ཕྱུགས་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
2021.03.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 38

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལུང་བཟང་ཡུལ་ཚོ་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི3300ཡོད་ཅིང་། རི་མ་ལུང་གི་ས་བབ་ཆགས་སྟངས་དང་སྤང་རྩྭའི་རྩྭ་རིགས་སྐྱེ་སྟངས་སོགས་རང་བྱུང་ཆ་རྐྱེན་གྱི་ཕྱོགས་ནས་ཕྱུགས་འཚོ་སྐྱོང་གི་ཐོན་སྐྱེད་འཚོ་བར་ཤིན་ཏུ་འཚམ་པ་དང་། གནས་འདིའི་མི་དམངས་ཀྱིས་གནའ་ནས་བཟུང་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ཅིང་།ཕྱུགས་ལས་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་རྒྱུན་འཛིན་བྱས་ཡོད་པས། ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་དབུལ་ཐར་བྱེད་པ་དང་ཞིང་སྡེ་དར་སྤེལ་གཏོང་བ་ནི་མིག་དཔེར་འོས་པའི་ཐབས་ལམ་ཞིག་རེད། རྔ་རྡུང་སྡེ་བའི་ཧྲུའུ་ཅི་བསམ་འགྲུབ་རྒྱལ་གྱིས་ཕྱུག་འགྱུར་གྱི་ཐབས་ལམ་གང་མང་ཞིག་ལ་ཚོད་ལྟ་བྱས་མཐར།ཕྱུགས་རིགས་འཚོ་སྐྱོང་གི་ཐབས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་རྙེད།

“ང་ནི་དྲན་རྒྱུ་ལས་རྒྱུ་མང་པོ་ཅན་ཞིག་ཡིན། སྔོན་ཆད་ངས་ཚོང་ལས་ཕྱོགས་ཀྱི་ལས་ཀ་མང་པོར་ཚོད་ལྟ་བྱས་མྱོང་། འོན་ཀྱང་དེ་དག་ཚང་མ་ལེགས་འགྲུབ་མ་བྱུང་། དེ་ནས་ངས་ང་ཚོའི་ས་ཆ་འདིར་ལུག་རྒྱུད་ཧ་ཅང་བཟང་པོ་ཡོད་པའི་དགེ་མཚན་ལ་བརྟེན་ནས་དབུལ་ཐར་བྱེད་པར་བསམ་བློ་བཏང་བ་ཡིན”ཞེས་བསམ་འགྲུབ་རྒྱལ་གྱིས་ཕྱུག་འགྱུར་གྱི་ཐབས་ལམ་ལ་འཚོལ་ཞིབ་དང་བསམ་བློ་བཏང་མཐར་འབྲོག་ལུག་གསོ་སྤེལ་གྱི་ལམ་བུར་བསྙེག་རྒྱུ་ཐག་བཅད་ལ། 2016ལོར་ཁོས་སྡེ་བའི་ཁྱིམ་ཚང་བདུན་དང་མཉམ་འབྲེལ་བགྱིས་ཏེ་གཡང་དཀར་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས། “སྐབས་དེར་ཁྱིམ་ཚང་སོ་སོས་ལུག་དང་རྩྭ་ས་མ་རྩར་བཞག་སྟེ་མཉམ་ལས་ཁང་དུ་ཞུགས་པ་དང་། ལོ་དང་པོར་ཁྱོན་བསྡོམས་སྒོར་མོ་འབུམ་བཞི་ཁྲི་ལྔ་ཡི་མ་རྩ་བཏང་།” མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་དག་ལ་མ་དངུལ་མང་པོ་མེད་ཀྱང་རྩྭ་ས་དང་ཕྱུགས་ཟོག་མ་རྩར་བཞག་ཆོག་ལ། དེ་དག་ཐད་ཀར་མཉམ་ལས་ཁང་གི་ཐོན་སྐྱེད་རྒྱུ་ཆར་བཀོལ་ཆོག་པའི་དགེ་མཚན་ཡོད། དེ་བས་མཉམ་ལས་ཁང་གསར་འཛུགས་བྱེད་པར་མ་དངུལ་གྱི་ཕྱོགས་ནས་དཀའ་ཁག་ཆེན་པོར་འཕྲད་མེད་ཅིང་། རགས་རྩིས་བྱས་ན་ད་ལྟའི་བར་གྱི་ལོ་ངོ་ལྔའི་རིང་ལ་སྒོར་མོར་བཀུགས་ན་ཁྱོན་བསྡོམས་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཅིག་ལྷག་གི་མ་རྩ་བསྡུ་རུབ་བྱེད་ཐུབ་ཡོད། གཞན་ཡང་ས་གནས་དེ་གའི་ཕྱུགས་ལས་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་བྱེད་བཞིན་ཡོད་དེ། “ལོ་ངོ་གསུམ་རིང་རྫོང་ཕྱུགས་ལས་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་པས་མ་དངུལ་སྒོར་མོ་འབུམ་གསུམ་ལྷག་གི་རོགས་སྐྱོར་བྱས་པར་མ་ཟད། ད་དུང་ལོ་རེར་གཟན་ཆས་སོགས་ཐོན་སྐྱེད་རྒྱུ་ཆའི་རོགས་སྐྱོར་ཡང་གནང་བཞིན་ཡོད”ཅེས་བསམ་འགྲུབ་རྒྱལ་གྱིས་ངོ་སྤྲོད་བྱས།

“སྔོན་ཆད་ང་ཚོའི་སྡེ་བ་ནི་ལུང་བཟང་ཡུལ་ཚོའི་ཆེས་དབུལ་བའི་སྡེ་བ་ཞིག་ཡིན། རྗེས་སུ་དབུལ་སྐྱོར་སྲིད་ཇུས་མང་པོ་ཐོན་པ་དང་། ང་ཚོའི་མཉམ་ལས་ཁང་གིས་ནུས་ཚོད་ཀྱིས་དབུལ་སྐྱོར་ཕྱུག་འགྱུར་ལ་རྒྱབ་སྐྱོར་བྱས་པ་ཡིན”ཞེས་བསམ་འགྲུབ་རྒྱལ་གྱིས་མཉམ་ལས་ཁང་དེའི་དབུལ་སྐྱོར་ཕྱུག་འགྱུར་ཕྱོགས་ནས་བསྒྲུབས་པའི་བྱ་བ་དག་གླེང་བྱུང་ལ། གཡང་དཀར་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་ད་ལྟ་གསོ་སྤེལ་བྱེད་བཞིན་པའི་འབྲོག་ལུག1400ལྷག་ཡོད་པ་དང་། མཉམ་ལས་ཁང་གིས་ལོ་རེ་བཞིན་འབྲོག་ལུག་ཕྱིར་འཚོང་བྱས་ནས་ཐོབ་ཆ་བགོ་བཤའ་རྒྱག་གིན་ཡོད། 2020ལོར་ཁྱོན་བསྡོམས་ཐོབ་ཆ་སྒོར་མོ་འབུམ་དྲུག་ཙམ་དང་། མཉམ་ལས་ཁང་དུ་ཞུགས་པའི་མི་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2རེ་ཐོབ། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་བརྒྱད་ཀྱི་ཁྲོད་དུ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གཉིས་ཡོད་ལ།ལོ་རེ་བཞིན་ཁྱིམ་ཚང་གཉིས་ཀྱིས་མ་རྩ་བཏང་བའི་བསྡུར་ཚད་ལྟར་ཐོབ་ཆ་བགོ་བཞིན་ཡོད། ད་དུང་སྡེ་བའི་ནང་གི་དབུལ་ཕོངས་མི་སྣ་ལས་མིར་བསྡུས་ནས་ཕྱུགས་ཟོག་འཚོ་སྐྱོང་གི་གླ་ཆ་སྤྲོད་བཞིན་ཡོད་ལ། ད་ལྟ་དབུལ་ཕོངས་མི་སྣ3ལུག་རྫིར་བསྐོས་ཡོད་པ་དང་མི་རེར་ཟླ་རེར་ཟླ་ཕོགས་སྒོར3000སྟེར་གྱིན་ཡོད།

“ན་ནིང་ལོ་གཅིག་གི་ནང་དུ་ལུ་གུ600ལྷག་རྩེབ་པ་དང་། ད་ལོར་ལུག་གི་ཤ་ཤེད་ཇེ་བཟང་དུ་སོང་ཡོད་པས་ལོ་གཅིག་ལ་ལུ་གུ་ཐེངས་གཉིས་རྩེབ་ཏུ་འཇུག་པའི་འཆར་གཞི་ཡོད། དེ་ལྟར་བྱས་ན་ལུག་གི་འཕེལ་ཚད་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་འགྲོ་སྲིད”ཅེས་བསམ་འགྲུབ་རྒྱལ་ནི་མིག་མདུན་གྱི་ཐོན་སྐྱེད་ནུས་ཕྱོད་ལ་ཡིད་ཚིམ་ནས་སྡོད་མཁན་ཞིག་གཏན་ནས་མ་ཡིན་ཏེ། ཁོས་ད་དུང་ལུག་རྒྱུད་ཇེ་ལེགས་སུ་གཏོང་ཆེད་མགོ་ལོག་དང་མཚོ་ནུབ་ཏུ་སོང་ནས་ལུག་རྒྱུད་ལེགས་པའི་ཁྲོམ་ཉོས་ཡོང་ནས་མཉམ་ལས་ཁང་གི་ལུག་རྒྱུད་ལེགས་སྒྱུར་བྱས་པ་དང་། གྲངས་ཚད་ཇེ་མཐོར་གཏོང་བ་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡང་གཙིགས་ཆེན་བྱེད་བཞིན་ཡོད། “ད་ལོར་ནོར་གནག་གསོ་སྤེལ་གྱི་མཉམ་ལས་ཁང་ཞིག་གསར་འཛུགས་བྱེད་པའི་འཆར་གཞི་བཟོ་བཞིན་ཡོད་ལ། ད་ལྟ་མང་ཚོགས་ལ་མཉམ་ལས་ཁང་དུ་ཞུགས་པའི་འདོད་བློ་དྲག་པོ་ལྡན་པར་མ་ཟད། རང་ས་གནས་ལ་ནོར་གནག་གསོ་སྤེལ་གྱི་ཁོར་ཡུག་ཆ་རྐྱེན་དང་ལས་གཉེར་མི་སྣའི་ཆ་རྐྱེན་འཛོམས་པས། ནོར་གནག་གསོ་སྤེལ་གྱི་མཉམ་ལས་ཁང་ལ་ཡང་མདུན་ལྗོངས་ཡག་པོ་ལྡན་ངེས་རེད”ཅེས་བསམ་འགྲུབ་རྒྱལ་ལ་ཡིད་ཆེས་ཀྱིས་ཁེངས་འདུག

ཕྱུགས་ལས་གཉེར་བ་དེ་ཡང་ལག་རྩལ་རིགས་ཤིག་ཡིན་ཏེ། འབྲོག་པ་མང་ཚོགས་ཀྱིས་རང་གི་ཕྱུགས་ཟོག་འཚོ་སྐྱོང་གི་ཉམས་མྱོང་དང་རང་ས་གནས་ཀྱི་རང་བྱུང་ཆ་རྐྱེན་གྱི་དགེ་མཚན་ལ་བརྟེན་ནས། དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ཕྱུགས་ཟོག་འཚོ་སྐྱོང་གི་ཐབས་ལམ་གསར་གཏོད་བྱས་ན། རང་རྐྱ་འཕེར་བའི་སྒོ་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་མ་ཟད། ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་ལ། རང་རྒྱལ་གྱི་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱ་ཐུབ། །

                                                                                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།