གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སངས་རྒྱས་སྒྲོལ་མ་དང་མཉམ་དུ་རྫོང་མཁར་གྱི་ལྷོ་ཕྱོགས་དང་བར་ཐག་སྤྱི་ལེ9ཙམ་གྱིས་ཆོད་པའི་གླེ་གཞུག་སྡེ་གསར་དུ་སོང་བ་ན། གླེ་གཞུག་སྡེ་གསར་ནི་རྒྱལ་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་སྟེ་བདེ་སྐྱིད་སྡེ་བ་དང་སྒང་འབུར་ཆེན་པོ་ཞིག་གིས་ཆོད་པའི་བྱང་ཕྱོགས་སུ་གནས།
རྨ་ཆུ་སྔོན་མོ་ཁྱིམ་ཚང་གི་སྒོ་ཁ་ན་ལྟེམ་ལྟེམ་དུ་བཞུར་བ་དང་ཁྱིམ་ཚང་མང་པོ་གྲལ་ཕྲེང་འགྲིག་མོས་ཆགས་འདུག ཀྲོང་ངེར་འགྱིངས་པའི་ཁྱིམ་ཚང་རེ་རེའི་སྒོ་ཆེན་དང་། ཁོད་ཡངས་ཤིང་ནག་ཀྱུག་ཀྱུག་ཏུ་གནས་པའི་སྡེ་བའི་སྲང་ལམ། དེང་རབས་ཚད་ལྡན་གྱི་ལྒང་ལི་རྩེད་འཇོ་ར་བ། རྨ་ཆུ་འགྲམ་ངོགས་ཀྱི་བྱེ་ཐང་རྩེད་འཇོ་ར་བ། ཚང་ཚིང་སྟུག་པོའི་སྡོང་ར། ཡངས་པའི་རིག་གནས་ཐང་ཆེན་སོགས་གླེ་གཞུག་སྡེ་གསར་གྱི་ག་ས་གང་དུ་ཕྱིན་ནའང་ཉམས་དགའ་བ་ཞིག་རེད།
སྡེ་བའི་ནང་དུ་འགྲོ་བའི་སྐབས་སུ་སྡེ་མི་ཞིག་དང་འཕྲད། ཁོ་ཕོ་ལོ40རེད། ཁོའི་རེ་བ་ལྟར་གསར་འགོད་པ་ཁོ་ཚང་དུ་སོང་། གཞིས་ཁྱིམ་གྱི་ལྷས་རའི་ཟུར་ཞིག་ཏུ་ཁོའི་ཆུང་མས་རང་འབབ་ཆུ་སྦུག་ལས་ཆུ་ལེན་བཞིན་ཡོད་ལ། མོས་གསར་འགོད་པ་མཐོང་རྗེས་མྱུར་མོར་ཁྱིམ་དུ་བསུས་བྱུང་། ཁོ་ཚང་གི་སྡོད་ཁང་ལ་ཁང་བ་གྱན་བཞི་ཡོད་ལ། ཁོད་ཡངས་ཤིང་གསལ་ཆ་ཆེ་བ་དང་། ཁྱིམ་དུ་དེང་རབས་ཀྱི་ཁྱིམ་ཆས་སྣ་ཚོགས་བསྒྲིགས་ནས་བཀང་ཡོད། ཁྱིམ་བདག་གི་རེ་བ་ལྟར་ང་ཚོ་ཁོ་ཚང་གི་འགྲུལ་ཁང་ནང་དུ་ལོ་གསར་གྱི་སྡེར་ཁ་སྣ་ཚོགས་བསྒྲིགས་ཡོད་པའི་ཅོག་ཙེའི་མདུན་དུ་ཙོག་ནས་གླེང་མོལ་བྱས་པ་ཡིན། “ང་རང་ལ་མཚོན་ན་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ཁྱིམ་ཚང་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན། སྔོན་ཆད་གཅན་ཚ་ཐང་དུ་སྡོད་དུས་མགོ་ན་ཁང་པ་མེད་ལ། ལྷས་ན་ཕྱུགས་ཟོག་མེད་པས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། སྡེ་བའི་ཨུ་ལྷན་གཉིས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་སྟེ་རོགས་སྐྱོར་ཐོབ་པ་ཡིན། དེ་ལས་ཀྱང་སེམས་སུ་དྲན་མ་མྱོང་བ་ཞིག་ལ་ངེད་ཚང་ལའང་སྡོད་ཁང་འདི་འདྲ་བཟང་པོ་ཞིག་བགོས་པ་དང་། དེའི་ཁར་མི་རེར་ཆ་སྙོམས་ཀྱིས་ས་ཞིང་མུའུ0.4རེའང་བགོས་ཡོད། དེ་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕིང་གི་དྲིན་ཡིན་ལ། དྲིན་འདི་ནམ་ཡང་བརྗེད་མི་སྲིད། དེའི་རྐྱེན་གྱིས་ངས་ནམ་ཡང་གཅན་ཚ་ཐང་ཡུལ་ཚོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁར་ཉན་ནས་ཁོ་ཚོའི་རྗེས་འབྲང་རྒྱུ་ཞེས་རང་གིས་རང་ལ་དམ་བཅའ་བཞག་པ་ཡིན”ཞེས་རྒྱ་གར་ཐར་ལ་སེམས་འགུལ་ཐེབས་ཞོར་གསར་འགོད་པར་ཁ་ཏ་བྱས་བྱུང་།
གཅན་ཚ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སངས་རྒྱས་སྒྲོལ་མས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་ཀྱི་གླེ་གཞུག་སྡེ་བ་ནི་གཅན་ཚ་ཐང་ཡུལ་ཚོའི་ཤར་བྱང་གི་མཚམས་སུ་གནས་ལ།ཞིང་ཕྱུགས་གཉིས་ཀ་གཉེར་བའི་སྡེ་བ་ཞིག་ཡིན། གཅན་ཚ་ཐང་སྲིད་གཞུང་གི་གནས་ཡུལ་དང་བར་ཐག་ལ་སྤྱི་ལེ34ཡོད་པ་དང་།གཅན་ཚ་རྫོང་སྲིད་གཞུང་ལ་བར་ཐག་སྤྱི་ལེ54ཡོད་པའི་རི་ཁུལ་དུ་གནས་ཡོད་པས་འཐུང་ཆུ་དཀོན་པ་དང་། བགྲོད་ལམ་མི་བདེ་བ། བྱིས་པ་སློབ་གྲྭར་སྐྱེལ་དཀའ་བ། སྨན་པར་བསྟེན་དཀའ་བ་སོགས་ཀྱི་གནད་དོན་འབུར་ཐོན་ཡིན་པས། གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས“རི་མགོ་ཡི་གནད་དོན་རི་འདབས་ནས་བསལ”ཞེས་པའི་རིགས་ལམ་གཞིར་བཟུང་སྟེ། 2018ལོའི་ཟླ8པར། གཅན་ཚ་ཐང་ཡུལ་ཚོ་གླེ་གཞུག་སྡེ་བར་གནས་སྤོར་དབུལ་སྐྱོར་གྱི་ལས་གཞི་ལག་བསྟར་བྱས་ནས།བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བདུན་ཁྲི་བཞི་བཏང་སྟེ་སྡོད་ཁང99ལས་པ་དང་། ཆུ་གློག་ལམ་གསུམ་དང་།རིག་གནས་ཐང་ཆེན།ཏང་ཡོན་བྱ་འགུལ་ཁང་།རྨ་ཆུ་འགྲམ་ངོགས་ཀྱི་བྱེ་ཐང་དང་སྡོང་ར་སོགས་ཀྱི་ལས་གཞི་ལག་བསྟར་བྱས། ཟླ12པར།གཅན་ཚ་ཐང་ཡུལ་ཚོ་གླེ་གཞུག་སྡེ་བའི་ཁྱིམ་ཚང55དང་། གཡོན་རུ་དང་སྤྲེལ་ནག རྐང་མོ། ཀ་གཅིག་སོགས་ཀྱི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ དབུལ་ཕོངས་ཁྱིམ་ཚང44བཅས་བསྡོམས་པས་ཁྱིམ་ཚང99རྨ་ཆུའི་འགྲམ་ངོགས་འདིར་གནས་སྤར་བ་ཡིན་ཟེར།
གཅན་ཚ་ཐང་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཡུལ་གཙོ་ཚེ་མདོ་རྒྱལ་གྱི་འགྲོ་རོགས་འོག ང་ཚོ་ཏང་ཡོན་བྱ་འགུལ་ཁང་དུ་སོང་བ་ཡིན། ཏང་ཡོན་བྱ་འགུལ་ཁང་དེ་ནི་སྡེ་བའི་ཨུ་ཡོན་རྣམས་ཀྱི་བྱ་འགུལ་སྤེལ་ས་རེད་ལ། སྡེ་མི་རྣམས་ཀྱི་འགྲོ་ལུགས་སྣ་ཚོགས་སྒྲུབ་སའང་རེད། ཏང་ཡོན་བྱ་འགུལ་ཁང་ཉིས་ཐོག་གི་ཁང་མིག་ཆེན་པོ་ཞིག་ཏུ་ཚེམ་བཟོའི་བཟོ་གྲྭ་ཆུང་ཆུང་ཞིག་ཡོད་ལ། སྡེ་བའི་བུད་མེད་ཉི་ཤུ་ལྷག་གིས་དེང་རབས་སྔོན་ཐོན་གྱི་ཚེམ་ཆས་བཀོལ་ནས་ཚེམ་བཟོའི་ལས་ལ་བྲེལ་བཞིན་འདུག དེའི་ཁྲོད་ནས་བུད་མེད་ལོ་བཞི་བཅུ་ཡས་མས་ཤིག་ཡོད་པ་དེར་ཁ་ཏ་བྱས་པ་ན། མོའི་མིང་ལ་རིན་ཆེན་སྒྲོལ་མ་ཟེར། ཁོ་མོས་སྔོན་ཆད་ཀྱི་འཚོ་བ་ཕྱིར་དྲན་བྱས་ནས་བཤད་རྒྱུར། “སྔོན་ཆད་ཀྱི་གླེ་གཞུག་སྡེ་བ་རི་མགོ་རུ་ཡོད་པས་ཕྱི་ཡུལ་དུ་འགྲོ་དཀའ་ལ།དེ་ལས་ཀྱང་དཀོན་པ་ནི་ཆུ་ཡིན། ཞོགས་པའི་ཆུ་ཚོད4ཙམ་ནས་མལ་ལས་ལངས་ཏེ་རི་འདབས་སུ་ཁལ་རྟར་ཟོ་བ་བཀལ་ནས་ཆུ་ལེན་དུ་འགྲོ་བར་དུས་ཚོད2ལྷག་གི་ལམ་ཐག་ཡོད་པས་ནངས་ཇའང་བསྐོལ་མི་ཐུབ། སྐབས་དེར་སྡེ་བའི་ནང་དུ‘འོ་མ་སློང་ཆོག་པ་དང་ཆུ་བསྐྱི་དགོས་པ’ཡི་སྲོལ་ཆགས་ཡོད། དེ་ནི་འོ་མ་མཁོ་དུས་ཁྱིམ་མཚེས་གཡས་གཡོན་དུ་བསླངས་ན་སྐྱིན་པ་སྟེར་མི་དགོས་ལ། ཆུ་མེད་དུས་གཞན་ལ་བསྐྱིས་ནས་སྐྱིན་པ་ངེས་པར་སྟེར་དགོས་པ་དེ་ཡིན། ད་ལྟ་ངེད་ཚང་གི་ལྷས་རའི་ནང་དུ་རང་འབབ་ཆུ་སྦུག་དེ་མཐོང་ཐེངས་རེར་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་སྐྱེ་སྲིད”ཟེར།
“ཡུལ་འདིར་གནས་སྤར་རྗེས། སྒོ་རུ་གླ་རྒྱག་ཏུ་འགྲོ་བ་དང་སྨན་ཁང་དུ་སྟོན་པ། བྱིས་པ་སློབ་གྲྭར་སྐྱེལ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་ཆད་ལས་ལྡབ་ལྷག་གིས་སྟབས་བདེ་ཡིན་པར་མ་ཟད། ལྷག་པར་དུ་སྔོན་ཆད་ལྟར་ནམ་ཡང་འཐུང་ཆུ་ལེན་པའི་ལས་ལ་བྲེལ་མི་དགོས་པས། ཁྱིམ་གྱི་ལོ་ལོན་ལ་གཉོར་སྐྱོང་དང་ཁྱིམ་ལ་བདག་སྐྱོང་བྱེད་ཞོར་དུ་རང་ཚང་གི་སྒོ་ཁ་ན་ཡོད་པའི་སྡེ་བའི་ཚེམ་བཟོ་ཁང་དུ་ཚེམ་བཟོ་བྱས་ན་ཡོང་སྒོའང་བཙལ་ཐུབ”ཅེས་རིན་ཆེན་སྒྲོལ་མའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་བཤད།
ཏང་ཡོན་བྱ་འགུལ་ཁང་གི་སྒོ་ཁར་འབུད་པའི་སྐབས་སུ། ཡུལ་གཙོ་ཚེ་མདོ་རྒྱལ་གྱིས་ཏང་ཡོན་བྱ་འགུལ་ཁང་གི་བྱང་ཕྱོགས་སུ་ལས་བཞིན་པའི་ཐོག་ཁང་གཉིས་དང་རྨ་ཆུ་ཁ་ཡི་ཉ་འཛིན་སྟེགས་བུ་བསྟན་ནས། འདི་དག་ནི་གླེ་གཞུག་སྡེ་བ་ཐུན་མོང་ལ་དབང་བའི་ཡུལ་སྐོར་པ་སྣེ་ལེན་བྱེད་པའི་སྒྲིག་བཀོད་ཡིན། ད་ལོར་ལས་གཞི་འདི་དག་ཡོངས་འགྲུབ་བྱས་རྗེས་སྡེ་མི་མང་པོ་ཞིག་གིས་ཡུལ་སྐོར་གྱི་ལས་ཀ་གཉེར་ནས་ཡོང་སྒོ་བཙལ་ཆོག་ཟེར།
ཐེངས་འདིའི་བཅར་འདྲི་མཇུག་རྫོགས་ཏེ། ཕྱིར་ལམ་ལ་ཆས་སྐབས་གསར་འགོད་པའི་མིག་ཟུང་རང་དབང་མེད་པར་གླེ་གཞུག་སྡེ་གསར་གྱི་མདུན་ན་མཚོ་ལྟར་འཁྱིལ་བའི་རྨ་ཆུ་དྭངས་མོ་དེར་ཡང་ཡང་ཕྱོགས། དེ་ནི་གཞན་གྱིས་འཐུས་ཚབ་བྱེད་མི་ཐུབ་པའི་ཡུལ་སྐོར་གྱི་ཐོན་ཁུངས་ཡིན་ལ། ཐོན་ཁུངས་དེར་བློ་གྲོས་ཀྱི་རྩལ་བཏོན་ནས་བརྩོན་པས་ལྷུར་བླངས་ན། གླེ་གཞུག་སྡེ་བའི་འབྱོར་འབྲིང་གི་ལམ་ཁ་སྔར་ལས་ཇེ་བརྟན་ཇེ་ཡངས་སུ་འགྲོ་ཁོ་ཐག་ཡིན་ངེས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།