་ཤིས་སྒྲོལ་མ།