ལིས་ཁི་ཆང་གིས་ལས་ཞུགས་དང་དམངས་ཚིས་སོགས་ཀྱི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།
2021.03.12 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 21

 ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་ཞིང་། མཇུག་སྒྲིལ་ཚོགས་འདུའི་རྗེས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་སུམ་ཐོག་གི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཞུགས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ལས་ཞུགས་འགན་སྲུང་སྐོར་གླེང་སྐབས།

ད་ལོར་ང་ཚོའི་ལས་ཞུགས་ཀྱི་གནོན་ཤུགས་ཧ་ཅང་ཆེ་ལ། གྲོང་ཁྱེར་དང་གྲོང་རྡལ་དུ་ངལ་རྩོལ་པ་བྱེ་བ་གཅིག་ས་ཡ་བཞི་ཙམ་གསར་དུ་འཕར་སྣོན་བྱུང་ཡོད། དེའི་ནང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ས་ཡ་དགུ་ཁྲི་དགུ་བྱུང་སྟེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཟོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལས་ཀར་ཞུགས་པར་ཡང་འགན་སྲུང་བྱ་དགོས་པ་མ་ཟད། ད་དུང་ཞིང་པ་ཞོར་ལས་པ་མི་དུང་ཕྱུར་གཉིས་དང་བྱེ་བ་བདུན་ལ་ཞོར་ལས་ཀྱི་གོ་སྐབས་མཁོ་འདོན་བྱ་དགོས། དེར་བརྟེན། ད་ལོར་ང་ཚོས་སྤྱི་ཁོག་གི་སྲིད་ཇུས་གཏན་འབེབས་བྱེད་སྐབས། སྔར་བཞིན་ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ“བརྟན་འཇགས་དྲུག”ལ་མུ་མཐུད་དུ་སྐུལ་འདེད་དང་། “འགན་སྲུང་དྲུག”མངོན་འགྱུར་བྱེད་པར་སྔར་བཞིན་ལས་ཞུགས་ཨང་དང་པོར་འཇོག་དགོས། ན་ནིང་བཏོན་པའི་ལས་ཞུགས་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་ཕྱིར་འཐེན་བྱས་མེད་པ་མ་ཟད་ད་དུང་ཁ་སྣོན་བྱས་ཡོད་པས།  སྲིད་ཇུས་གཞན་དག་ཚང་མ་ལས་ཞུགས་ལ་ཕན་པ་བྱ་དགོས་ཟེར།

ད་ལོར་ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་གསར་ཞུགས་བྱ་རྒྱུའི་དམིགས་འབེན་ནི་མི་བྱེ་བ་གཅིག་ས་ཡ་གཅིག་ཡན་གཏན་འཁེལ་བྱ་རྒྱུ་ཡིན་པས། དངོས་སུ་ལག་བསྟར་བྱེད་པར་དེ་ལས་ཀྱང་མཐོར་འདེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ད་རུང་མུ་མཐུད་དུ་ཁྲོམ་རའི་གཙོ་ཁྲིད་ལ་བརྟེན་ནས་ལས་ཞུགས་འགན་ལེན་བྱེད་དགོས་པ་དེ་རེད། ཕྱོགས་གཅིག་ནས། ལས་གནས་བརྟན་པོ་དང་ལས་གནས་འཕར་རྒྱུར་སྐུལ་འདེད་གཏང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏང་དགོས། ན་ནིང་གི་ནད་ཡམས་ཁྲོད་ལས་ཞུགས་བྱེད་སྟངས་ལའང་འགྱུར་ལྡོག་གསར་པ་བྱུང་ཡོད། དཔེར་ན། ཉེ་བའི་ལོ་ཤས་རིང་ང་ཚོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་ནང་དྲ་ཐོག་ཉོ་སྒྲུབ་དང་མྱུར་སྐྱེལ་སོགས་མགྱོགས་མྱུར་ངང་འཕར་བ་དེས་ལས་ཞུགས་དང་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། ང་ཚོས་ཕྱོགས་གཅིག་ནས་ལྟོས་བཅས་ཀྱི་བརྟན་པོ་ཡིན་པའི་ལས་ཞུགས་ལས་གནས་ཇེ་མང་དུ་གཏོང་བར་མུ་མཐུད་དུ་གཞན་སྐུལ་བྱ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྟབས་བསྟུན་གྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དགོས། ད་ལྟ་ཀྲུང་གོར་སྟབས་བསྟུན་གྱི་ལས་ཞུགས་བྱ་རྒྱུ་དར་བཞིན་ཡོད་ཅིང་། དེ་མི་གྲངས་དུང་ཕྱུར་གཉིས་ལྷག་ཙམ་དང་འབྲེལ་བ་ཡོད། མི་འགའ་ཞིག་གིས་མི་གཅིག་གིས་ལས་ཀ་འགའ་བྱེད་པ་དང་དཀའ་ངལ་ཧ་ཅང་ཆེ་བས། ང་ཚོས་དེ་རྣམས་ལ་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྤྲོད་པ་དང་། ལྷག་པར་དུ་རྐྱེན་སྲོལ་རང་བཞིན་གྱི་བྱ་ཐབས་སྤྱད་དེ་ཐོན་སྲིད་པའི་ལས་རིགས་ཀྱི་གནོད་འཚེ་གནད་དོན་ཐག་གཅོད་བྱས་ནས་ཁོ་ཚོར་གཞི་རྩའི་ཁེ་དབང་འགན་སྲུང་བྱ་དགོས། འདི་ཡང་སྟབས་བསྟུན་ལས་ཞུགས་ཚོང་ར་སྔར་བས་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད།

སྒོ་བསྟེན་འགྲོ་གྲོན་ས་ཆ་གཞན་ནས་རྩིས་ཞུ་བྱེད་པའི་སྐོར་གླེང་སྐབས།

ད་ལོར། ང་ཚོས་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་རྩིས་ཞུ་བྱས་ཆོག་པའི་རྒྱ་ཁྱོན་ཆེ་རུ་བཏང་སྟེ། ཕྱི་ལོའི་ལོ་མཇུག་གི་སྔོན་རྫོང་ཚང་མར་དམིགས་འཛུགས་སྨན་བཅོས་ཚན་པ་རེ་གཏན་འཁེལ་བྱས་ནས། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཚུད་པའི་སྨན་རིན་ཐད་ཀར་རྩིས་ཞུ་བྱས་ཆོག་པ་བཟོ་དགོས་པ་ལས་བགྲེས་སོང་དག་ལ་སེམས་ཁྲལ་བྱེད་དུ་འཇུག་མི་རུང་། དོན་དག་དེར་ད་དུང་དེ་དང་འདྲ་བའི་བྱ་བ་ཡོད་པར་བལྟས་ན། སྲིད་གཞུང་གི་ལས་བྱེད་མི་སྣས་སེམས་ཁྲལ་མང་ཙམ་བྱས་ཚེ་དེ་བཞིན་ལོ་ལོན་དང་ཁྱིམ་ཚང་གི་བློ་བདེ་ལ་འབབ་ཐུབ།

དམངས་ཚིས་ལེགས་བཅོས་བྱ་རྒྱུའི་སྐོར་གླེང་སྐབས།

ང་ཚོས་འཕེལ་རྒྱས་ཁྲོད་རྒྱུན་མཐུད་ངང་དམངས་ཚིས་ལེགས་བཅོས་བྱ་དགོས། ང་ཚོས་ད་ལྟ་ལག་བསྟར་བྱེད་བཞིན་པ་ནི་ཁྱབ་རྒྱ་ཆེ་ཞིང་གཞི་རྩའི་འགན་སྲུང་གི་སྤྱི་ཚོགས་ལམ་ལུགས་ཡིན་པས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྔར་ལྟར་ཆུ་ཚད་མཐོ་རུ་བཏང་ནས་གཙོ་གནད་འབུར་དུ་ཐོན་དགོས། མི་རེ་རེ་དང་རྒྱལ་ཁབ། དེ་བཞིན་མི་རིགས་ཡོངས་ཀྱི་འབྱུང་འགྱུར་དང་དམ་དུ་འབྲེལ་བའི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་ཀྱི་བྱ་བའི་འོས་འགན་སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་ཕྲག་ཏུ་ལེན་དགོས།

སློབ་གསོ་དྲང་སྙོམས་དང་། རྫོང་དང་ཡུལ་ཚོའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གླེང་སྐབས།

ད་ལོར་ང་ཚོས་རྫོང་དང་ཡུལ་ཚོའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱེད་པར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ཁོ་ཚོར་ལས་ཐོག་ཏུ་སྟབས་བདེའི་སྒོ་ནས་སློབ་གཉེར་བརྒྱུད་རིམ་མཐོ་རུ་གཏོང་དུ་འཇུག་རྒྱུ་དང་། ཐོབ་ཐང་དཔྱད་བསྡུར་གཏན་འབེབས་བྱེད་པར་ཕྱོགས་ཆ་ལྡན་པའི་སྲིད་ཇུས་སྤྱོད་དུ་འཇུག་དགོས་ཤིང་། གྲོང་ཁྱེར་དུ་སྡོད་པའི་ཞིང་པ་ལས་བཟོ་པའི་བྱིས་པར་གནས་སྡོད་དཔང་རྟགས་ཡོད་ཚེ། ངེས་པར་དུ་ཁོ་ཚོར་སློབ་གསོ་ཐོབ་པའི་གོ་སྐབས་སྤྲོད་དགོས། ཁྱིམ་ཚང་གི་གནས་ཚུལ་དང་ས་ཁོངས་མི་འདྲ་བའི་དབང་གིས་བྱིས་པ་རྣམས་མི་ཚེའི་འགོ་རྩོམ་ས་ནས་ཕམ་དུ་གཏན་ནས་འཇུག་མི་རུང་། གོ་སྐབས་འདྲ་མཉམ་གྱི་ཁྲོད་དུ། སློབ་གསོ་འདྲ་མཉམ་ནི་ཆེས་ཆེ་བའི་འདྲ་མཉམ་ཡིན།

ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག་མི་སྣའི་རང་བརྟེན་དབང་ཆ་གླེང་སྐབས།

ལོ་མང་པོའི་རིང་། ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སུ་རང་རྒྱལ་ལ་མཁྲེགས་གཏོར་གལ་ཆེན་འགའ་བྱུང་ཡོད། ཉེར་སྤྱོད་གསར་གཏོད་ཀྱི་ཁྱབ་ཁོངས་སུའང་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ཡོད། འོན་ཀྱང་རྨང་གཞིའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་མི་འདང་བའི་ཆ་དངོས་གནས་གནས་ཡོད། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

དཔལ་འབྱོར་འཕར་སྣོན་ཡོང་བའི་སྔོན་དཔག་གི་དམིགས་འབེན་གླེང་སྐབས།

ང་ཚོས་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བ་མཐོང་འདོད་པ་སྨོས་མེད་ཡིན། འོན་ཀྱང་ད་ལོ་ནི་བསྐྱར་གསོའི་རང་བཞིན་ལྡན་པའི་འཕར་སྣོན་བྱུང་བའི་རྨང་གཞིའི་སྟེང་མདུན་དུ་བསྐྱོད་པ་ཡིན་པས། བསྡུར་ཐབས་བྲལ་བའི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་པ་ང་ཚོས་གསལ་པོར་མཐོང་ཡོད། ང་ཚོས་བརྒྱ་ཆའི6ཡན་ཟིན་པ་དང་བརྒྱ་ཆའི6མི་ཆག་པ་བཤད་ཡོད། ད་ལྟ་ང་ཚོའི་དཔལ་འབྱོར་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི100ལ་སླེབས་པ་དང་། བརྒྱ་ཆའི6འཕར་ན་སྒོར་དུང་ཕྱུར་ཁྲི6ལ་བསླེབ་ཡོད་པས། འདི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་འགོར་བཞག་ན། བརྒྱ་ཆའི8ཡན་གྱི་འཕར་ཚད་བརྒྱུད་ན་མ་གཏོགས་འགྲུབ་མི་ཐུབ། དེས་མི་ཚད་ང་ཚོས་བརྒྱ་ཆའི6ཡན་ནི་ལས་འགོ་ཚུགས་པ་ཡིན་ཞེས་བཤད་ཀྱི་ཡོད་ཅིང་། དོན་དངོས་ཀྱི་བརྒྱུད་རིམ་ནང་དུའང་འཕར་སྣོན་དེ་བས་ཆེ་ཙམ་ཡོང་སྲིད། འོན་ཀྱང་། ང་ཚོས་འཆར་གཞི་གཏན་འཁེལ་བྱས་པ་མིན་པར། ང་ཚོས་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ། སྔོན་དཔག་དེ་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། རྒྱུན་མཐུད་རང་བཞིན་སྲུང་འཛིན་བཅས་བྱ་རྒྱུའི་རེ་བ་ཡོད། ལྷག་པར་དུ། སང་ལོ་དང་དེའི་ཕྱིར་ལོའི་དམིགས་འབེན་དང་སྦྲེལ་མཐུད་བྱས་ཏེ། འཕར་ཆག་ཆེན་པོ་འབྱུང་དུ་འཇུག་མི་རུང་ལ། དེ་འདྲ་མ་བྱས་ན་ཚོང་རའི་སྔོན་དཔག་ལ་ཟིང་ཆ་བཟོ་ངེས་རེད།

སྤྱི་ཁོག་གི་སྲིད་ཇུས་གླེང་སྐབས།

ནོར་སྲིད་དང་དངུལ་རྩའི་ཐད། སྟབས་བདེའི་སྒོ་ནས་བཤད་ན། “གཅིག་འཕྲི་གཅིག་སྣོན། བརྟན་པོའི་ཁྲོད་དུ་གཅོག་པ་ཡོད་པ”བཅས་བྱ་དགོས། “ གཅིག་འཕྲི”ཞེས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་གཏོང་སྒོ་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན་ཞིང་། སྲིད་གཞུང་རིམ་པ་ཁག་ཚང་མས་སྣེ་ཁྲིད་དེ་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་དགོས་པ་དང་། “འཕར་སྣོན་གཅིག”ནི་ཐད་གཏོང་མ་དངུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། གཞི་རིམ་དང་ཚོང་རའི་བྱེད་པོས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་འགྲོ་བའི་ཚོར་བ་སྟེར་བ་དང་། འདི་ལྟར་བྱས་ན་སྔར་ལས་མགྱོགས་ཤིང་ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་དང་མི་དམངས་ལ་ཕན་པ་འདོགས་ཐུབ། “བརྟན་པོའི་ཁྲོད་ཀྱི་མར་ཆག”ནི་བརྟན་པོ་ཡོང་བའི་དུས་མཚུངས་སུ་དངུལ་རྩའི་ཁེ་ལས་ལ་ལུགས་མཐུན་ངང་ཁེ་བཟང་སྤྲོད་རྒྱུར་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་སྔར་བས་སྟབས་བདེ་དང་། མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་བརྟན་པོའི་ངང་ཆག་པར་བྱ་རྒྱུ་དེ་རེད། ང་ཚོས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་དུས་ཐོག་ཏུ་འགོག་ཟོན་སེལ་ཐབས་བྱེད་ཀྱི་ཡོད།

ལས་རྣམ་གསར་པར་ལྟ་སྐུལ་དོ་དམ་བྱ་རྒྱུའི་སྐོར་གླེང་སྐབས།

འགྲན་རྩོད་བྱ་དགོས་ན་དྲང་གཞག་གི་འགྲན་རྩོད་ཡིན་དགོས་པས་ངེས་པར་དུ་ལྟ་སྐུལ་དོ་དམ་བྱ་དགོས། དྲང་གཞག་དོ་དམ་བྱས་ཚེ། ཁྲོམ་རའི་བྱེད་པོས་གསར་གཏོད་ཀྱི་ནུས་པ་དངོས་ནས་མངོན་ཐུབ། དེར་བརྟེན། ང་ཚོས་གཤམ་སྤྲོད་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་པ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད། བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་འདི་དག་ཚང་མ་བསྒྱུར་བཅོས་བྱས་པ་ཡིན། ང་ཚོས“དྲ་སྦྲེལ”དང་། ཟོག་འབྲེལ་དྲ་སྦྲེལ་སོགས་ལས་རྣམ་གསར་པར་རྒྱབ་སྐྱོར་བྱེད་མོད། འོན་ཀྱང་མགོ་སྐོར་བསླུ་བྲིད་དང་། རྫུན་བཟོ། ཁ་དན་ཚིག་ལ་མ་གནས་པ་བཅས་དང་། ཡང་ན་ལས་རྣམ་གསར་པ་སྤྱད་དེ་ཁ་བསླུས་རྒྱག་པ་དང་། ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཚོང་རར་ཟིང་ཆ་བསླངས་པ་དང་། དྲང་གཞག་མ་བྱུང་ན་འགྲན་རྩོད་རྒྱུན་མཐུད་བྱེད་མི་ཐུབ་པ་དང་། སྔར་ལས་ཆེ་བའི་གསོན་ཤུགས་མངོན་པར་བྱེད་མི་ཐུབ་པས་རེད།

ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་སྐོར་གླེང་སྐབས།

འདས་པའི་ལོ་འགའི་ནང་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་དངོས་འབྲེལ་དཀའ་ངལ་ཚབས་ཆེན་བྱུང་བས། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པས། མཐུན་ན་གཉིས་ཕན་དང་འཐབ་ན་གཉིས་ཕམ་ཡིན།

ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་དང་རིག་གནས། འཕེལ་རྒྱས་ཀྱི་དུས་རིམ། སྤྱི་ཚོགས་ཀྱི་ལམ་ལུགས་བཅས་ཚང་མ་མི་འདྲ་བས། ཕན་ཚུན་མཉམ་གནས་བྱེད་པར་འགལ་བ་དང་མི་མཐུན་པའི་ཆ་ཡོང་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ལ། གནད་འགག་ནི་དེ་ལ་རྣམ་འགྱུར་ག་འདྲ་འཛིན་མིན་ལ་ཐུག་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བློ་གྲོས་དང་ནུས་པ་ཡོད་པས་ཕྱོགས་གཉིས་ཀྱིས་ད་དུང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་སྒོ་ནས་སྐད་ཆ་བཤད་པ་དང་དང་འབྲེལ་གཏུག་བྱེད་དགོས། ང་ཚོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀས་ཁྱབ་ཁོངས་མང་བ་དང་རིམ་པ་མང་བའི་གཏམ་གླེང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དུས་སྐབས་ཤིག་གི་རིང་ཐུན་མོང་གི་ངོས་འཛིན་མ་བྱུང་ནའང་བསམ་འཆར་བརྗེ་རེས་དང་ཡིད་ཆེས་དང་དོགས་པ་སེལ་ཆོག་པ་རེད། དེ་འདྲ་བྱས་ཚེ་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་དང་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད།

ན་ནིང་འགལ་བ་དང་རྙོག་འཛིང་ཅི་རིགས་བྱུང་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་སྔར་བཞིན་སྒོར་དུང་ཕྱུར་ཁྲི4.1ལ་སླེབས་ཏེ་དུས་མཚུངས་ལས8.8%འཕར་ཡོད། ང་ཚོས་སེམས་ཤུགས་སྔར་ལས་མང་བ་ཐུན་མོང་གི་གནས་སུ་བཞག་ནས། ཐུན་མོང་གི་ཁེ་ཕན་རྒྱ་སྐྱེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།